Tibetan Royal Year of 2151 | Year of the Wood Dragon

འོས་བསྡུ་ཆེན་མོ། ༢༠༢༡

སྐབས་ ༡༧ པའི་སྤྱི་འཐུས་རྣམ་པའི་དབར་བཞུགས་མོལ་ཚོགས་འདུ་འཚོགས་གཏན་འཁེལ་བ།

སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཁྲོད་སྤྱི་འཐུས་རྣམ་པ་ཤོག་ཁག་གཉིས་སུ་གྱེས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པའི་ངལ་བ་འཕྲད་བཞིན་པ་དེ་སེལ་ཆེད་ཟླ་བ་འདིའི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་ཡོངས་མཉམ་འཛོམས་ཐོག་ནས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུགདེ་རིང་སྤྱི་ཚོགས་དྲ་ལམ་ཐོག་སྐབས་ ༡༧ པའི་ཕྱི་རྒྱལ་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་གཞན་རྣམས་ལ་ཕུལ་བའི་ཕྱག་ཡིག་ཞིག་ཡོངས་གྲགས་བྱུང་འདུག་པར་ཕྱག་སྦྲེལ་སྤྱི་འཐུས་ཡོངས་ནས་ནང་མོལ་ཚོགས་འདུར་ཞུགས་རྒྱུའི་ཐུགས་ཐག་བཅད་གནང་བ་ལྟར་ཟླ་བ་འདིའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་གྱི་ཕྱག་ཚོད་ ༥ བར་དུ་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་རྒྱུ་དང།  ནང་མོལ་ཚོགས་འདུ་དེ་དངོས་སུ་ཟླ་ ༩ ཚེས་ ༢༧ ཉིན་རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༩༌༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གང་རུང་ཞིག་ཏུ་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས་བཀོད་འདུག གསར་འགོད་པས་ཨོ་སི་ཊོ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཕྱག་ཡིག་ནང་དུ་འཁོད་དོན་ལྟར་གོང་ཚེས་ཉིན་བཞུགས་མོལ་ཚོགས་འདུ་གནང་རྒྱུ་དང་ངལ་བ་དེ་སེལ་ནས་གྲོས་ཚོགས་འཚོགས་རྒྱུ། ཚོགས་གཙོ་སྦྲེལ་པོ་འོས་འདེམས་གནང་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་གནང་རྒྱུ་སོགས་ཀྱི་ཕྱག་ལས་ཁག་རྣམ་ཀུན་བཞིན་གནང་ཐུབ་པར་སྤྱི་འཐུས་ ༤༥ ཚང་མར་འོས་འགན་ཡོད་སྟབས་དེ་ལྟར་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད།དེ་བཞིན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་རིང་མིན་འཚོགས་གཏན་ཁེལ་བའི་བཞུགས་མོལ་ཚོགས་འདུ་གྲ་སྒྲིག་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་འབྲེལ་ཡོད་ཚོ་དང་གྲོས་བསྡུར་གནང་མུས་ཡིན་པར་གསུངས་ཡོད།རྩ་བའི་འདི་ལོའི་ཕྱི་ཟླ་ ༣ ནང་ཚོགས་པའི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་ལྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཨང་ ༣༩ པ་དེ་གཏན་འབེབས་དང་འབྲེལ་ཏེ་ཁྲིམས་ཞིབ་པ་རྣམས་ལས་གནས་ལས་ཕྱིར་བཤོལ་གནང་བའི་རྗེས་སུ་ཁྲིམས་ཞིབ་པ་གསར་འདེམས་ཆེད་མི་འགྲོ་མ་རག་པ་དང་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པའི་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ། དེ་རྗེས་ཁྲིམས་ཞིབ་པ་རྣམ་པས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བ་དང་འབྲེལ་ལས་ཁུར་རྒྱུན་སྐྱོང་གནང་བ་སོགས་ཀྱི་གནང་སྟངས་ཁྲོད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོའི་སྐབས་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ ༢༡ ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་། མདོ་སྟོད་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གཙོས་སྤྱི་འཐུས་གཞན་གཉིས་བཅས་སྤྱི་འཐུས་ ༢༢ ཀྱིས་གྲོས་ཚོགས་ཀྱིས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་དྲུང་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་ཐབས་མེད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུས་པའི་རྐྱེན་གྱིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཚོགས་གཙོ་སྦྲེལ་པོ་འོས་འདེམས་ཀྱི་ལས་རིམ་གནང་ཐབས་མེད་སྐོར་གསུངས་ཡོད། གང་ལྟར་ད་བར་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཆ་ཚང་བ་ཞིག་བྱུང་མ་ཐུབ་པ་དང་དེའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པ། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་མ་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་དང་འཕྲད་མུས་རེད།བཙན་བྱོལ་བོད་མིའི་ཁྲོད་གནད་དོན་དེའི་ཐོག་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེན་སྟོན་མཁན་བྱུང་དང་འབྱུང་བཞིན་པ་མ་ཟད། སྤྱི་འཐུས་ཁག་ཅིག་དང་བཀའ་ཟུར། ཚོགས་སྡེ་ཁག་འདྲ་མིན་གྱིས་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཆེད་བཏོན་གནང་བ་དང་། ལ་ལས་དམ་འབུལ་ཞུ་ཕྱོགས་ཁག་གཉིས་ཀར་ངོས་བཞེས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་ཁག་རྒྱུན་སྐྱོང་དགོས་པ། དེ་བཞིན་ཁག་ཅིག་གིས་བཅའ་ཁྲིམས་དོན་ཚན་ ༤༧ ནང་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཏེ་རྗེས་སུ་གྲོས་ཚོགས་ཚོགས་རྗེས་ཡིག་ཆ་ཨང་ ༣༩ ཐོག་ཕེབས་དགོས་པ། ཡང་གཞན་ཁག་ཅིག་གིས་ཁྲིམས་ཞིབ་པ་རྣམ་པ་ལས་གནས་ནས་དགོངས་ཞུ་གནང་དགོས་པ་སོགས་ཞུ་སྐུལ་འདྲ་མིན་གནང་ཡོད་ཀྱང་ད་ལྟའི་ཆར་ངལ་བ་དེ་མུ་མཐུད་ནས་ལྷག་བཞིན་པའི་ཁྲོད་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཀྱང་འཚོགས་མ་ཐུབ་པའི་གནས་སྟངས་གྱུར་ཡོད་པ་རེད།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བདམས་ཐོན་བྱུང་སོང་།

དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གཙོས་པའི་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། དེ་བཞིན་གསར་ཁང་ཁག་གི་གསར་འགོད་པ་བཅས་ལྷན་བཞུགས་ཐོག་དྲ་ལམ་བརྒྱུད་ཏེ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་སྦྲགས། ཉེ་ཆར་མཇུག་སྒྲིལ་ཟིན་པའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཡོད།དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༩ དང་། དོན་ཚན་ ༥༢ པའི་དགོངས་དོན་གཞིར་བཟུང་གསལ་བསྒྲགས་གནང་བར་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམསཀྱི་གྲུབ་འབྲས་ལ་གཞིགས་ན། ཐེངས་འདིའི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༨༣,༠༨༠ བྱུང་བའི་ཁོངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༦༣,༩༩༡ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་ཁྱོན་འོས་གྲངས་ ༣༤༣༢༤ དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ཁྱོན་འོས་གྲངས་༢༨༩༠༧ བཅས་ཐོབ་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་པ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འདེམས་ཐོན་བྱུང་འདུག འབུས་འོས་བསྡུ་ལས་ཁང་གིས་ད་རེས་གསལ་བསྒྲགས་གནང་པ་ལྟར་བྱས་ན། ད་རེས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་འོས་བསྡུའི་ནང་ཆ་སྙོམས་འོས་འཕེན་པའི་རྒྱ་ཆ་ ༧༧་༠༢ ཆགས་ཀྱི་ཡོད་པ་དེ་ནི། ད་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པ་ཆ་ཤས་བཞེས་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་སྤྱི་འཐུས་གསར་པ་ ༡༨ བྱུང་འདུག་པ་དང་། དེ་དག་ཁྲོད་ནས་དབུས་གཙང་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི་དང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་ལྔ། མདོ་སྨད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི། དེ་བཞིན་གཡུང་དྲུང་བོན་ཁྱབ་ཁོངས་ནས་སྤྱི་འཐུས་གསར་པ་གཅིག་དང་། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་གསར་པ་གཉིས། ཡོ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་ནས་སྤྱི་འཐུས་གསར་པ་གཅིག རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡ་ཁུལ་ནས་སྤྱི་གཐུས་གསར་པ་གཅིག་བཅས་ཆགས་ཀྱི་འདུག་པ་དང་། ཁྱོན་འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་ ༩ བེུད་ཆགས་ཀྱི་འདུག