Tibetan Royal Year of 2151 | Year of the Wood Dragon

བོད།

བོད་ཀྱི་ས་ཁུལ་མང་པོའི་ནང་སྤྲུན་སྐུ་བསྟན་འཛིན་བདེ་ལེགས་མཆོག་གྱི་ཞེ་དགུའི་མཆོད་འབུལ་གནང་པ།

ཉེ་ལམ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་དང་བསྟུན། བོད་ཁམས་ལི་ཐང་དང་། ནག་ཆུ། དེ་བཞིན་འབའ་ཐང་སོགས་བོད་ཀྱི་ས་ཁུལ་མང་པོར་མཆོད་འབུལ་སྨོན་ལམ་གནང་འདུག རྣམ་ཀུན་བོད་ཟླ་དྲུག་པའི་ནང་ལོ་ལྟར་ཁམས་ལི་ཐང་གཙོས་པའི་བོད་ཀྱི་ས་ཁུལ་མང་པོའི་ནང་མང་ཚོགས་འདུ་འཛོམས་གནང་སྟེ། རྟ་རྒྱུག་དང་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་གྱིས་སྤྲོ་སྣང་ལྡན་པའི་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བསྟན་འཛིན་བདེ་ལེགས་མཆོག་གླུ་བུར་དུ་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་རྣམས་ཀྱིས་དགའ་སྟོན་དེ་དག་མཚམས་འཇོག་གནང་སྟེ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་པ་མ་ཟད། ལྷག་པར་ཞག་ཞེ་དགུ་ཉིན་ཁམས་འབའ་ཐང་དང་ཉག་ཆུ་ཁུལ་གྱི་དགོན་སྡེ་ཁ་ཤས་ནང་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་གནང་སྟེ་མཆོད་འབུལ་རྒྱ་ཆེ་གནང་འདུག དེ་བཞིན་རིན་པོ་ཆེའི་དགོན་པ་ཁམས་ན་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ནང་དུའང་སེར་སྐྱ་མང་ཚོགས་ཀྱིས་མངོན་པར་གསལ་བའི་ཆོས་ཕྱོགས་ཀྱི་ཞུ་སྒོ་བསྔོ་སྨོན་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་རྒྱའི་བཙོན་ཁང་དུ་སྐུ་བཀྲོངས་པའི་མགནས་ཚུལ་ཐོན་པ་ནས་བཟུང་། ད་བར་རྒྱ་གཞུང་གིས་རིན་པོ་ཆེའི་སྤུན་ཉེ་འབྲེལ་ཚོར་འདྲི་རྩད་ཀྱི་ལམ་ནས་དེ་འབྲེལ་གནད་དོན་ཕྱི་ཕྱོགས་སུ་བཤད་མི་ཆོག་པའི་བཙན་བཀའ་བསྟུད་མར་གཏོང་ བཞིན་པ་མ་ཟད། ལྷག་པར་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོན་པ་ཨོ་ཐོག་ནང་གི་གྲྭ་པ་དང་དེའི་ཉེ་འཁོར་གྱི་བོད་མི་ཚོ་ས་གནས་དེའི་ནང་ཕར་འགྲོ་ཚུར་འོང་བྱས་པར་ངེས་པར་དུ་ས་གནས་སྲིད་གཞུང་གི་ཆོག་མཆན་དགོས་པ་སོགས་བོད་མི་ཚོར་སུན་གཙིར་སྔར་ལྷག་བཟོ་མུས་ཡིན་འདུག དེང་ཆར་ཁུལ་དེའི་བོད་མི་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་ལ་ དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་འདུག  

ཡུ་རོབ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་བོད་པའི་སྒྱུ་རྩལ་བ་སྐོར་ཞིག་མཉམ་ཞུགས་གནང་པ།

