Tibetan Royal Year of 2151 | Year of the Wood Dragon

བོད།

ཕྱི་སྡོད་བོད་རིགས་རྣམས་བོད་ནང་ཕྱིར་ལོག་བྱེད་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཚོགས་འདུག

རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་བྱེས་བཞུགས་བོད་མི་རྣམས་ཕྱིར་བོད་ནང་དུ་ཕྱིར་ལོག་ཐུབ་ཐབས་དང་རྒྱ་ནག་གཞུང་གིས་དབྱེ་བའི་ཞིང་ཆེན་ཁག་གི་བསང་གནས་རྣམས་བརྗེ་ལེན་བྱེད་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་འདུག དེ་ཡང་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁ་སང་ཚེས་ ༡༠ ཉིན་རྒྱ་གཞུང་གིས་དབྱེ་བའི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་མཚམས་སུ་ཆགས་པའི་རྒྱལ་ཐང་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཡུན་ནན། སི་ཁྲོན། མཚོ་སྔོན་བཅས་ཀྱི་ནང་ལ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དང་བོད་རིགས་སྤུན་ཟླ་སྣེ་ལན་ཁང་གཉིས་ཀྱི་འགན་འཛིན་དང་ལས་བྱེད་གཙོ་གྲས་ཁག་ཅིག་མཉམ་འཛོམས་ཀྱིས་ཕྱི་སྡོད་བོད་རིགས་རྣམས་བོད་ནང་ཕྱིར་ལོག་ཐུབ་ཐབས་དང་། ཞིང་ཆེན་ཁག་གི་ལས་དོན་བྱེད་ཕྱོགས་སོགས་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གི་ལས་བྱེད་ཚོས་སྔ་ལོ་རྒྱ་ནག་གཞུང་གིས་བསྐོང་ཚོགས་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་བསྡུ་ཐེངས་དྲུག་པའི་དགོངས་དོན་དང་། རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་ཅིག་གྱུར་ཁང་གི་ཚོགས་འདུའི་དགོས་དམིགས་སོགས་གཞིགས་ཏེ་ད་ལྟ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་བྱེས་བཞུགས་བོད་མི་རྣམས་ཕྱིར་བོད་ནང་དུ་ཕྱིར་ལོག་ཐུབ་ཐབས་དང་། ཞིང་ཆེན་ཁག་ཏུ་ཡོད་པའི་བོད་མིའི་དབར་མཐུན་སྒྲིལ་གྱིས་བོད་དོན་དང་འབྲེལ་བའི་གལ་ཆེའི་བསང་བའི་གནས་ཚུལ་རྣམས་བརྗེ་ལེན་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ཚོགས་འདུ་ཚོགས་འདུག འདི་ག་རླུང་འཕྲིན་ཁང་ལ་རྒྱ་གནད་ཉམས་ཞིབ་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་དེའི་དགོས་དམིགས་གཙོ་བོ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་མང་ཚོགས་ཀྱི་གནས་ཚུལ་ཁག་ཤེས་རྟོག་ཐུབ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྟབས། སྲིད་བྱུས་དེ་དོན་ལྡན་གྱི་ལམ་ལྷོང་ཡོང་གི་མ་རེད་ཅེས་གསུངས་ཡོད།

རྒྱ་གཞུང་གིས་བོད་ནང་དམག་དོན་དང་གཏེར་འདོན་གྱི་ལས་གཞིར་དམིགས་པའི་གཞུང་ལམ་ཆེ་ཤོས་གསར་བཟོ་བྱེད་བཞིན་པ།

རྒྱ་གཞུང་གིས་དམག་དོན་དང་གཏེར་འདོན་གྱི་ལས་གཞིར་ཆེད་དམིགས་ཀྱིས་བོད་ཀྱི་ས་ཁུལ་གང་སར་གཞུང་ལམ་གསར་བཟོ་བྱེད་བཞིན་ཡོད་པ་རེད་འདུག གཞི་རྩའི་སྤྱི་ལོ་ ༢༠༡༤ ཟླ་ ༤ ཡས་མས་ནས་མགོ་འཛུགས་ཀྱིས་རྒྱ་ནག་ཁྲིན་ཏུ་ནས་རྔ་བ་མགོ་ལོག་རྨ་ཆེན་གངས་རི་བཅས་བརྒྱུད་ནས་མཛོ་རྒན་ར་བ་བར་དུ་གཞུང་ལམ་གསར་བཟོ་བྱས་འདུག དེ་ཡང་མཛོ་རྒན་ར་བ་ནས་ལམ་ཆེན་དེ་ཁག་གཉིས་སུ་དབྱེ་ནས་ལྷ་ས་བར་དུ་བཟོ་བཞིན་ཡོད་པ་དང་། ལམ་བཟོ་ཁག་གཉིས་ལས་གཅིག་ནི་མཛོ་རྒན་ར་བ་བརྒྱུད་ན་གོར་མོ་དང་།  དེ་ནས་ནག་ཆུ་ཁ་བརྒྱུད་ནས་ལྷ་ས་བར་དུ་བཟོ་བཞིན་ཡོད་པ། གཞན་ཞིག་ནི་མཛོ་རྒན་ར་བར་རྒྱུད་ནས་ཡུལ་ཤུལ་ཁུལ་དང་དེ་ནས་ཀོང་པོ་བརྒྱུད་ལྷ་ས་བར་དུ་བཟོ་གི་ཡོད་པ་རེད་འདུག དེ་ལས་ཁྲིན་ཏུ་ནས་ལྷ་ས་བར་གྱི་བརྒྱུད་ལམ་གྱི་རིང་ཚད་སྤྱི་ལེ་ ༡༩༥༦ ཡིན་པ་དང་དེའི་ནང་སྤྱི་ལེ་ ༩༤༥ བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འཁེལ་གྱི་ཡོད་པ་རེད་འདུག  ལམ་བར་དུ་ཟམ་པ་དང་ཁུག་ལམ་ ༡༢༠ བཟོ་གི་ཡོད་པ་དང་ལམ་ཆེན་གྱི་ཐིག་ཚད་ཁེལ་ཡོད་སའི་ས་ཆ་དང་ཟུར་དུ་འབྲོག་ས་ཚང་མ་གཞུང་བཞེས་བཏང་ཡོད་པ་རེད་འདུག རྩ་བའི་ད་ལྟའི་ཆར་གཞུང་ལམ་གྱི་ལས་གཞི་དེ་ལས་ཕྱོགས་གཅིག་རྨ་ཆེན་གངས་རིའི་རི་རྒྱུད་བརྒྱུད་ནས་སྟོང་གི་རྫ་རིའི་ལ་ཁར་སླེབས་ཡོད་པ་དང་ཕྱོགས་གཅིག་ནི་ཁྲ་ཁེའི་འཛམ་གླིང་ལ་ཁ་ཞེས་པར་་སླེབས་ཡོད་པ་རེད་འདུག  དེ་ནི་ད་ལྟ་བོད་ཡུལ་དུ་ལག་ལྟར་བྱེད་བཞིན་པའི་ལམ་ཆེན་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག་པ་མ་ཟད། ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི་རྒྱ་གཞུང་གིས་བོད་ཀྱི་རྩ་ཆེའི་གཏེར་ཁ་སྣ་ཚོགས་དང་། རྡོ་རིགས། སྨན་རྩ་རྩ་ཆེན་ཁག་རྒྱ་ནག་ཏུ་དབོར་འདྲེན་སྟབས་བདེ་ཡོང་ཕྱིར་དམིགས་པ་ཞིག་རེད་འདུག

ཁམས་མི་ཉག་ནང་གཏེར་ཁ་བསྔོག་རྒྱུ་མཚམས་འཇོག་བྱས་འདུག

དེ་ཡང་ས་གནས་མི་མང་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་ལ་ཞུ་གཏུག་དང་ངོ་རྒོལ་མུ་མཐུད་བྱས་པར་བརྟེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་གཏེར་ཁ་བསྔོག་འདོན་བྱ་རྒྱུ་མིན་པའི་ཁས་ལེན་གྱི་ཡི་གེ་ཞིག་སྤྲད་འདུག ཡི་གེ་དེའི་ནང་འཁོད་དོན། གཏེར་ཁ་སྔོག་འདོན་གྱི་གནད་དོན་དེ་ཁོར་ཡུག་གི་གནད་དོན་ཞིག་ཡིན་པ་དང། མང་ཚོགས་དང་གྲོས་ཁ་གཅིག་ཏུ་མི་མཐུན་པ་བཅས་གནད་དོན་དེ་དག་ཐག་གཅོད་མེད་པར་གཏེར་ཁ་བསྔོག་འདོན་བྱ་རྒྱུ་མིན་པ་ཁས་ལེན་བྱེད་རྒྱུ་ཡིན་ཅེས་དང་། དེའོ་ཐོག་ཏུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱི་ལས་ཐམ་ཡང་བཀོད་ཡོད་པ་རེད། གཞི་རྩའི་ཟླ་འདིའི་ཚེས་ ༤ ཉིན་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་ནས་རྒྱ་གཞུང་གི་གཏེར་སྔོག་སྤྱི་གཉེར་ཁང་ཞེས་པའི་གཏེར་བཏོན་ཚན་པས་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱས་ཡོད་སྟབས། ཡུལ་དེའི་མི་ཉག་ལི་ཆུ་ཞེས་པའི་ཆུ་མོ་འབགས་བཙོག་དུ་གྱུར་ཏེ་ཉ་ཁྲི་ཁྲག་མང་པོ་ཤི་སྐྱོན་བྱུང་བར་བརྟེན་ས་གནས་བོད་མི་ཚོས་ངོ་རྒོལ་བྱས་པ་མ་ཟད། ལྷག་དོན་ཚེས་ ༦ ཉིན་བོད་མདོ་ཁམས་མི་ཉག་ས་གནས་བོད་མི་མང་ཚོགས་བརྒྱ་ཕྲག་མང་པོ་ཞིག་གིས་རྒྱ་གཞུང་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས་ཉ་མང་དག་ཞིག་ཤི་བའི་རོ་རྣམས་གཞུང་ལམ་ཐོག་ཏུ་སྤུངས་པ་དང་ཕྲེད་དར་འཕྱར་བ་སོགས་ཀྱིས་གཏེར་ཁ་བསྔོག་འདོན་བྱེད་མཁན་རྣམས་བཀག་འགོག་གི་ངོ་རྒོལ་བྱས་པར་རྒྱ་གཞུང་ཉེན་རྟོག་པ་མང་དག་ཞིག་ཡོང་ནས་ལས་འགུལ་བར་བཀག་འགོག་བྱེད་བཞིན་པ་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་ཡོད་པ་རེད།

རྩོམ་པ་པོ་བློ་མིག་ལགས་ལ་ལོ་བདུན་ལྷག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གི་སྔ་ལོ་འཛིན་བཟུང་བྱས་པའི་རྩོམ་པ་པོ་བློ་མིགའམ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཇོ་བློ་བཟང་འཇམ་དབྱངས་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་འགྱར་བྱས་པའི་ཉེས་མིང་འོག་ཉེ་ཆར་ལོ་བདུན་ལྷག་བཙོན་འཇུག་ཁྲིམས་ཐག་བཅད་འདུག    འདི་ག་རླུང་འཕྲིན་ཁང་ལ་ཨོ་སི་ཊོ་ལི་ཡར་བཅའ་བཞུགས་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱི་སྤུན་མཆེད་རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། རྩོམ་པ་པོ་བློ་མིགའམ་གྲྭ་བློ་བཟང་འཇམ་དབྱངས་ལགས་སྔ་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༧ མཚན་མོར་རྒྱ་གཞུང་ཉེན་རྟོག་པས་གསང་སྟབས་འོག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་སུ་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང། དེ་རྗེས་ཉེ་སྔོན་ཟླ་ ༥ ཙམ་ལ་གྱི་སྔོན་ཚུད་དུ་བཙོན་པ་གཞན་ཞིག་བརྒྱུད་ནས་ཁོང་ཟི་ཁྲོན་ཞིང་ཆེན་གྲན་རྡུ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་མེ་ཡངས་བཙོན་ཁང་ནང་དུ་ཡོད་པ་ཤེས་རྟོགས་བྱུང་འདུག དེ་རིང་ཕྱི་ཟླ་ ༥ ཚེས་ ༩ སྔ་དྲོ་ཁོང་གི་ནང་མི་རྣམས་ལ་བཙོན་ཁང་ནང་ཁོང་དང་ལྷན་དུ་ཚོུད་ཕྱེད་ཀ་ཙམ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་བ་དང་སྦྲགས། རྒྱ་གཞུང་ཁྲིམས་ཁང་ནས་ཁོང་ལ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ ༢༠༡༥ བར་དུ་རྒྱལ་ཁབ་ཀྱི་གསང་གནས་ཕྱིར་བསྒྲགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་བདུན་དང་ཕྱེད་ཀ་རིང་བཙོན་འཇུག་ཁྲིམས་ཐགས་བཅད་ཡོད་པ་ཤེས་རྟོགས་བྱུང་བ་གསུངས་སོང་། འོན་ཀྱང་ཁོང་བློ་མིག་ལགས་ཀྱིས་རྒྱ་གཞུང་ནས་ཁྲིམས་ཐག་གང་བཅད་མིན་ལ་མ་ལྟོས་པར་ད་བར་རྒྱལ་ཁབ་ལ་གནོད་པའི་ལས་ཀ་གང་ཡང་བྱེད་མེད་པ་མ་ཟད། ཉེན་རྟོག་པའི་མདུན་ལ་དེ་ལྟར་བྱས་པེ་ཁས་ལེན་ནམ་ཡང་གནང་མེད་པ་རེད་འདུག ཁོང་གི་སྤུན་ཉེ་ཁག་ཅིག་བཙོན་ཁད་མདུན་དུ་ཕྱིན་ཡོད་ཀྱང། ཉེན་རྟོག་པས་ཁོང་གི་ཁྱིམ་ཐོའི་ནང་ཡོད་པའི་ནང་མི་མ་གཏོགས་གཞན་སུ་གང་ཡང་བཙོན་ཁང་ནང་བཏང་མེད་པ་མ་ཟད། དེའི་རིང་སྐད་ཆ་གང་བཤད་པ་ཚང་མ་རྒྱ་སྐད་རང་ནང་བཤད་བཅུག་ཡོད་འདུག རྩ་བའི་གྲྭ་བློ་བཟང་འཇམ་དབྱངས་ལགས་ཁོང་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཇོ་ཚང་ནས་ཡིན་པ་དང། ཕ་ཇོ་རྡོར་ཁོ་དང། མ་འཛམ་དཀར་གཉིས་ཀྱི་བུ་ཡིན་འདུག ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་པ་དང་། དེང་སྐབས་ཕར་ཕྱིན་འཛིན་གྲྭར་སློབ་གཉེར་གནང་གི་ཡོད་འདུག དེ་སྔོན་གསེར་རྟ་བླ་རུང་སྒར་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཟུར་ཞུགས་ཀྱིས་ཐུན་མོང་རིག་གནས་སོགས་ལ་སྦྱངས་མྱོང་འདུག་པ་མ་ཟད། རྒྱུན་དུ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་དང་སྙན་ངག་མང་པོ་བྲིས་མཁན་ཞིག་ཡིན་འདུག བོད་ནང་རྩོམ་བྲིས་རང་དབང་སོགས་ཀྱི་སྐོར་ལ་རྩོམ་ཡིག་ཁ་ཤས་སྤེལ་མྱོང་ཡོད་པའི་ཁྲོད། ཁོང་ནས་༼ ན་བུན་སེར་པོའི་འཕྱུར་སྟངས་༽  ཞེས་པའི་སྙན་དེབ་གཅིག་པར་སྐྲུན་བྱས་ཡོད་པ་རེད་འདུག

སྒ་སྐྱེ་རྒུ་མདོ་ཁུལ་འབྲོག་པའི་རྩ་ས་བཙན་འཕྲོག་གིས་གཏེར་ཁ་བསྔོག་འདོན་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲིན་དུ་རྫོང་དཀར་ཆེན་ད་དོས་ནང་གི་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་སའི་ཐོག་ཏུ་གཏེར་ལས་ཀྱི་ལས་གཞི་འགོ་འཛུགས་བྱས་པ་དང་། དེར་རྒྱ་ནག་ནང་ནས་ཡོང་བའི་ལག་རྩལ་མི་སྣ་ཆེད་གཏོང་གིས་གཏེར་བཏོན་བྱས་འདུག འདི་ག་རླུང་འཕྲིན་ཁང་ལ་གནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན། ས་གནས་དེར་ཡོད་པའི་འབྲོག་པ་ཚོས་ཐབས་ཤིས་ཡོད་དགུ་རྩལ་སྤྲུག་གིས་གོང་རིམ་ཁྲིན་དུ་རྫོང་རྩ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་གཏུག་ལན་མང་གནང་ཡོད་ཀྱང་། དེར་ཕན་འབྲས་གང་ཡང་མ་སོན་པ་མ་ཟད། ཕྱི་ཚེས་ ༣ ཉིན་རྒྱ་གཞུང་གིས་དངོས་སུ་ས་གནས་དེར་གཏེར་ཁ་བསྔོག་འདོན་འགོ་འཛུགས་བྱས་ཡོད་པ་རེད་འདུག གཏེར་ཁ་བསྔོག་འདོན་འགོ་འཛུགས་བྱ་ཡུལ་ས་གནས་དེ་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་ས་ཡིན་པ་རེད་འདུག་ལ། ས་གནས་དེར་ས་དོང་བརྐོ་མཁན་འཕྲུལ་འཁོར་གཉིས་དང་ས་རྡོ་དབོར་འདྲེན་བྱེད་མཁན་རླངས་འཁོར་གསུམ། དེ་བཞིན་ལས་རིགས་མི་སྣ་སོགས་མང་དག་ཞིག་ས་གནས་དེར་འབྱོར་ཡོད་འདུག འབྲོག་པ་བློ་གྲོས་རྒྱལ་མཚན་གྱི་རྩ་ས་དེར་དེ་སྔོན་ལོ་གཉིས་གོང་ཙམ་ནས་རྒྱ་གཞུང་གཏེར་འདོན་ཚན་པ་ཡོང་ནས་གཏེར་ཁ་ཡོད་མེད་བརྟག་དཔྱད་དང་གཏེར་འདོན་ལས་གྲྭ་གཉེར་རྒྱུའི་ཐབས་ཤེས་རིམ་པར་བྱས་ཡོད་ཀྱང་། ས་གནས་བོད་མི་ཚོས་མོས་མཐུན་མེད་པས་གོང་རིམ་ཞུ་གཏུག་རིམ་པར་བྱས་འདུག འོན་ཀྱང་གཏེར་འདོན་ཚན་པ་དང་གོང་རིམ་ལས་བྱེད་དབར་ལ་འབྲེལ་བ་ཡོད་པའི་རྐྱེན་གྱིས་བཀག་འགོག་བྱེད་ཐུབ་མེད་པ་རེད་འདུག གཞི་རྩའི་དེང་སྐབས་དེང་སྐབས་བོད་ནང་གི་ས་གནས་གང་སར་རྫོང་དང་ཡུལ་ཚོའི་འགོ་འཁྲིད་དང་གཏེར་འདོན་ཚན་པ་མཉམ་འབྲེལ་བྱས་ཏེ་གང་བྱུང་གཏེར་ཁ་བསྔོག་འདོན་དང་ས་རྒོད ནགས་ཚལ རི་བོ རྩ་ཐང་མཚོ་ཁའི་གྲམ་ཐང་སོགས་ས་གནས་ཡོད་ཚད་བསྔོག་བཤེར་བྱས་ཏེ་གསེར་དང་རྡོ་རིགས་ལ་སོགས་གཏེར་ཁ་སྣ་ཚོགས་རྒྱ་ཡུལ་དུ་དབོར་འདྲེན་བྱེད་ཀྱི་ཡོད་པ་མ་ཟད། ལས་གྲྭ་དེས་ས་གནས་མང་ཚོགས་ལ་ཁེ་ཕན་གང་ཡང་ཐོབ་ཀྱི་མེད་པའི་ཐོག་འཁོར་ཡུག་ལ་གཏོར་སྐྱོན་དང་མི་དང་སྲོག་ཆགས་ཚང་མའི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་འདུག

ཕྲུ་གུ་ལྔ་ཅན་གྱི་ཨ་མ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་པའི་ཕྲུ་གུ་ལྔ་ཅན་གྱི་མ་བསོད་ནམས་འཚོ་ཞུ་མཁན་རྒྱལ་གཅེས་པ་གཅིག་གིས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིགས་འོག་རང་ལུས་མེར་སྲེག་བཏང་ཡོད་པ་རེད་འདུག    དེ་ཡང་བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཚེས་དེ་འདི་ལོའི་ཕྱི་ཟླ་༣ ཚེས་ ༢༣ ཉིན་རེད་འདུག འོན་ཀྱང་ད་བར་རྒྱ་གཞུང་གིས་ཆེས་དམ་དྲག་སོགས་ཀྱི་རྐྱེན་པས་གནས་ཚུལ་དེ་ཕྱི་ཕྱོགས་ལ་ཐོན་ཐུབ་མེད་པ་རེད་འདུག རྩ་བའི་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ཉིན་དེར་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་དུ་སྐོར་རར་ཕེབས་སྐབས་སུ་བསོད་ནམས་མཚོ་ལགས་ནས་རང་ལུས་མེར་སྲེག་གནང་འདུག དེ་མ་ཐག་ཁོང་གི་བཟའ་ཟླ་དང་ས་ར་དགོན་པའི་དགེ་འདུན་པ་ཞིག་གིས་མེ་བསད་ནས་དགོན་ཁང་དུ་འཁྱེར་ཐུབ་པ་བྱུང་འདུག་ཀྱང་། མྱུར་སྐྱོབ་སླད་སྨན་ཁང་དུ་འཁྱེར་སྐབས་དགོངས་པ་རྫོགས་འདུག དེ་བཞིན་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་འདས་གྲོངས་སུ་གྱུར་རྗེས་ཕྱི་ཉིན་ཏེ་ཚེས་ ༢༤ ཉིན་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཐུབ་པ་བྱུང་འདུག འོན་ཀྱང་དེའི་རྗེས་སུ་སེ་ར་དགོན་པའི་གྲྭ་ཚུལ་ཁྲིམས་ལགས་ལ་རྒྱ་གཞུང་གི་ཉེན་རྟོག་པས་ཉིན་གྲངས་ ༨ རིང་བཀག་སྐྱིལ་འོག་བཞག་འདུག་པ་མ་ཟད། དེ་རྗེས་བསོད་ནམས་འཚོ་ལགས་དང་འབྲེལ་བའི་འདྲ་པར་སོགས་ཚང་མ་སུབས་བཅུག་འདུག་པ་དང། ད་དུང་རྒྱལ་གཅེས་པ་བསོད་ནམས་འཚོ་ལགས་ཀྱི་བཟའ་ཟླ་ལའང་ཐེངས་གསུམ་རིང་དྲིས་བརྩད་བྱས་ཡོད་འདུག གཞི་རྩའི་རྒྱལ་གཅེས་པ་བསོད་ནམས་མཚོ་ལགས་རང་ལོ་ ༥༠ ཡིན་པ་དང་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་བུ་གཉིས་དང་བུ་མོ་གསུམ་བཅས་ཁྱོན་ཕྲུ་གུ་ལྔ་འདུག བསོད་ནམས་མཚོ་ལགས་ནི་ལོ་འདིའི་ནང་བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང། དེ་སྔ་ཕྱི་ལོ་ ༢༠༠༩ ནས་ད་བར་རང་ལུས་མེར་སྲེག་གནང་མཁན་ ༡༤༤ དེ་ཆགས་ཡོད་པ་རེད།  

ཁམས་མི་ཉག་ནང་གཏེར་ཁ་བསྔོག་འདོན་བྱེད་མཁན་ལ་མང་ཚོགས་ཀྱིས་ཞི་རྒོལ་བྱས་འདུག

དེ་རིང་ཟླ་ ༥ ཕྱི་ཚེས་ ༦ ཉིན་བོད་མདོ་ཁམས་མི་ཉག་ས་གནས་བོད་མི་མང་ཚོགས་བརྒྱ་ཕྲག་མང་པོ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གཏེར་ཁ་བསྔོག་འདོན་བྱེད་མཁན་ལ་མང་ཚོགས་ཀྱིས་ཞི་རྒོལ་བྱས་འདུག སྐབས་དེར་བོད་མི་དེ་དག་གིས་རྒྱ་གཞུང་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས་ཉ་མང་དག་ཞིག་ཤི་བའི་རོ་རྣམས་གཞུང་ལམ་ཐོག་ཏུ་སྤུངས་པ་དང་ཕྲེད་དར་འཕྱར་བ་མ་ཟད། གཞུང་ལམ་ཐོག་ཏུ་ཉལ་ནས་གཏེར་ཁ་བསྔོག་འདོན་བྱེད་མཁན་རྣམས་བཀག་འགོག་བྱེད་ཡོད་སྟབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་བདུན་ཅུ་ཙམ་འབྱོར་ཏེ་ཁོ་ཚོར་བཀག་འགོག་བྱེད་བཞིན་ཡོད་པ་རེད་འདུག གཞི་རྩའི་ཁ་སང་ཟླ་ ༥ ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་ནས་རྒྱ་གཞུང་གི་གཏེར་སྔོག་སྤྱི་གཉེར་ཁང་ཞེས་པའི་གཏེར་བཏོན་ཚན་པས་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱས་ཡོད་སྟབས། ཡུལ་དེའི་མི་ཉག་ལི་ཆུ་ཞེས་པའི་ཆུ་མོ་འབགས་བཙོག་དུ་གྱུར་ཏེ་ཉ་ཁྲི་ཁྲག་མང་པོ་ཤི་སྐྱོན་བྱུང་བཞིན་ཡོད་འདུག

རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་གློད་བཀྲོལ་ཐོབ་འདུག

དེ་རིང་ཟླ་ ༥ ཚེས་ ༥ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ཀྱིས་དེ་སྔ་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་ལོ་གཉིས་རིང་བཙོན་བཅུག་གི་དུས་བཀག་གཙང་རྗེས་གློད་བཀྲོལ་ཐོབ་འདུག གཞི་རྩའི་གྲྭ་བློ་བཟང་བསྟན་པ་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་ ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ནས་ “ བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ” ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་བཙོན་བཅུག་རིང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་ཡོད་པ་རེད། དེ་རྗེས་ཟླ་ ༡༡ ཚེས་ ༧ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༡༡ ཙམ་ལ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁོང་གི་ནང་མིར་བརྡ་ལན་སྤྲད་ནས་ཁྲིམས་རྭར་ཡོང་བཅུག་ཡོད་ཀྱང་། ཁྲིམས་རྩོད་པ་སོགས་གང་ཡང་གླ་མི་ཆོག་པའི་བཙན་བཀའ་བཏང་པ་མ་ཟད། ཁོང་ལ་ཡང་རྒྱལ་ཁབ་ལ་ངོ་ལོག་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་གནང་མཁན་དེ་ཀིརྟི་དགོན་པ་ནས་ཡིན་འདུག

དེ་ཡང་ཁ་སང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཞིག་གིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་གནང་མཁན་དེའི་མཚན་ནི་གྲྭ་བློ་བཟང་ཐུབ་བསྟན་དང་། རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་རེད་འདུག དེ་རིང་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ནི་རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་དང་། ཁོང་ནི་རྔ་བ་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་འདུག གཞི་རྩའི་གྲྭ་བློ་བཟང་ཐུབ་བསྟན་ལགས་ནི། ཁ་སང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་ཡོད་པ་ཤེས་པ་ཙམ་ལས།  ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་བོད་མདོ་སྨད་རྔ་བ་དེ་ནི་ད་བར་བོད་ཀྱི་ས་ཁུལ་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཤུགས་ཆེ་ཤོས་བྱུང་སའི་ས་ཚིགས་ཤིག་དང་། ཕྱི་སུ་བོད་མི་ཁྱེར་རྐྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་མང་ཤོས་ཐོན་སའི་ས་ཚིགས་གནད་ཆེ་ཞིག་ཆགས་སྟབས།  རྒྱ་གཞུང་གིས་ཁུལ་དེར་ཆེས་དམ་དྲག་བྱེད་བཞིན་པའི་ཁྲོད། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱི་ལོ་ཚད་དང་སྐབས་དེར་ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད།  

Latest news