ད་རེས་འདེམས་ཐོན་བྱུང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གནང་པའི་ཚེ་གྲངས་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུ་རྒྱུ་དང་། དེ་བཞིན་སྲིད་སྐྱོང་ལས་ཐོག་མཆོག་ནས་དེ་སྔ་བརྒྱུད་ལམ་ཁག་ཏུ་གསུངས་པ་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་ཚེས་གྲངས་འོས་འཚམས་ཤིག་ཡོད་སྐོར་གསུངས་ཡོད་ཀྱང་། ད་ལྟའི་ཆ་ལ་ཉེ་དུས་སྐབས་༡༦ པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ ཐོག་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་པ་འཕོ་འགྱུར་བཏང་་བའི་གནས་སྟངས་ལས་འཕྲོས་ཏེ། དམ་འབུལ་ཞུ་ཡུལ་གྱི་ཁྲིམས་ཞིབ་པ་མེད་པ་སོགས་དང་འབྲེལ་ད་ལྟའི་ཆ་ལ་སྲིད་སྐྱོང་དང་ཚོགས་གཙོ་སྦྲེལ་པོའི་དམ་འབུལ་གྱི་གནས་སྟངས་ཇི་ཆགས་གསལ་ཁ་མེད་པ་རེད། གནད་དོན་དེའི་ཐོག་དེ་རིང་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་རྣམས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་སྤྱི་ཁྱབ་འགན་འཛིན་མཆོག་ནས་ནས། དམ་འབུལ་གྱི་གནས་སྟངས་ཐོག་འོས་བསྡུ་ལས་ཁང་ནས་ཐད་ཀར་ཞུ་ཐུབ་ཡག་གང་ཡང་མེད་པ་སོགས་གསུངས་ཡོད།   དེ་རིང་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཟིན་མ་ཐག འདི་ག་རླུང་འཕྲིན་ཁང་ནས་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འབྲེལ་བ་ཞུ་སྐབས། ཐེངས་འདིའི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁག་གླེང་སློང་གང་ཡང་མེད་པར་གནང་ཐུབ་པ་དེ་ནི་མང་གཙོའི་རྒྱལ་ཁ་ཞིག་ཡིན་པ་དང་། ད་ཆ་འོས་བསྡུའི་ལས་རིམ་ཁག་མཇུག་སྒྲིལ་ཟིན་ཡོད་སྟབས་འོས་བསྡུ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གླེང་སློང་རྣམས་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་གནང་སོང་པ་མ་ཟད། དམ་འབུལ་ཟིན་པའི་ཉིན་མོ་ནས་བཟུང་སྟེ་མི་མང་གི་རེ་བ་ཡིད་ཆེས་གནང་པ་ཁག་ཆུད་ཟོས་སུ་མི་གཏོང་བར། བོད་རྒྱའི་དཀའ་རྙོག་གསལ་ཐབས་གཙོས་པའི་བོད་མིའི་བདེ་དོན་ལྟ་སྐྱོང་སོགས་ལས་དོན་མང་པོ་ཞིག་སྒྲུབ་དགོས་པ་རྣམས་ཐོག་མའི་དམ་བཅའ་གཞིར་བཟུང་ནུས་པ་གང་ཡོད་སྤུངས་རྒྱུའི་ཆོད་སེམས་བརྟན་པོ་ཡིན་ཞེས་གསུངས་བྱུང་།  དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་འབྲེལ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་ཡང་། ཁོང་སྒེར་གྱི་ངོ་དེབ་ཐོག་འོས་བསྡུའི་གྲུབ་འབྲས་དང་འབྲེལ། མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལ། ༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། འོས་བསྡུའི་ཐོག་མཐའ་བར་གསུམ་གྱི་ལས་དོན་ཁྲོད་རྒྱབ་བསྐྱོར་གནང་མཁན་སྤྱི་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་ལས་དོན་རྣམས་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་འཚམས་འདྲི་ཞུས་གནང་བ་མ་ཟད་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་དགོས་པའི་རེ་སྐུལ་དང་སྲིད་སྐྱོང་གསར་བར་མཐུན་འགྱུར་རོགས་རམ་ཞུ་དགོས་བའི་སྐུལ་མ་གནང་འདུག གཞི་རྩའི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དེ་བཞིན་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༥ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ དང་། ཕྱི་ཟླ་ ༤ ཚེས་ ༡༡ སོ་སོར་བོད་མི་གནས་ཡུལ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ གྱི་ནང་ལ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་གནང་ཡོད་པ་དང་། དེ་རིང་དངོས་གཞིའི་འོས་བསྡུའི་གྲུབ་འབྲེས་གསལ་བསྒྲགས་དང་སྦྲགས་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་འབྲེལ་ཡོད་ལས་བྱེད་དང་། འོས་བསྡུའི་ལས་རིམ་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཁག དེ་བཞིན་མང་ཚོགས་བཅས་ནས་འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

དྲྭ་ཐོག་བརྒྱུད་དངོས་གཞིའི་དྲིལ་བསྒྲགས་ལས་དོན་དབུ་འཛུགས།

ཁ་ཉིན་ཕྱི་ཚེས་ ༢༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་ཁག་ཡོངས་ཁྱབ་གནང་བ་དང་ཆབས་ཅིག འོས་གཞི་རྣམས་ནས་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་གྱི་དྲིལ་བསྒྲགས་ལས་དོན་ཁག་གནང་ཆོག་པའི་གསལ་བསྒྲགས་གནང་ཟིན་པ་ལྟར་སྲིད་སྐྱོང་གི་འོས་གཞི་ཨ་རིའི་དོན་ཟུར་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ངོ་དེབ་ཐད་གཏོང་བརྒྱུད་དེ་སྔོན་འགྲོའི་མཇུག་སྡོམ་དང་དངོས་གཞིར་ཕྱོགས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་སྦྲགས་དངོས་གཞིའི་དྲིལ་བསྒྲགས་ཀྱི་ལས་དོན་ཁག་དབུ་འཛུགས་གནང་ཡོད།གསུང་བཤད་ཀྱི་ཐོག་མ་དེར་སྤེན་པ་ཚེ་རིང་ལགས་ཀྱི་གཞི་རྩའི་ལྟ་གྲུབ་སྤྱི་སྙོམས་དྲང་བདེན་ཞེས་པའི་ཐོག་གསར་རྩོམ་གནང་བའི་གླུ་གཞས་རྒྱང་བསྲིངས་གནང་སོང་བ་དང་། སྤེན་པ་ཚེ་རིང་ལགས་ཀྱིས་སྔོན་འགྲོའི་འོས་བསྡུའི་སྐབས་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཁག་ལ་ཕྱོགས་བསྡོམས་གནང་བ་དང་འབྲེལ་ཏེ་འོས་བསྡུར་ཆ་ཤས་བཞེས་མཁན་སྤྱི་དང་ལྷག་པར་དུ་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དངོས་གཞིའི་དྲིལ་བསྒྲགས་ཀྱི་ལས་དོན་དང་འབྲེལ་ནས་བོད་མི་མི་རེ་ངོ་རེ་ནས་བོད་སྤྱིའི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་ཐུབ་རྒྱུར་ཆེད་དམིགས་ཀྱིས་བོད་མི་སྤྱི་དང་སྒོས་གཞོན་སྐྱེས་ཁྲོད་ནས་ལོ་རེ་རེ་ལ་ཉིན་གྲངས་གཅིག་དང་ཡང་ན་བདུན་ཕྲག་གཅིག་གཉིས་གང་རུང་ལ་རང་གི་ངོས་ནས་དུས་ཚོད་ཟུར་འདོན་གྱིས་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཀྱི་མིང་གཞུང་བསྡུ་རུབ་ཐོག་ལས་གཞི་ཁག་དྲ་ཐོག་ནས་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། དེའི་ནང་མཉམ་ཞུགས་གནང་མཁན་ཚོར་མ་འོངས་པར་ཕྱི་དྲིལ་ལས་ཁུངས་བརྒྱུད་བོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་དུས་ཐོག་ལ་གནང་རྒྱུ་ཙམ་མིན་པར་དགོས་ངེས་ཅན་གྱི་ཟབ་སྦྱོང་སོགས་གནང་སྟེ་མ་འོངས་པར་རྒྱལ་སྤྱིའི་གཞུང་དང་སྲིད་གཞུང་ཁག་ལ་བོད་མི་མང་ནས་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཐུབ་པ་བཟོ་རྒྱུ་དང་། གཞོན་སྐྱེས་ཁྲོད་འགོ་ཁྲིད་གང་མང་འཐོན་རྒྱུ་སོགས་ཀྱི་དགེ་མཚན་ཡོད་སྐོར་གསུངས་ཡོད།   སྔོན་འགྲོའི་འོས་བསྡུའི་སྐབས་ཞུས་དོན་བཞིན་ནད་ཡམས་ཁྱབ་གདལ་གྱི་རྐྱེན་གྱིས་ས་གནས་ཁག་ལ་ཕྱོགས་བསྐྱོད་དྲིལ་བསྒྲགས་གནང་རྒྱུ་མིན་པའི་ཁས་ལེན་ཞུས་པ་ལྟར་དངོས་གཞིའི་སྐབས་སུ་ཡང་ཕྱོགས་སྐྱོད་རིགས་གང་ཡང་གནང་རྒྱུ་མིན་པ་དེ་ལྟར་ཡང་། དངོས་གཞིའི་འོས་བསྡུ་ཆེན་མོ་མ་བསླེབ་ པའི་བར་དུ་དྲྭ་ཐོག་བརྒྱུད་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཕྱོགས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས། དེ་བཞིན་བོད་ཕྲུག་ཚོར་དོན་སྙིང་ལྡན་པའི་ཤེས་ཡོན་སྤྲོད་ཕྱོགས་དང་མང་གཙོ་འཕེལ་རྒྱས་སོགས་བརྗོད་གཞི་མི་འདྲ་བཅུ་གཉིས་ཙམ་གྱི་ཐོག་ནས་བགྲོ་གླེང་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བང་སྒྲིག་པ་ཁག་ཡོངས་གྲགས་གནང་ཡོད།  དེ་བཞིན་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་དངོས་གཞིའི་དྲིལ་བསྒྲགས་དང་འབྲེལ་བའི་གསུང་བཤད་ཀྱི་ལས་རིམ་ཐོག་ཁོང་ཉིད་མ་འོངས་པར་སྲིད་སྐྱོང་དུ་འདེམས་འཐོན་བྱུང་ཚེ་བོད་ཀྱི་རྩ་དོན་སྒྲུབ་ཐབས་གཙོས་མ་འོངས་པའི་ལས་འཆར་དང་འབྲེལ་བའི་ Manifesto ཞེས་སྲིད་བྱུས་ཀྱི་བསྒྲགས་གཏམ་གྱི་དེབ་ཆུང་ཞིག་ཡོངས་གྲངས་གནང་ཡོད།གཞི་རྩའི་སྤེན་པ་ཚེ་རིང་ལགས་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས། དེ་བཞིན་གོམ་པ་མདུན་སྤོ་བཅས་གཞི་རྩའི་ལྟ་གྲུབ་གསུམ་གྱི་ཐོག་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་ཞུགས་ཡོད་པ་དང་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་སུ་ཁོང་ལ་ཁྱོན་འོས་གྲངས་ ༢༣༧༦༢ ཐོབ་ཡོད་པ་རེད།

བཞུགས་སྒར་ནས་དངོས་གཞིའི་དྲིལ་བསྒྲགས་ལས་དོན་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༢༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་ཁག་ཡོངས་ཁྱབ་གནང་བ་དང་ཆབས་ཅིག འོས་གཞི་རྣམས་ནས་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་གྱི་དྲིལ་བསྒྲགས་ལས་དོན་ཁག་གནང་ཆོག་པའི་གསལ་བསྒྲགས་གནང་ཟིན་པ་ལྟར་སྲིད་སྐྱོང་གི་འོས་གཞི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ ཐོག་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་ཚོགས་ཁང་གསར་པར་ས་གནས་མང་ཚོགས་རྣམས་ལ་རང་ཉིད་ཀྱི་ངོ་སྤྲོད་དང་སྲིད་སྐྱོང་གི་འོས་གཞིར་བཞེངས་དོན་གང་ཡིན། ལྷག་པར་དུ་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་བརྒྱུད་དངོས་གཞིའི་དྲིལ་བསྒྲགས་ཀྱི་ལས་དོན་དབུ་འཛུགས་གནང་སོང་།ཁ་སང་དྲིལ་བསྒྲགས་ལས་དོན་གྱི་ཐོག་མར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་ངོ་སྤྲོད་བརྙན་ཐུང་ཞིག་གཟིགས་འབུལ་དང་སྦྲགས་དངོས་གཞིའི་འོས་བསྡུའི་སྐབས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་ནས་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བ་དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་གསུང་བཤད་ཁྲོད་གཅིག་སྒྲིལ་དང་འབྲེལ་ནས་བོད་མི་རྣམས་གཅིག་སྒྲིལ་ཐོག་ཁྲིད་ཐབས་སུ་ཐབས་བཟང་ཤོས་གཅིག་པོ་དེ་ནི་བོད་མི་རྣམས་འཐབ་རྩོད་ཀྱི་ཕྱོགས་སུ་ཁྲིད་ཐུབ་རྒྱུ་དེ་ཡིན་སྟབས་མ་འོངས་པར་སྲིད་སྐྱོང་དུ་འོས་འདེམས་བྱུང་ཚེ་འཐབས་རྩོད་ཀྱི་ཐོག་ནུས་པ་རྒྱ་ཆེ་རུ་གཏང་རྒྱུ་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་དང་འཐབ་རྩོད་ཐོག་སྔོན་རྩིས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༢༣ ཙམ་གནང་བཞིན་པ་དེར་སྤར་ཐབས་གནང་གི་ཡིན་ཞེས་གསུངས་ཡོད།  བོད་མིའི་སྒྲིག་འཛུགས་འདི་དེང་དུས་དང་མཐུན་པ་ཞིག་བཟོ་རྒྱུར་འཕྲུལ་ཆས་རིགས་གང་མང་སྤྱོད་ཐུབ་ཐབས་ལ་འབད་རྒྱུ་མ་ཟད། ཤེས་ཡོན་དང་འབྲེལ་བའི་ལས་གཞིའི་ཁྲོད་གནས་བབ་ཇི་ཆགས་ཐད་ཞིབ་འཇུག་དང་། རྒྱལ་རབས་སློབ་ཚན། ལྷག་དོན་བྱིས་པའི་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་རྒྱུ། དེ་བཞིན་བོད་མི་གནས་ཡུལ་གཞིས་ཆགས་ཁག་ལ་འཚོ་ཐབས་དང་སྲ་བརྟན་ལ་དམིགས་པའི་འཛུགས་སྐྲུན་གྱི་ལས་གཞི། བོད་ཀྱི་སྐད་ཡིག ལེགས་བྱང་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་སོགས་གཞི་རྩའི་དོན་ཚན་གཙོ་བོ་ལྔའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་པར་གསུངས་ཡོད།དེ་བཞིན་ས་གནས་དྷརྨ་ས་ལའི་མི་མང་ལ་དམིགས་ཏེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དང་མངའ་སྡེ་གཞུང་དང་འབྲེལ་བ་ཞུས་ཏེ་བོད་པའི་ཁྲོམ་ས་ཟུར་འཛུགས་གནང་ཐབས་ཐོག་དགོངས་པ་བཞེས་ཀྱི་ཡོད་པ་སོགས་གསུངས་ཡོད།   དབུ་དཀར་ཚང་སྐར་བཟང་རྡོ་རྗེ་ལགས་ཀྱིས་གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ལས་འགུལ་དང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱ་སྐྱེད་གནང་སྟངས་དང་། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ཏེ་དབུ་མའི་ལམ་གྱི་འཐབ་རྩོད་ལ་རེ་བ་གཟིགས་ཀྱི་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་ནག་གཞུང་དེ་ནི་འཇམ་པོའི་སྟོབས་ཤུགས་སྤྱད་ནས་ཡ་ལན་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་གི་མེད་ཀྱང་། དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་མགོ་མ་སྒུར་བར་གནོན་ཤུགས་སྤྲོད་དགོས་སྐོར་སོགས་གསུངས་ཡོད།ཉེ་ཆར་ཨ་རི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་ལྟར་རྒྱ་ཁབ་གཞན་གྱི་ནང་ལ་དེ་ལྟར་གནང་ཐབས་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་གནང་རྒྱུ་སོགས་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་མ་ཟད། ལྷག་དོན་ང་ཚོས་ད་ལྟའི་ཆར་རྒྱ་ནག་གཞུང་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་དང་ལྷན་དུ་མུ་མཐུད་ནས་འབྲེལ་མོལ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་སོང་།    གཞི་རྩའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྒྱལ་ཁབ་གཅིག མི་རིགས་གཅིག འཐབ་རྩོད་གཅིག་བཅས་ཀྱི་འབོད་ཚིག་ཐོག་ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་ཞུགས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་ཁོང་ལ་ཁྱོན་འོས་གྲངས་ ༡༤༠༣༡ ཐོབ་ཡོད་པ་རེད། ད་རེས་དངོས་གཞིའི་འོས་བསྡུ་དང་འབྲེལ་དྷ་ས་གཙོས་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ། དེ་བཞིན་ལྷོ་ཕྱོགས་དང་ལ་དྭགས་སོགས་བོད་མིའི་གནས་ཡུལ་ས་གནས་གང་མང་ཞིག་ཏུ་ཆེད་ཕེབས་གནང་སྟེ་མང་ཚོགས་ལ་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་གཏན་འཁེལ་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་གསལ་བསྒྲགས་བསྐྱངས་པ།

དེ་རིང་དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་ཁག་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅིག དེ་རིང་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་དབུ་འཛུགས་གནང་བ་དང་འབྲེལ། དེ་རིང་ནས་ཕྱི་ཟླ་ ༤ ཚེས་ ༨ བར་དངོས་གཞིའི་བསྡུ་དང་འབྲེལ་བའི་ལུགས་མཐུན་དྲིལ་བསྒྲགས་གནང་ཆོག་པ་ཡིན་ཀྱང་། བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་འོས་གཞིེར་བཞེངས་མཁན་དང་རྒྱབ་སྐྱོར་བ། དེ་བཞིན་འོས་འཕེན་པ་རྒྱ་ཆེ་མང་ཚོགས་བཅས་ཀྱི་ངོས་ནས་ཐུགས་གཟབ་གནང་དགོས་པའི་གཞེན་སྐུལ་གནང་སོང་། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས་དབུས་པའི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བཅས་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད། འོས་བསྡུའི་སྒྲིག་གཞི་ལྟར་སྲིད་སྐྱོང་གི་དངོས་གཞིའི་འོས་གཞིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཡིན་པ་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་སུ་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཐོབ་ཁུངས་སོ་སོའི་ཐོབ་བྱའི་གྲངས་ཚད་ཀྱི་ཉིས་ལྡབ་ཆོལ་ཁ་སོ་སོར་འོས་དམིགས་ ༢༠ རེ་དང་། ཆོས་བརྒྱུད་ཁག་ལྔར་འོས་དམིགས་བཞི་རེ། ཡུ་རོབ་དང་ཨ་ཕི་རི་ཀདང་བྱང་ཨ་རི་སོ་སོར་འོས་དམིགས་ ༤ རེ། དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་དང་ཨོ་སེ་ཀྲེ་ལེ་ཤི་ཡ་འོས་དམིགས་གསུམ་བཅས་ཆེད་བཏོན་གནང་འདུག ཐེངས་འདིའི་དངོས་གཞིའི་འོས་གཞི་གསལ་བསྒྲགས་བསྐྱངས་པའི་ཁྲོད་དྭང་བླངས་བཞེངས་མཁན་ ༥ འདུག་པ་དེ་ཡང་དབུས་གཙང་ཆོལ་ཁའི་ཁོངས་སུ་ ༣ ཡོད་པ་དེ་དག་གི་མཚན་ལ་སྤེན་པ་སྒྲོལ་མ་དང་འཇམ་དབྱངས་ཤེས་རབ། བསྟན་འཛིན་མིག་ཡངས།་དེ་བཞིན་མདོ་སྟོད་ཆོལ་ཁའི་ཁོངས་སུ་དྭང་བླངས་འོས་དམིགས་གཅིག་ཡོད་པའི་མཚན་ལ་ཡེ་ཤེས་ལྷུན་གྲུབ། ལྷོ་བྱང་ཨ་རི་ཁོངས་སུ་དྭང་བླསང་ ༡ ཡོད་པའི་མཚན་ལ་ངག་དབང་མཐར་ཕྱིན་བཅས་ཡིན་པ་རེད། སྤྱི་ཁྱབ་འོས་བསྡུ་འགན་འཛིན་གྱིས་རྒྱ་ཆེ་འོས་འཕེན་པ་ཡོངས་ནས་དངོས་གཞི་འོས་འཕེན་སྐབས་འོས་བསྡུའི་སྒྲིག་གཞི་དགོངས་དོན། དབུས་འོས་བསྡུ་ལས་ཁང་ནས་སྤེལ་བའི་འོས་ཤོག་ཁོ་ནའི་ནང་གསལ་འོས་གཞིའི་མཚན་གྱི་སྟེང་ཐོབ་ཁུངས་སོ་སོའི་གྲངས་ཚད་ལས་མ་བརྒལ་བར་འོས་ཐམ་རྒྱག་དགོས་པ་དང་། དངོས་གཞིའི་འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ་དང་འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་རྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་རྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་བཅས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན་པ་སོགས་མང་ཚོགསཀྱི་ངོས་་ནས་ཐུགས་སྣང་དགོས་པའི་རེ་སྐུལ་དོན་ཚན་ ༡༡ ཅན་ཞིག་ཀྱང་སྤེལ་གནང་ཡོད། ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་ཆོལ་ཁ་སོ་སོའི་དངོས་གཞི་འོས་དམིགས་ལ་གཞིགས་ཚེ་དབུས་གཙང་ཆོལ་ཁའི་ཁོངས་དྭང་བླངས་ ༣ རྩིས་པའི་འོས་དམིགས་ ༢༣ ནས་ ༡༥ གསར་དུ་བཞེངས་མཁན་ཆགས་འདུག་པ་དང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་དྭང་བླངས་ ༡ རྩིས་པའི་འོས་དམིགས་ ༢༡ ཡོད་པའི་ཁོངས་ནས་ ༡༤ གསར་དུ་བཞེངས་མཁན་དང་། དེ་བཞིན་མདོ་སྨད་ཆོལ་ཁའི་ཁོངས་སུ་གསར་དུ་བཞེངས་མཁན་ ༡༣ དང་། ལྷོ་བྱང་ཨ་མི་རི་ཀའི་ཁོངས་དྭང་བླསང་ ༡ རྩིས་པའི་འོས་དམིགས་ ༥ ཡོད་པ་ཚང་མ་གསར་དུ་གཞེངས་མཁན་རེད་འདུག ཡུ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁོངས་གསར་དུ་བཞེངས་མཁན་ ༣ དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡ་འོས་དམིགས་ ༣ ཡོད་པ་ཚང་མ་གསར་དུ་བཞེངས་མཁན་ཆགས་ཡོད། ད་རེས་དངོས་གཞིའི་འོས་དམིགས་ཁག་གསལ་བསྒྲགས་བསྐྱངས་ཟིན་མ་ཐག་ཏུ་འདི་ག་རླུང་འཕྲིན་ཁང་གིས་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་གཉིས་ལ་བཅར་འདྲི་ཞུ་ཐབས་ཞུས་ཡོད། འོན་ཀྱང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་དེ་རིང་དུས་ཚོད་རྐྱེན་གྱིས་གོ་སྐབས་གནང་མ་སོང་། final short list chogue sikyong n orthers 2021 final short list provinces 2021 (1)

ཕ་རན་སི་ནང་གི་འོས་གྲངས་ཉིས་ལྡབ་རྩིས་དབང་སྲིད་སྤྱི་གཉིས་ཀྱི་འོས་ཐོབ་གྲངས་ཚད་ལ་འགྱུར་བ་ཕྲན་བུ།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲེན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གཙོས་པའི་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་ཕྱི་ཚེས་༨ ཉིན་ཡོངས་གྲངས་གནང་བའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པའི་ཁོངས་སུ་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་གི་བོད་མའི་འོས་གྲངས་ཉིས་ལྡབ་རྩིས་པའི་དབང་གིས་སྲིད་སྐྱོང་དང་ཡུ་རོབ་དང་ཨ་ཕི་རི་ཀའི་སྤྱི་འཐུས་གཉིས་ཀྱི་འོས་ཐོབ་གྲངས་ཚད་ལ་འགྱུར་བ་ཕྱིན་ཡོད་པ་གསལ་བཟོ་གནང་སོང་།  ཕ་རན་སི་ནང་གི་བོད་མི་འོས་འཕེན་པ་ ༡༦༤༧ བྱུང་བ་དག་གི་འོས་གྲངས་ཉིས་ལྡབ་རྩིས་པའི་ཆ་དེ་གཅོག་ཆ་གནང་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༣༧༦༢ དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༤༠༣༡  བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་འོས་གྲངས་ ༡༣༡༧༡ བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༠༠༡༡ བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་འོས་གྲངས་ ༩༨༣ སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༢༡ བཅས་ཆགས་ཀྱི་འདུག དེ་བཞིན་ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་གྱི་སྔོན་འགྲོའི་འོས་གཞིའི་འོས་ཐོབ་གྲངས་ཚད་ལ་འགྱུར་བ་ཕྲན་བུ་ཕྱིན་ཡོད་པ་ལྟར། ཐུབ་བསྟན་དབང་ཆེན་ལགས་ལ་འོས་ཐོབ་གྲངས་ ༤༠༠༤ དང་ཐུབ་བསྟན་རྒྱ་མཚོ་ལགས་ལ་འོས་ཐོབ་གྲངས་ ༢༠༧༤ གངས་གཞོན་ཚང་བློ་བཟང་ལགས་ལ་འོས་ཐོབ་གྲངས་ ༡༧༦༨ བཀྲ་ཤིས་བདེ་ལེགས་ལགས་ལ་འོས་ཐོབ་གྲངས་ ༡༣༦༣ ཀརྨ་ཆོས་སྐྱིད་ལགས་ལ་འོས་ཐོབ་གྲངས་ ༡༠༤༧ ཟམ་མདོ་བྱམས་པ་ཚེ་རིང་ལགས་ལ་འོས་ཐོབ་གྲངས་ ༧༡༦ བཅས་ཆགས་ཀྱི་འདུགགཞི་རྩའི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་བའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་མཁན་ཁྱོན་མི་གྲངས་ ༨༢༩༦༩ བྱུང་བའི་ཁོངས་ནས་དངོས་སུ་འོས་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༧༦༌༧༨ ཆགས་ཀྱི་འདུག་པ་དང་། དེ་ནི་དེ་སྔ་ ༢༠༡༦ ལོའི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ཚེ་བརྒྱ་ཆ་ ༢༣ ལྷག་འཕར་ཆ་བྱུང་འདུག འོན་ཀྱང་དེ་སྔ་ལྟར་འདི་ལོ་སླར་ཡང་འབྲུག་ཡུལ་དུ་ཡོད་པའི་བོད་མི་རྣམས་ནས་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་གནང་ཐུབ་མེད་པ་རེད། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ཟླ་ ༣ ཚེས་ ༢༠ བར་ཁྱོན་ཉིན་གྲངས་ ༤༠ རིང་ལ་འོས་དམིགས་དང་འབྲེལ་བའི་གསལ་བསྒྲགས་ཁག་ས་གནས་འོས་བསྡུ་ལས་ཁང་ཁག་ལ་གཏང་རྒྱུ་དང་། འོས་གཞིར་བཞུགས་འདོད་མེད་མཁན་རྣམས་ནས་དགོངས་ཞུ་ཕུལ་དགོས་པ། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གྲ་སྒྲིག་གནང་རྒྱུ་སོགས་དུས་ཚོད་ཆགས་ཀྱི་ཡོད་པ་ལྟར་དུས་ཡུན་དེའི་རིང་ལ་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམ་པ་གཙོས་རྒྱབ་བསྐྱོར་བ་དང་མང་ཚོགས་སུས་ཀྱང་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་རིགས་གང་ཡང་སྤེལ་ཆོག་གི་མེད་པ་རེད། མཐར་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་རྒྱུ་དང་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་གཏན་ཁེལ་ཡོད་པ་རེད།

༢༠༢༡ ལོའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པ།

དབུས་འོས་བསྡུ་ལས་ཁང་གིས་ཉེ་ཆར་མཇུག་སྒྲིལ་ཟིན་པའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་མ་གནང་གི་བར་དུ་འོས་མི་རྣམ་པས་གཙོས་རྒྱབ་སྐྱོར་བ་མང་ཚོགས་སུས་ཀྱང་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་རིགས་གང་ཡང་སྤེལ་ཆོག་གི་མེད་ཅེས་གསུངས་སོང་།དེ་རེང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲེན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གཙོས་པའི་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ དང་། དོན་ཚན་ ༤༩ པའི་དགོངས་དོན་གཞིར་བཟུང་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཁོངས་ནས་རྩེ་བཏོགས་སོན་པའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་དམིགས་དྲུག་དང་སྤྱི་འཐུས་ཀྱི་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་ཐོག་ནས་ཁྱོན་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་དམིགས་ ༡༤༥ མཚན་མངོན་གསལ་གནང་ཡོད།སྲིད་སྐྱོང་གི་སྔོན་འགྲོའི་འོས་མི་ ༦ གི་མཚན་མངོན་གསལ་གནང་བའི་ཁོངས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༤༤༨༨ དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༤༥༤༤  བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་འོས་གྲངས་ ༡༣༣༦༣ བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༠༢༠༠ བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་འོས་གྲངས་ ༩༩༩ དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༢༦ བཅས་ཐོབ་འདུག  སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མིའི་ཁོངས་སུ་ཆོལ་ཁ་རེ་རེ་ནས་འོས་གཞི་གྲངས་ ༣༠ རེ་དང་ཆོས་ལུགས་ཁག་ལྔ་དང་། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཕི་རི་ཀ་བཅས་ནས་འོས་གཞི་གྲངས་ ༦ རེ། དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་ཁོངས་ནས་འོས་གཞི་གྲངས་ ༣ བཅས་མཚན་འདོན་གནང་ཡོད་པ་དང་། དེ་དག་ཁྲོད་ནས་འདི་ལོ་དབུས་གཙང་དང་མདོ་སྨད་ཆོལ་ཁའི་སྔོན་འགྲོའི་འོས་དམིགས་རྩེ་བཏོགས་བཅུའི་ནང་ནས་རྒྱ་ཆ་ ༣༠ འོས་དམིགས་གསར་པ་དང་དེ་བཞིན་མདོ་སྨད་ཆོལ་ཁའི་སྔོན་འགྲོའི་འོས་དམིགས་རྩེར་སོན་བཅུའི་ནང་ནས་རྒྱ་ཆ་ ༤༠ འོས་དམིགས་གསར་པ་ཆགས་ཀྱི་འདུགད་རེས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་མངའ་ཁུལ་གྱི་སྤྱི་འཐུས་ཀྱི་སྔོན་འགྲོས་འོས་བསྡུའི་ཁྲོད་གང་ཟག་གཉིས་ལ་འོས་ཤོག་འདྲ་མཉམ་ཐོབ་ཏེ་ཨང་གཉིས་པ་སོན་མཁན་གཉིས་བྱུང་བ་དང་འབྲེལ། དབུས་འོས་བསྡུ་ལས་ཁང་ནས་ཐེངས་འདིའི་འོས་བསྡུའི་སྐབས་སུ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་མངའ་ཁུལ་ནས་འོས་གཞི་གསུམ་མངོན་གསལ་གནང་རྒྱུ་གཏན་ཁེལ་བྱུང་ཡོད་པ་གསུངས་ཡོད།གཞི་རྩའི་དེ་རིང་ཡོངས་གྲགས་གནང་བའི་སྲིད་སