Tibetan Royal Year of 2151 | Year of the Wood Dragon

བོད།

བླ་རུང་སྒར་ནས་ཕྱིར་ཕུད་བཏང་པ་ཁག་ཅིག་རང་སར་འབྱོར་སྐབས་སུའང་བཀག་ཉར་བྱེད་བཞིན་པ།

འདི་ལོའི་ཟླ་ ༧ ཚེས་ ༢༠ ནས་འགོ་འཛུགས་ཀྱིས་བོད་གསེར་རྟ་རྫོང་བླ་རུང་སྒར་ནང་བསྟན་སློབ་གླིང་གི་གྲྭ་ཤག་མང་དག་ཅིག་གཏོར་བཤིག་དང་། བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་བོད་ཀྱི་ས་ཁུལ་གཞན་ནས་ཕེབས་པའི་གྲྭ་བཙུན་དུ་མ་ཕྱིར་ཕུད་བཏང་བ་དང་གཏོང་མུས་ཁྲོད་ཁ་སང་རྫ་སྟོད་ཀྱི་གྲྭ་བཙུན་མང་པོ་སྐྱོ་གདུང་གི་ངོ་འབོད་འོག་རང་ཡུལ་དུ་ཕེབས་བཞིན་འདུག་པ་མ་ཟད། དེ་སྔ་ཕྱིར་ཕུད་བཏང་བའི་གྲྭ་བཙུན་ཁག་ཅིག་རང་སོ་སོའི་ཕ་ཡུལ་དུ་འབྱོར་སྐབས་སུའང་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཉེ་ལམ་རྒྱ་ནག་ནང་གི་སྤྱི་ཚོགས་གླེང་སྟེགས་དྲ་བ་དང། བོད་ནང་གི་གསར་འགྱུར་ཡོང་ཁུངས་ཁག་ལ་གཞིགས་ན། འདས་པའི་ཟླ་ཤས་ནང་བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་ཆབ་མདོ་དང་དམར་ཁམས། བྲག་ཡབ། སྡེ་དགེ ཁྱུང་པོ་བཅས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་གྲྭ་བཙུན་དང། དེ་བཞིན་ཡུལ་ཤུལ། དཀར་མཛེས། མགོ་ལོག རྔ་བ། མཛམ་ཐང། རྨ་སྟོད། རྨ་ཆེན། དགའ་བདེ། རྫ་སྟོད་སོགས་ནས་ཕེབས་པའི་གྲྭ་བཙུན་ཕལ་མོ་ཆེ་བ་ཆོས་སྒར་ནས་རིམ་བཞིན་ཕྱིར་འཕུད་བཏང་ཟིན་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་མི་གཅིག་གིས་ས་གནས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་པར་ཉེ་སྔོན་ཟླ་བ་གཅིག་དང་ཉིན་གྲངས་ ༢༠ ཙམ་གྱི་སྔོན་ལ་བླ་རུང་སྒར་ནས་ཕྱིར་ཕུད་བཏང་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རེ་བོ་ཆེའི་གྲྭ་བཙུན་ ༣༠༠ ཙམ་དང་། རྫ་སེར་ ཤུལ་ཁུལ་གྱི་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་དུ་འབྱོར་མ་ཐག་ས་གནས་ཉེན་རྟོག་པས་བཙན་དབང་གིས་བཀག་ཉར་བྱེད་ཡོད་པ་རེད་འདུག དེ་བཞིན་བླ་རུང་སྒར་ནས་ཕྱིར་ཕུད་འགྲོ་ཡི་མིན་ཟེར་མཁན་གྲྭ་བཙུན་ཁག་ཅིག་ཀྱང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། དཀར་མཛེས་ཁུལ་དུ་ཕྱིར་ཕུད་བཏང་པའི་གྲྭ་བཙུན་ ༨༠༠ ཡས་མས་ཞིག་ས་གནས་དེར་རྒྱ་གཞུང་གིས་གསར་རྒྱག་བྱེད་བཞིན་པའི་སློབ་གྲྭ་ཞིག་གི་ནང་དུ་བཞག་རྒྱུའི་འཆར་གཞི་ཡོད་པ་རེད་འདུག དེ་བཞིན་ Weibo དང་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་འདྲ་པར་ཐོན་པ་ལས་ཤེས་རྟོགས་བྱུང་བར་གཤིགས་ཚེ་བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་འདུག དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་བསྟན་འདོད་མི་བྱེད་པའི་དམ་བཅའ་འཇོག་གོ་ཞེས་འཁོད་འདུག རྩ་བའི་རྒྱ་གཞུང་གིས་དེ་སྔ་ ༢༠༠༡ ལོར་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་དོན་ཐེངས་གཅིག་སྤེལ་མྱོང་ཡོད་པ་ལྟར། སྐབས་དེར་གྲྭ་བཙུན་ཁག་ཅིག་ནས་རང་དགོན་གཏོར་བཤིག་གཏོང་བཞིན་པར་མ་བཟོད་ནས་རང་སྲོག་བཅད་པའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད་པ་རེད།

རྫ་སྟོད་དུ་ས་འགུལ་གྱི་གོད་ཆག་ཁྲོད་མི་གཅིག་རྐྱེན་ལམ་དུ་གྱུར་བ་དང་སྡོད་ཁང་དུ་མ་གས་སྲུབས་ཤོར་འདུག

དེའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁ་ཉིན་ཟླ་ ༡༠ ཚེས་ ༡༧ ཉིན་བོད་ནང་ཕྱི་དྲོ་ཚོུད་ ༣།༡༥ ཐོག་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་ཤུགས་ཚད་རིམ་པ་ ༦.༤ ཅན་བྱུང་པའི་གནས་ཚུལ་ཐོན་པ་ཙམ་ལས། སྐབས་དེར་ས་གནས་ཀྱི་མང་ཚོགས་ཁྲོད་མི་ཤི་དོན་རྐྱེན་དང་། སྡོད་ཁང་ཁག་ལ་གས་སྲུབས་སོགས་གཏོར་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། འོན་ཀྱང་ཁ་སང་ཀྲུང་གུའི་བོད་སྐད་རླུང་འཕྲིན་དྲ་བའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་ལན་བོད་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་འགུལ་གྱི་འཇིག་པའི་དོན་རྐྱེན་ཁྲོད་མི་གཅིག་གི་ཚེ་སྲོག་ཤོར་བ་མ་ཟད། ས་ཡོམ་བྱུང་སའི་ལྟེ་བའི་ས་ཁུལ་ཨག་སྟོད་ཡུལ་ཚོའི་ཁང་པ་མང་པོར་གས་སྲུབས་ཤོར་ཞིང་། ཁང་པ་མང་པོ་ཉེན་ཁ་ཅན་དུ་གྱུར་ཡོད་པའི་གནས་ཚུལ་སྤེལ་འདུག  ད་རེས་ཀྱི་ས་ཡོམ་བྱུང་ས་རྫ་སྟོད་རྫོང་འདི་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་ ༥༠༦ བར་ཆགས་ཡོད་ཅིང་། ད་ལྟའི་རྒྱ་གཞུང་གི་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་སུ་བཅུག་ཡོད་པ་རེད། རྩ་བའི་བོད་ཡུལ་ཤུལ་ཁུལ་དུ་དེ་སྔོན་ས་ཡོམ་ཐེངས་མང་བྱུང་མྱོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཚད་རིམ་པ་ ༦.༩ ཅན་ཞིག་བྱུང་བ་དེའི་ཁྲོད་མི་སྟོང་ཁྲག་དུ་མའི་ཚེ་སྲོག་ཤོར་ཡོད་པ་རེད།    

གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་གཉིས་བཙོན་གྲོལ་ཐོབ་འདུག

རྒྱ་གཞུང་གིས་བོད་མདོ་སྨད་རྔ་པ་ནས་ཡིན་པའི་གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་པ་གཉིས་ལོ་བཞིའི་རིང་གི་བཙོན་འཇུག་དུས་ཡུན་ཚང་རྗེས་བཙོན་གྲོལ་བཏང་འདུག རྩ་བའི་གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཡས་མས་ཙམ་ནས་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ། དེ་བཞིན་བོད་ཀྱི་རང་དབང་སླད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་ཚོར་བསྟོད་གླུ་ཕུལ་བའི་ཆེད་སྒྲིག་གི་འོད་སྡེར་འགྲེམས་སྤེལ་གནང་པར་བརྟེན།  རྒྱ་གཞུང་གིས་ཁོང་གཉིས་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་གིས་ཟླ་བ་དྲུག་ལྷག་རིང་རྔ་བ་རྫོང་དུ་བཀག་བསྐྱིལ་བྱས་རྗེས། ལོ་བཞིའི་རིང་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གཞས་པ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་རྣམ་གཉིས་ཁ་ནུབ་ཙམ་ལ་བཙོན་གྲོལ་ཐོབ་སྟེ་རང་གི་ཕ་ཡུལ་དུ་འབྱོར་ཡོད་པ་ཙམ་ལས་གཟུགས་གཞིའི་གནས་སྟངས་ཇི་ཡོད་སྐོར་སོགས་ཞིབ་ཕྲའི་ཁ་གསལ་མིན་འདུག གཞི་རྩའི་གཞས་པ་ཁོང་རྣམ་གཉིས་བོད་མདོ་སྨད་རྔ་བ་རྨེའུ་རུ་མའི་རུ་ཆེན་དང་པོའི་ཡུལ་མི་ཡིན་པ་དང་། གླུ་བ་པདྨ་འཕྲིན་ལས་ལགས་རང་ལོ་ ༢༢ ཡིན་ཞིང་ཕ་མིང་ལ་འཛམ་ལྷ་དང་མ་མིང་ལ་ཚེ་རིས་མ་ཡིན་འདུག དེ་བཞིན་གླུ་བ་ཕྱག་རྡོར་ལགས་ནི་རང་ལོ་ ༣༢ ཡིན་ཞིང་ཕ་མིང་ལ་མཆོག་ལྡན་མདོ་བ་ཡིན་པ་དང་རྒྱལ་གཅེས་པ་གཅོད་པ་ལགས་ཀྱི་སྤུན་མཆེད་རེད་འདུག

རྒྱ་གཞུང་ནས་ཉེ་ཆར་གློད་གྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་གཉིས་སླར་འཛིན་བཟུང་བྱས་པ།

རྒྱ་ནག་གཞུང་གིས་ཉེ་ཆར་ཟླ་ ༨ ཚེས་ ༡༣ དང་ཟླ་ ༩ ཚེས་ ༡༦ ཉིན་སོ་སོར་བཙོན་གྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་བསམ་གྲུབ་ལགས་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་གཉིས་སླར་འཛིན་བཟུང་བྱས་འདུག དེ་རིང་ཟླ་ ༩ ཚེས་ ༢༤ བོད་ནང་གི་གནས་ཚུལ་འབྱོར་བར་གཞིགས་ན། ཉེ་ཆར་ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ལྔ་དང་ཕྱེད་ཀའི་བཙོན་འཇུག་མྱངས་པའི་བོད་མི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཙོན་གྲོལ་བཏང་ཡོད་ཀྱང། ཕྱི་ཉིན་ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་སླར་འཛིན་བཟུང་བྱས་འདུག དེ་བཞིན་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་མི་བསམ་གྲུབ་ལགས་ཉེ་སྔོན་ཟླ་ ༨ ཚེས་ ༡༣ ཉིན་བཙོན་གྲོལ་བཏང་ནས་ཟླ་བ་གཅིག་ཙམ་ལས་ཕྱིན་མེད་ཀྱང་། ཁོང་ཡང་ཚེས་ ༡༨ ཉིན་གུང་ཚོུད་ ༢།༠༠ སྟེང་སླར་འཛིན་བཟུང་བྱས་ཡོད་འདུག ད་ལྟའི་ཆར་ཁོང་གཉིས་སླར་འཛིན་བཟུང་བྱེད་དོན་གང་ཡིན་གསལ་ཁ་ཐོབ་མེད་པ་དང་ཁོང་གཉིས་ཉེ་སྔོན་གློད་གྲོལ་བཏང་སྐབས་ས་གནས་སོ་སོའི་བོད་མི་མང་ཚོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག སུད་སེར་བཅའ་བཞུགས་བ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་དོན། བོད་མི་ཆབ་སྲིད་བཙོན་པ་གཉིས་པོ་རྒྱ་གཞུང་གིས་དབྱེ་བའི་བོད་དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ནས་ཡིན་པ་དང། སྒྲུབ་པ་སྐྱབས་ལགས་གློད་གྲོལ་བཏང་བའི་རྗེས་སུ་ཁོང་ལ་ས་གནས་བོད་མི་རྣམས་ནས་དགའ་བསུ་ཞུས་པའི་འདྲ་པར་ཁག་ཅིང་ཕྱིར་འགྱར་བྱུང་བའི་ནང་ཟླ་བ་སྔོན་མའི་ནང་བཙོན་གྲོལ་ཐོབ་པའི་བོད་མི་བསམ་གྲུབ་ལགས་ཀྱང་ཕྱག་ལ་མཇལ་དར་བསྣམ་ནས་དགའ་བསུ་ཞུ་བའི་ཁོངས་སུ་ཡོད་པ་མངོན་གསལ་བྱུང་འདུག་ཅེས་གསུངས་སོང་། རྩ་བའི་གངས་སྐྱེས་སྒྲུབ་པ་སྐྱབས་སམ་སྨྱུག་མིང་ལ་གངས་མེ་སྟག་ལགས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ པའི་ནང་འཛིན་བཟུང་བྱས་འདུག་པ་དང་། དེ་བཞིན་བསམ་གྲུབ་ལགས་ཀྱང་ལོ་དེའི་ཟླ་ ༦ པའི་ནང་འཛིན་བྱས་ཡོད་པ་དང། དེ་རྗེས་ ༢༠༡༣ ལོར་ཁོང་གཉིས་ཀར་དམར་ཆུང་ངོ་རྒོལ་ཚོགས་པའི་ཚོགས་མི་ཡིན་པ་དང། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་པའི་ཁྲོད་སྒྲུབ་པ་སྐྱབས་ལགས་ལ་ལོ་ལྔ་དང་ཕྱེད་ཀ་དང། བསམ་གྲུབ་ལགས་ལ་ལོ་ལྔའི་རིང་བཙོན་འཇུག་གི་ཁྲིམས་ཆད་ཕོག་འདུག སྐབས་དེར་བོད་མི་གསུམ་ལ་ཡང་ཉེས་མིང་དེའི་འོག་ལོ་ ༢ ནས་ ༣ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གངས་སྐྱེད་སྒྲུབ་པ་སྐྱབས་ལགས་ནས་དེ་སྔོན་ཕྱི་ལོ་ ༢༠༠༨ ལོ་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་ས་བྱི་ཁྲག་བྲིས་དམར་པོ་དང་། དེ་རིང་གི་མིག་ཆུ་ཞེས་པའི་ཕྱག་དེབ་སོགས་ལྗགས་རྩོམ་གནང་མྱོང་ཡོད་པ་རེད་འདུག

བོད་ནང་གི་ཆུ་མཛོད་རྐྱེན་པས་ཨེ་ཤེ་ཡའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གསུངས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྔ་ལོ་ནས་རྒྱ་གཞུང་གིས་བོད་ནང་ཆུ་རགས་མང་དག་ཞིག་གསར་རྒྱག་བྱས་པ་དེས་མ་འོངས་པར་བོད་ཀྱི་ཆུ་རྒྱུན་ལ་བརྟེན་ནས་འཚོ་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོར་ཉེན་ཁ་ཡོད་པའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ལྟར། ཁ་སང་ཚེས་ ༢༣ ཉིན་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་གི་ཞིག་གི་སྒྲིག་ཞུས་ཡོད་པ་དང་། ཨེ་ཤེ་ཡའི་བདེ་འཇགས་ལ་ཆུའི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གཙོས་པའེ་ཐའི་ལན་ཌི། བྷང་ལ་དེ་ཤ་བཅས་ཀྱི་མཁས་པ་དང་ཉམས་ཞིབ་པ་སོ་སོའི་དགོངས་ཚུལ་གང་ཡོད་གསུངས་འདུག རྩ་བའི་ད་ལན་གྱི་ལས་འགུལ་དེའི་བརྒྱུད་བོད་ཀྱི་རྒྱུག་ཆུ་དང་ཐད་ཀར་འབྲེལ་ཡོད་ལྷོ་ཤར་ཨེ་ཤེ་ཡའི་མི་དམངས་ཚོར་གཞི་རིམ་གྱི་གོ་རྟོགས་མི་དམན་པ་ཞིག་སྤེལ་རྒྱུ་དང་། དེ་བཞིན་མ་འོངས་པར་ཚོགས་ཆུང་ཞིག་གསར་འཛུགས་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་རེད་འདུག

གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་གཞུང་གིས་གསེར་རྟ་རྫོང་ནས་ཡིན་པའི་བོད་རིགས་དགེ་རྒན་གངས་སྐྱེས་སྒྲུབ་པ་ལགས་མི་ལོ་༥དང་ཕྱེད་ཀའི་རིང་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་བཏང་འདུག གངས་སྐྱེས་སྒྲུབ་པ་ལགས་སམ་སྨྱུག་མིང་ལ་གངས་མེ་སྟག་ལགས་ནི་ས་བྱི་ཁྲག་བྲིས་དམར་པོ་དང་དེ་རིང་གི་མིག་ཆུ་ཞེས་པ་སོགས་ཀྱི་དཔེ་དེབ་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་དེ་སྔ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་གྱི་མཚན་མོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ༢༠༡༣ ལོར་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་དམར་ཆུང་ངོ་རྒོལ་ཚོགས་པའི་ཚོགས་མི་ཡིན་པ་དང་། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ལྔ་དང་ཕྱེད་ཀའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད་འདུག  སྐབས་དེར་ཁོང་དང་ལྷན་དུ་བོད་རིགས་བསམ་གྲུབ་ལགས་ལ་ལོ་ ༥ དང་གཡུ་སྦྲང་ལགས་ལ་ལོ་ ༢ དེ་བཞིན་གསལ་ལགས་ལགས་ལ་ལོ་༣ དང་ཤེལ་རྒྱལ་ལགས་ལ་ལོ་ ༢ བཅས་ཁོང་རྣམས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཁ་སང་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་རྒྱ་གཞུང་གིས་གསེར་རྟ་རྫོང་ནས་ཡིན་པའི་བོད་རིགས་དགེ་རྒན་གངས་སྐྱེས་སྒྲུབ་པ་ལགས་ལོ་༥དང་ཕྱེད་ཀའི་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་བཏང་འདུག་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་དགའ་ཉེ་སྤུན་མཆེད་ཚོས་དགའ་བསུ་ཞེས་པའི་འཕྲད་དར་དང་མཇལ་དར་སོགས་བསྣམས་ཏེ་ཁོང་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད་འདུག རྩ་བའི་གངས་སྐྱེས་སྒྲུབ་པ་ལགས་ཁ་སང་རྒྱ་ནག་གི་བཙོན་ཁང་ནས་གྲོད་གྲོལ་བཏང་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།  

ལྷ་མོ་ཀིརྟི་དགོན་དུ་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་ཚོགས་པ།

བོད་མདོ་སྨད་རྔ་པ་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲིས་འཁྱིལ་དུ་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་བསྐོང་ཚོགས་གནང་འདུག ཟླ་འདིའི་ཚེས་ ༡༢ ཉིན་རྔ་པ་ཀིརྟི་དགོན་དང་ཧོར་ཚང་དགོན། རྒྱལ་རོང་ཚོ་བདུན་ཀིརྟི་དགོན། དེ་བཞིན་སྟག་ཚང་ལྷོ་མོ་ཀིརྟི་དགོན་བཅས་ཀིརྟི་དགོན་ཁག་བཞིས་གོ་སྒྲིག་འོག་དབུ་འབྱེད་ཀྱི་མཛད་སྒོ་ཐོག་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་གིས་གཙོས་པའི་མདོ་སྨད་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ ༡༦ གི་དགེ་བཤེས་དང་མཁན་པོ་ ༢༣ གདན་ཞུས་དང་ཀིིརྟི་གདན་ས་ཆེ་ཁག་བཞིའི་ཁྲི་པ་དང་མཁན་པོ་རྣམ་པ། བགྲོ་གླེང་གི་གསུང་བཤད་བ་མཁས་པ་ ༡༣ དང་ཆོས་བརྒྱུད་ཆེན་པོ་བཞིའི་མཁས་པ་རྣམས་དང་། དེ་བཞིན་དཔེ་ཁྲིད་དགེ་རྒན་རྣམ་པ་དང་སློབ་གཉེར་བ་དགེ་འདུན་པ་བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ལྷན་འཛོམས་ཐོག་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་ཚོགས་འདུག དེའང་ཟླ་འདིའི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༡༤ བར་བཅས་ཉིན་གྲངས་གསུམ་རིང་མཁས་པའི་བགྲོ་གླེང་འཚོགས་གནང་ཡོད་པ་རེད། བགྲོ་གླེང་དེའི་བརྗོད་གཞི་གཙོ་བོ་ནི་༸འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་ངེས་ལེགས་བཤད་སྙིང་བོ་ལས་བརྩམས་པའི་བརྗོད་གཞི་མི་འདྲ་བ་ ༡༡ ཐོག་ཆེད་རྩོམ་སྒྲོག་སྦྱང་དང་འབྲེལ་ནས་བགྲོ་གླེང་གསུང་བཤད་གནང་པ་དང་ཆབས་ཅིག ཆོས་བརྒྱུད་སོ་སོའི་ལྟ་གྲུབ་བཞེས་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་རྔ་པ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་ཐེངས་ཀྱི་བགྲོ་གླེང་དེ་ཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། དེའི་བརྒྱུད་ཆོས་བརྒྱུད་རིས་མིེད་ཀྱི་དབུ་ཁྲིད་དང་མཁས་པ་རྣམ་པ་ལྷན་འཛོམས་ཀྱིས་རང་རང་གི་ཆོས་བརྒྱུད་དེ་དང་དེའི་ལྟ་གྲུབ་བཞེས་ཕྱོགས་ཐོག་གོ་བསྡུར་སྦྱང་བཤད་གནང་པ་དེས་ཕན་ཚུན་དབར་མཐུན་ལམ་གོང་འཕེལ་གཏོང་རྒྱུ་གཙོས། ཁྱད་པར་དུ་ནང་པ་སངསང་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་འཛིན་སྐྱོང་སྤེལ་གསུམ་འཐུས་ཚང་ཞིག་གནང་རྒྱུར་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་གནང་སོང་། རྩ་བའི་ཐེངས་འདིའི་ཀིརྟི་ནང་བསྟན་གཙུག་ལག་སློབ་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་དེའི་ཐོག་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་གཙོས། ཚོགས་གཞོན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་གྱི་ཁྲི་ཟུར་དགེ་བཤེས་བློ་བཟང་བཀྲིས་ལགས་བཅས་གདན་ཞུས་ཀྱིས་མཁས་པའི་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།

རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་གསང་སྟབས་ཀྱིས་གློད་གྲོལ་བཏང་པ།

དེའང་ཟླ་ ༩ ཚེས་ ༢ ཉིན་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་མི་ལོ་བདུན་དང་ཕྱེད་ཀའི་རིང་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གསང་སྟབས་ཀྱིས་རྒྱ་ནག་གི་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་འདུག་པ་དང་། ཁོང་རང་ཁྱིམ་དུ་དུ་འབྱོར་སྐབས་"འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་"ཅེས་འཁོད་པའི་སྟོད་གོས་ཞིག་གྱོན་ཏེ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་པའི་དགའ་ཉེ་སྤུན་མཆེད་ཚོས་ཁོང་ལ་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ལ་ལོ་ངོ་བདུན་དང་ཟླ་བ་དྲུག་ཙམ་བཙོན་འཇུག་བྱས་རྗེས་ཟླ་འདིའི་ཚེས་ ༢ ཉིན་གློད་གྲོལ་བཏང་ཡོད་པ་དང་། དེ་སྔོན་ཁོང་གློད་གྲོལ་མ་བཏང་གོང་རྒྱ་གཞུང་འབྲེལ་ཡོད་ཉེན་རྟོག་པས་ཁོང་གི་ཁྱིམ་ལ་བརྡ་ལན་ཞིག་བཏང་པའི་ནང་ཁོང་གློད་གྲོལ་གཏོང་རྒྱུ་ཡིན་ཚུལ་བཀོད་པ་ལས་དུས་ཚོད་སོགས་ཁ་གསལ་བཀོད་མེད་པ་མ་ཟད། ཁོང་གི་ནང་གཙོས་ཉེ་འབྲེལ་སུ་གང་ཡང་ཕེབས་བསུར་བཅར་མི་ཆོག་ཚུལ་བརྗོད་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ཁོང་རང་ཁྱིམ་དུ་འབྱོར་སྐབས་འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་སྟོད་གོས་ལྭ་བ་སེར་པོ་ཞིག་གྱོན་ཡོད་པ་མ་ཟད་ཕྱི་ཚུལ་ནས་བལྟས་ན་ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཆགས་འདུག་ཅེས་གསུངས་པ་དང་། ཁོང་གི་ནང་མི་ཉེ་འབྲེལ་མང་པོ་ཞིག་གིས་མཇལ་དར་ཁྱེར་ཏེ་ཁོང་ལ་ཕེབས་བསུ་ཞུས་ཡོད་ཞུས་པ་མ་ཟད། ཕྱི་ཉིན་ཚེས་ ༣ ཉིན་ནས་ཁོང་གི་དགའ་ཉེ་དང་གྲོགས་པོ་ཚོས་རིམ་བཞིན་འཚམས་འདྲི་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ནི་དེ་སྔོན་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ ཚེས་༣ ཉིན་གྱི་མཚན་མོོ་རྒྱ་གཞུང་དམག་མིས་རྔ་བ་ཀིརྟི་དགོན་པའི་ཁོང་གི་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་དང་། རྔ་བ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ཕྱི་ལོ་ ༢ ༠༠༦ ལོ་ནས་བཟུང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག

བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཆབ་སྲིད་ཀྱི་ནག་ཉེས་འོག་རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཚེ་ངོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་ New York Times གསར་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་Liang Xiaojun ལགས་སུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དང་འབྲེལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་སྐུ་ཞབས་ Liang Xiaojun  ལགས་ཀྱིས་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་དེ་སྔ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་དང་རྒྱལ་སྤྱིའི་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་སྟབས། རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། གལ་ཏེ་དེ་ལྟར་བྱེད་ཚེ་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་རེད་ཅེས་བརྗོད་འདུག སྐུ་ཞབས་ Liang Xiaojun ལགས་ཀྱིས་ཁོང་གིས་ད་བར་བཀྲ་ཤིས་དབང་ཕྱུག་ལགས་བཀག་དཀྱིལ་ཁང་དུ་ཐུགས་འཕྲད་བྱེད་སྐབས། ཁོང་ནས་ད་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་པར་བློ་འགྱོད་ཕྲན་བུ་ཙམ་ཡང་མེད་པ་མ་ཟད། ཁོང་གིས་དུས་ནམ་ཡང་རྒྱལ་ཁབ་ཁ་བྲག་གི་བྱ་སྤྱོད་སྤེལ་བའི་བསམ་བློ་འཁོར་མྱོང་མེད་ཅེས་གསུངས་པ་གསལ་བཏོན་གནང་པ་དང་། ལྷག་དོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ད་བར་ཕྱག་ལས་གནང་པ་དེ་དག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་སྐད་ཡིག་དེ་རྒྱ་ཡིག་དང་གཅིག་མཚུངས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་དགོས་པའི་ཞུ་འབོད་གནང་པ་ལས་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་གང་ཡང་གནང་མེད་པ་གསུངས་ཡོད་པ་རེད། གཞི་རྩའི་བོད་མི་བཀྲིས་དབང་ཕྱུག་ལགས་ནི་དེ་སྔའི་བོད་ཁམས་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་དང་སྒེར་གཉེར་སློབ་གྲྭ་ཁག་དང། དེ་བཞིན་ས་གནས་བྱིས་པ་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་གནང་མཁན་ཞིག་ཡིན་པ་དང།  ཕྱིས་སུ་ས་གནས་ལ་རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཁྲིད་བྱ་རྒྱུ་བཙན་དབང་གིས་བཀག་སྡོམ་དང་ས་གནས་སུ་རྒྱ་གཞུང་གི་སློབ་གྲྭ་ཁག་ཏུ་བོད་རྒྱ་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་བྱ་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ཉིན་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད་འདུག ལྷག་དོན་ད་བར་ཁོང་གི་གནད་དོན་དང་འབྲེལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གཙོས་པའི་དབྱིན་ཡུལ་ནང་ལ་ཡོད་པའི་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་ཨ་རི་ནང་ལ་ཡོད་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ་ཁག་མང་པོ་ཞིག་ནས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་ཀྲོལ་བཏང་དགོས་པའི་ཞུ་གཏུགས་རིམ་པས་བྱེད་ཡོད་ཀྱང་། རྒྱ་གཞུང་གིས་ཉན་འཇོག་གང་ཡང་མེད་པར་དུས་ད་ལྟའང་ཁོང་བཙོན་འཇུག་འོག་གནས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་སུ་འདྲི་རྩད་རིགས་ཆ་ཚང་བྱས་ཟིན་ཡོད་པ་དང་། དེ་རིང་ནས་མགོ་འཛུགས་ཀྱིས་ཉིན་གྲགས་དགུ་བཅུའི་ནང་ཚུད་ལ་རྒྱ་གཞུང་ཉེས་རྟོག་པ་རྣམས་ནས་ཁོང་གི་གནད་དོན་དེ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་མིན་གྱི་ཐག་གཅོད་བྱ་དགོས་ཀྱི་འདུག་པ་དང་། རྒྱ་གཞུང་ཉེས་རྟོག་པས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་རེད།

Latest news