 ཡུ་རོབ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་བོད་པའི་སྒྱུ་རྩལ་བ་ ༡༤༠ མཉམ་ཞུགས་གནང་ནས་བོད་དོན་དང་འབྲེལ་བའི་དཔར་རིས་ཁག་ཅིག་སྒྲིག་གཤོམ་གནང་ཐུབ་པ་བྱུང་འདུག  ཟླ་འདིའི་ཕྱི་ཚེས་ ༡ ནས་ཨི་ཊ་ལི་ (Italy) གྲོང་ཁྱེར་ venise ནང་ཚོགས་བཞིན་པའི་ Olympics of contemporary art exhibitions ཞེས་པ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ལྷག་ནས་སྒྱུ་རྩལ་བ་ ༦༩༠༠ ལྷག་མཉམ་ཞུགས་གནང་པའི་ཁྲོད་བོད་མི་སྒྱུ་རྩལ་བ་ ༡༤༠ ཙམ་ལྷན་ཞུགས་གནང་འདུག་པ་མ་ཟད། ཁོང་རྣམས་ནས་བོད་ནང་གི་ད་ལྟའི་གནས་སྟངས་གསལ་བའི་དཔར་རིས་ཁག་ཅིག་འགྲེམས་སྟོན་གནང་འདུག དེ་ནི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་སྒྱུ་རྩལ་བ་རྣམས་ནས་ཟུང་འབྲེལ་ཐོག་གཞི་རྒྱ་ཆེ་བའི་བོད་དོན་དཔར་རིས་འགྲེམས་སྟོན་གནང་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད་འདུག གཞི་རྩའི་ཨི་ཊ་ལི་གྲོང་ཁྱེར་ Venice ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་འདི་བཞིན་རྒྱལ་སྤྱིའི་ཁྲོད་དར་ཁྱབ་ཆེ་བའི་ United Colors of Benetton ཞེས་པའི་བཟོ་གྲྭས་གོ་སྒྲིག་འོག་ལོ་ངོ་གཉིས་རེའི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་ནང་བོད་པའི་སྒྱུ་རྩལ་བ་ ༡༤༠ གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ལྷག་ནས་རྒྱུ་རྩལ་བ་ ༦༩༠༠ ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད་། འགྲེམས་སྟོན་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་དབུ་འཛུགས་གནང་ནས་ཟླ་བ་གཉིས་རིང་ཚོགས་ཀྱི་ཡོད་འདུག      

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་དབུ་འཛུགས་གནང་བ།

དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་སྔ་ཐོག་བཞུགས་སྒར་གངས་སྐྱིད་གཉའ་ཁྲི་ ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གཙོས་ལྷན་ཁང་ཁག་གི་ཕྱགས་སྦྲེལ་བཀའ་བློན་རྣམ་པ་ཆེད་ཕེབས་ཐོག་རྒྱ་བལ་གཉིས་ནས་བོད་མིའི་ཁེ་ལས་ཚོང་གཉེར་བ་གསར་རྙིང་ ༧༠ ལྷག་འདུ་འཛོམས་གནང་འདུག སྐབས་དེར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བཀའ་ཤག་ངོས་ནས་བཙན་བྱོལ་བོད་མིའི་ཚོས་ལས་ཡར་རྒྱས་རམ་འདེགས་ཚན་པ་ཞེས་པ་གསར་བཙུགས་གནང་པའི་དགོས་པའི་དམིགས་དང་བརྒྱུད་རིམ། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚོང་གཉེར་ལས་དོན་འཕེལ་རིམ་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། ལྷག་པར་དུ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཡོང་རྒྱུའི་གལ་གནད་སྐོར་དང་འབྲེལ་ཏེ་བོད་མི་ཚོའི་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་སྲུང་སྐྱོབ་མ་ཐུབ་ཚེ་མི་རིགས་འཐབ་རྩོད་ཀྱི་ངོ་བོ་ཉམས་མེད་དུ་འགྲོ་རྒྱུ་ཡིན་པར་གསུངས་སོང། ཁོང་གིས་མུ་མཐུད་ད་རེས་དཔལ་འབྱོལ་ལས་ཁུངས་ཀྱི་ངོས་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་དེ་སྤྱིར་བོད་རིགས་ཚོང་པ་དང་ལྷག་དོན་བོད་པའི་གཞོན་སྐྱེས་ཚོང་གཉེར་བའི་ཁྲོད་དེང་དུས་དང་མཐུན་པའི་རིགས་གསར་ཚོང་ལས་གོ་རྟོགས་ཀྱི་ནུས་པ་ཇེ་ཆེར་སྤེལ་ཐབས་ཆེད་ཡིན་སྐོར་སོགས་གསུངས་སོང། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔལ་འབྱོར་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འདུ་འཛོམས་འདིར་བསྔགས་བརྗོདང་དང་འབྲེལ། ལས་གཞི་དེའི་ཐོག་མཉམ་ཞུགས་གནང་མཁན་བོད་མིའི་ཚོང་གཉེར་བའི་ཁྲོད་ནས་མ་འོངས་པར་སྤྱི་ཚོགས་དང་འཐབ་རྩོད་གཉིས་ཀར་ཕན་པའི་ཚོང་གཉེར་གྲགས་ཅན་གྱི་ལོ་རྒྱུས་ཟིན་ཐོ་གསར་པ་ཞིག་ཡོང་ཐུབ་པ་བྱ་དགོས་སྐོར་སོགས་གསུངས་སོང། རྩ་བའི་ཉིན་གཉིས་རིང་བཙན་འབྱོལ་བོད་མི་ཡར་ཐོན་ཚོང་པའི་འདུ་འཛོམས་དེ་ཚོགས་དོན་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པའི་ཚོང་གཉེར་བ་གསར་རྙིང་དབར་ཕན་ཚུན་དབར་མཉམ་འབྲེལ་དང། ཡར་ཐོན་ཚོང་ལས་པར་ཚོང་ལས་གཉེར་རྒྱུའི་གདོང་ལེན་དང་གོ་སྐབས། ཚོང་ལས་ཀྱི་འཆར་གཞི་ཚད་ལྡན་བཟོ་འགོད་དང་ལག་བསྟར་བྱ་ཕྱོགས་སོགས་བརྗོད་གཞི་འདྲ་མིན་ཐད་ཆེད་ལས་མི་སྣས་གཏམ་བཤད་དང་བགྲོ་གླེང་སོགས་ཀྱི་ལས་རིམ་ཡོད་པ་རེད་འདུག

རྒྱ་གཞུང་གིས་འཛིན་བཟུང་འོག་སྒོ་དམར་ཆོས་འཕེལ་ལགས་ཤེས་རྟོགས་མེད་པར་གྱུར་པ།

བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གནས་སྟངས་ཤེས་རྟོག་མེད་པར་གྱུར་འདུག འདི་ལོའི་ཟླ་ ༧ ཕྱི་ཚེས་ ༡༠ ཙམ་རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རང་ལོ་ ༤༦ སོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་སྟབས། རྒྱ་གཞུང་གིས་ཁོང་འཛིནབཟུང་བྱེད་དགོས་དོན་གང་ཡིན་དང་ད་ལྟའི་ཆར་ཁོང་ས་གནས་གང་དུ་འཛིན་བཟུང་བྱས་ཡོད་མེད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་མ་ཟད། དེ་བས་ཀྱང་ཁོང་གི་ནང་མི་གཙོས་ཉེ་འབྲེལ་ཚོ་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག གཞི་རྩའི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ཀྱི་སྐྱེས་ཡུལ་ནི་སྒོ་དམར་སྡེ་བ་དང་ཕ་མིང་ལ་ཀླུ་བྱམས་ཡིན་པ་རེད་འདུག ཁོང་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་པ་རྒན་གྲས་ཡིན་པ་དང། རྒྱུན་དུ་ཡ་རབས་ཚུལ་མཐུན་ཅན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པ་བྱུང་འདུག

རྒྱལ་གཅེས་པ་བཀྲ་ཤིས་སྐྱིད་ལགས་ནི་ངའི་ཨ་མ་གཉིས་པ་ལྟ་བུ་ཡིན།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་སངས་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་རྭ་སྡེ་བའི་ནང་དུ་རང་ལུས་མེར་སྲེག་བཏང་མཁན། ཕྲུག་གུ་ལྔའི་ཨ་མ་བཀྲིས་སྐྱིད་ལགས་ཀྱི་བཟའ་ཟླའི་མིང་ལ་སངས་རྒྱས་སྐྱབས་དང་ཁོང་གཉིས་ལ་བུ་བཞི་དང་བོུ་གཅིག་བཅས་ཡོད་པ་ལས་བརྩོན་འགྲུས་རྒྱ་མཚོ་དང་། སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་ནི་གྲྭ་པ་ཡིན་པ་དང། གཞན་ཡོན་ཏན་རྒྱ་མཚོ་དང་བུ་མོ་ཀུན་བཟང་སྐྱིད་བཅས་ཡིན་འདུག རྒྱགར་དུ་བཅའ་བཞུགས་དམ་པ་དེ་ཉིད་ཀྱི་ཚ་བོ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གསུངས་པར། ཁོང་གི་ཨ་ནི་བཀྲིས་སྐྱིད་ལགས་ནི་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ཞེས་པའི་འབྲོག་སྡེ་དེ་ནས་ཡིན་ཞིང་། ད་ལོ་ལོ་ན་ ༥༥ སོན་གྱི་ཡོད་པ་དང། ཁོང་གི་ཁྱིམ་ཚང་གི་ཆ་རྐྱེན་ལེགས་པོ་ཡོད་པས་བླ་བྲང་དགོན་པའི་ཉེ་འགྲམ་ན་ཁང་བ་བསྟར་མ་སུམ་ཐོག་ཅན་ཞིག་དང་།བསང་ཁོག་ཡུལ་འཚོར་ཡོད་པའི་བོད་མི་ཚོས་ཁང་བ་དམར་རོ་དང་རྒྱ་མིས་འབྲོག་སྡེ་གསར་བ་རུ་འབོད་པ་དེར་ཡང་ཁང་བ་ཞིག་ཡོད་པ་ལས། མེར་སྲེག་གནང་ས་ནི་བླ་བྲང་དགོན་པ་བར་སྤྱི་ལེ་བཅུ་ཙམ་སར་ཡོད་པའི་ཁང་བ་དམར་རོའི་ནང་ཡིན་པ་རེད་འདུག འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ད་དུང། ཁོ་མོ་ནི་རྒྱུན་ལྡན་གཤིས་རྒྱུད་དྲང་ཞིང་ཀུན་ལ་སེམས་བཟང་འཆང་མཁན་ཞིག་ཡིན་པ་དང། ལྷག་པར་དགེ་སྒྲུབ་ལ་བརྩོན་པ་ཆེ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱལ་གཅེས་པ་དམ་པ་དེ་ཉིད་ཁོང་གི་ཨ་མ་གཉིས་པ་ནང་བཞིན་ཡིན་པའི་འགྲེལ་བརྗོད་གནང་གི་འདུག རྩ་བའི་གསང་ཆུ་རྫོང་ནང་དེ་སྔ་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ པའི་ནང་རང་ལོ་ ༡༨ སྲོན་པའི་རྒྱལ་གཅེས་པ་སངས་རྒྱས་བཀྲིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་འགྱུར་ཡོད་པ་དང། ཁོང་ཡང་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་བུ་སྤུན་རེད་འདུག ད་རེས་ཚེས་༢༧་ཉིན་རང་ལུས་མེར་བསྲེགས་གནང་མཁན་བཀྲིས་སྐྱིད་ལགས་དེ་སྔ་རྒྱ་གར་ནང་ཕྱི་ལོ་ ༢༠༡༢ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མཚོན་པའི་ཐེངས་གཉིས་ཕེབས་མྱོང་ཡོད་པ་ཞིག་ཡིན་པ་དང། ད་ལྟའི་ཆར་གསང་ཆུ་རྫོང་ནང་དམ་དྲག་ཆེ་བའི་རྐྱེན་གྱིས་དམ་པ་དེ་ཉིད་ནས་རང་ལུས་མེར་སྲེག་གནང་དོན་དང་སྐབས་དེར་ཞི་རྒོལ་གྱི་འབོད་ཚིག་གང་ཡིན་སོགས་ཀྱི་ཐད་ཁ་གསལ་ཤེས་རྟོགས་བྱུང་མེད།

བཙན་བྱོལ་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞེ་དགུ་སྲུང་བརྩི་ཞུས་པ།

ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་སྐུ་བཀྲོངས་ནས་ཞག་ཞེ་དགུ་འཁོར་བའི་འདས་མཆོད་དང་བསྟུན། དེ་རིང་བཞུགས་སྒར་མཚོན་པའི་བོད་མི་གནས་སྡོད་གང་སར་ཆོས་ཕྱོགས་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་བཞིན་འདུག ཟླ་ ༨ ཕྱི་ཚེས་ ༢༩ ཉིན་རྒྱབ་ཚོུད་ ༣ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་མཆོད་ལམ་སྨོན་ལམ་ཞིག་ཚོགས་པར་རྡ་ས་གནས་སྡོད་བོད་མི་སེར་སྐྱ་མང་ཚོགས་བརྒྱ་སྐོར་ལྷག་ཙམ་ལྷན་བཞུགས་གནང་འདུགསྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་གསུངས་དོན་ལ་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་ཐད་རྒྱལ་སྤྱིའི་ཐོག་བསྟུད་མར་ཞུ་གཏུགས་ཞུས་ཡོད་ཀྱང་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་བྱུང་མེད་པ་མ་ཟད། ལྷག་དོན་རྒྱ་གཞུང་ནས་གནད་དོན་དེར་དྲང་བདེན་རྩ་བ་ནས་བྱེད་མེད་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་སོང། དུས་མཚུངས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་དུ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་དང། ཚེ་རིང་དོན་ལྡན་གླིང། དོན་གྲུབ་གླིུང། དེ་བཞིན་རཱཇ་པུར་བཅས་ས་གནས་ཁག་བཞིའི་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་མཉམ་སྦྲེལ་ཐོག་མཆོད་འབུལ་སྨོན་ལམ་དང་མཆོད་མེ་སྟོང་མཆོད་སོགས་ཆོས་ཕྱོགས་ཀྱི་བྱ་བ་རྒྱ་ཆེ་བ་གནང་བ་མ་ཟད། ས་གནས་ཀྱི་ཡུལ་མི་ཉམས་ཐག་རྣམས་ལ་སྒོར་ཆིག་འབུམ་ལྔ་ཁྲི་ལྷག་གི་ཞལ་ལག་བགོད་འགྲེམས་གནང་རྒྱུ་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བར་སྤེལ་འདུག གཞན་ཡང་ཡོ་རོབ་འཇར་མ་ནི་རྒྱལ་ས་ Berlin ནང་དུ་ཁུལ་དེའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་ཞིག་སྤེལ་ནས་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེར་སྐྱོན་བརྗོད་གནང་བ་དང་། ཆབས་ཅིག་རིན་པོ་ཆེ་བཙོན་ཁང་སྐུ་བཀྲོངས་སོང་བའི་རྒྱུ་རྐྱེན་སོགས་ཁ་གསལ་བྱེད་དགོས་པའི་ནན་བརྗོད་གནང་འདུག འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ Nadine Baumann ལགས་ཀྱིས་རིན་པོ་ཆེ་དགོངས་པ་རྫོགས་པའི་གནད་དོན་ཐད་བློ་ཕམ་དང་འབྲེལ། རིན་པོ་ཆེའི་གནད་དོན་ལ་རྒྱལ་སྤྱིའི་རང་དབང་བདེན་པའི་རྟོག་ཞིབ་གནང་དགོས་པའི་དགོས་འདུན་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་དོན་འཇར་མན་གཞུང་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་འབོད་གནང་འདུག

རྒྱལ་གཅེས་པ་བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས། བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པའི་བཀྲ་ཤིས་སྐྱིད་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་ཁ་སང་གདོང་དྲོ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག དེ་རིང་བོད་ཀྱི་དུས་བབ་གསར་ཁང་ནས་དེ་དོན་གནས་ཚུལ་སྤེལ་བར་གཞིགས་ན། བཀྲི་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་རིང་པོ་མ་སོང་བར་ཡུལ་མི་ཚོས་མཐོང་སྟེ། ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་ཞུས་ཀྱང་། བོད་ནང་གི་ཐོ་རེངས་ཆུ་ཚོད་ ༣ པ་ཡས་མས་སུ་སྐུ་གྲོངས་ཡོད་པ་རེད་འདུག དེ་རིང་ཞོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་མང་པོ་ས་གནས་སུ་སླེབས་ནས་རྒྱལ་གཅེས་པ་དེ་ཉིད་ཀྱི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་རེད་འདུག རྒྱལ་གཅེས་པ་བཀྲིས་སྐྱིད་ལགས་དམ་པ་དེ་ཉིད་ནི་ལོ་འདིའི་ནང་གི་རང་ལུས་མེར་སྲེག་གནང་མཁན་བདུན་པ་དེ་ཡིན་པ་དང། ཕྱི་ལོ་༢༠༠༩ནས་ད་བར་གཞིས་ལུས་བོད་མི་༡༤༢ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་ཡོད་པ་རེད། ད་ལྟའི་སྐབས་སུ་གནས་ཚུལ་དེ་ཙམ་ལས་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་མེད།

བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་དྲུག་པའི་ནང་དོན་ལ་གཞིགས་ན་སྐབས་སྔ་མའི་སྲིད་བྱུས་ཁག་ལམ་ལྷོང་བྱུང་མེད་ཚོད་གསུངས་འདུག

བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi ལགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་དྲུག་པའི་ནང་དོན་ལ་གཞིགས་ན་སྐབས་སྔ་མའི་ཚོགས་འདུའི་སྲིད་བྱུས་ཁག་ལམ་ལྷོང་བྱུང་མེད་པར་ངོས་འཛིན་གནང་འདུག ཉེ་ཆར་ཟླ་ ༨ ཕྱི་ཚེས་ ༢༣ དང་ ༢༤ བཅས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཚོགས་པའི་རྒྱ་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi ལགས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བ་དེའི་ནང་དོན་ལ་གཞིགས་ན། ཁོང་གིས་དཔྱད་བརྗོད་དེའི་ཐོག་མར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུའི་གྲུབ་ཆའི་སྐོར་དང་འབྲེལ། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དབུ་བཞུགས་ཐོག་སྲིད་བློན་ལི་ཁེ་ཆང་སོགས་དབུས་ཆབ་སྲིད་ལྷན་ཁང་གི་འགོ་གཙོ་ཁག་ཕེབས་ཡོད་པ་གསལ་སྟོན་དང། ས་གནས་ཀྱི་ཆ་ནས་འབྲེལ་ཡོད་བོད་རང་སྐྱོང་ལྗོངས་དང།སི་ཁྲོན་དང་ཡུན་ནན། ཀན་སུའུ་དང་མཚོ་སྔོན་བཅས་ཞིང་ཆེན་བཞི་ཡི་དཔོན་རིགས་ཁག་ཅིག་སོགས་ཕེབས་ཡོད་པའི་སྐོར་གསུངས་འདུག ལྷག་དོན་ཁོང་གིས་དཔྱད་བརྗོད་དེའི་ནང་སྲིད་འཛིན་ཞི་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱི་གཏམ་བཤད་ཁག་ཅིག་ལུང་འདྲེན་ཞུས་ནས་གཏམ་བཤད་དེ་དག་བོད་དང་རྒྱ་གར་གཉིས་ལ་མཚམས་མིན་དང་ཉེན་ཁ་ཆགས་ཚུལ་སྐོར་ལ་གསུངས་གནང་འདུག ད་དུང་ཁོང་གིས་བོད་ཀྱི་ལས་དོན་ཚོགས་འདུ་དེའི་ཐོག་སྲིད་འཛིན་ཞི་ཡིས་བློ་བརྟན་འགྱུར་མེད་སྒོ་ནས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོ་ནས་དམངས་ཀྱི་འཚོ་བའི་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཚོན། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཚུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་གསུངས་ཡོད་པ་དེས། རྒྱ་ནག་གཞུང་གིས་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་ཟེར་ཡང་། ས་གནས་ས་ཐོག་གི་མང་ཚོགས་རྣམས་དབུལ་ཞིང་ཕོང་ནས་མུ་མཐུད་འཚོ་བའི་དཀའ་ངལ་འཕྲད་མུས་ཡིན་པའི་ཁས་ལེན་གསལ་པོ་ཞིག་ཆགས་ཀྱི་ཡོད་པ་དང། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཚུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཞེས་བརྗོད་ནས། ཞིང་འབྲོག་མང་ཚོགས་རྣམས་གྲོང་ཁྱེར་དུ་སྤོ་གཞུག་བྱེད་བཅུག་པའི་སྲིད་བྱུས་དེ་དོན་དངོས་ཕུགས་ལ་མང་ཚོགས་ཀྱི་ཕན་ཐོགས་ཤིག་གྱུར་མིན་དྲི་བ་ཞིག་ཡིན་པར་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Claude Arpiལགས་ཀྱིས་ཞི་ཅིང་ཕིང་གི་ཚོགས་འདུའི་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། དེ་བཞིན་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིེས་ཏེ། བློ་བརྟན་གྱུར་མེད་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་དང་རྡུང་རྡེག་ཚ་ནན་བྱེད་པའི་འཐབ་རྩོད་སྤེལ་དགོས་སྐོར་གསུང་ཡོད་པ་དེ་ཡིས། རྒྱ་ནག་གཞུང་དེ་ད་དུང་འཇིགས་དངངས་འོག་ཡོད་པ་དང། འདས་པའི་ལོ་ངོ་ ༦༠ རིང་བརྟན་ལྷིང་སྐྲུན་ཐུབ་མེད་པའི་དངོས་གནས་ར་ཕྲོད་ཀྱི་ཡོད་པ་མ་ཟད། དེ་བཞིན་ཁ་བྲལ་ལ་འགོག་རྒོལ་བྱ་རྒྱུའི་བཀའ་མོལ་སོགས་ནས། སྐབས་སྔ་མའི་བོད་སྐོར་གྱི་ལས་དོན་ཚོགས་འདུའི་སྲིད་བྱུས་ཁག་ལམ་ལྷོང་མ་བྱུང་བ་གསལ་པོ་ཆགས་སྐོར་གསུངས་འདུག དེ་བས་ཀྱང་ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་དེ་སྔ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་དོན་རྐྱེན་དེ་ནི་མང་ཚོགས་ནས་རྒྱ་གཞུང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་ལ་ངོས་ལེན་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད་པ་སོགས་གསུངས་འདུག རྩ་བའི་ཁོང་གི་དཔྱད་བརྗོད་དེའི་ནང་གཞན་ཡང་རྒྱ་ནག་གཞུང་གི་ཡར་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་ཁོངས་བོད་ནང་གནམ་ཐང་དང་གཞུང་ལམ། མེ་འཁོར་ལྕགས་ལམ་དང་ཆུ་མཛོད་ཆུ་རག་སོགས་རྒྱག་གི་ཡོད་པ་དེ་ནི་རྒྱ་གར་ལ་སེམས་ཁྲེལ་སྐྱེས་གཞི་ཞིག་ཀྱང་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག

རྡ་རྨ་ས་ལ་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁོངས་སུ་འདེམས་པ།

རྡ་རམ་ས་ལ་དེ་བཞིན་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་ (Smart City) འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་རེད། ཟླ་ ༨ ཕྱི་ཚེས་ ༢༧ ཉིན་རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་ལས་ཁང་བློན་ཆེན་ Venkaiah Naidu ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ནང་ནས་ Smart City དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་སྤེལ་ཡུལ་ས་གནས་ཁག་ ༡༠༠ མིང་ཡོངས་གྲགས་བྱས་འདུག ཐོ་གཞུང་དེའི་ནང་ཧི་མཱ་ཅལ་མངའ་ཁོངས་ནས་དྷ་རྨ་ས་ལ་ས་གནས་གཅིག་བུ་འདེམས་ཐོན་བྱུང་འདུག ད་རེས་རྒྱ་གར་དབུས་གཞུང་གི་དེང་དུས་ཅན་གྱི་གྲོང་ཁྱེར་ཞེས་པའི་འཛུགས་སྐྲུན་ཀྱི་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི། རྡ་རམ་ས་ལ་དེ་བཞིན་དེང་དུས་དང་མཐུན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་འཆར་ཞིག་རེད་འདུག ལས་གཞི་དེ་བརྒྱུད་ནས་ས་གནས་མང་ཚོགས་ཀྱི་འཐུང་ཆུ་ཡར་རྒྱས་དང། དྲ་ཐོག་བརྒྱུད་ལམ་ཁག་ཡར་རྒྱས་དང། མོ་ཊ་འཇོག་སའི་ས་མཁྱོན་རྒྱ་ཆེ་རུ་གཏོང་རྒྱུ་དང། དེ་བཞིན་གཞུང་ལམ་རྒྱ་སྐྱེད་གཏོང་རྒྱུ་སོགས་ལས་གཞི་མང་པོ་ཞིག་ཡོད་པར་བརྟེན་ད་ལན་དྷ་རྨ་ས་ལའི་འཛུགས་སྐྲུན་ལས་གཞིའི་དེའི་ཆེད་རྒྱ་གར་དབུས་གཞུང་ནས་ཧིན་སྒོར་ཐེར་འབུམ་ལྔ་གནང་རྒྱུ་རེད་འདུག

Latest news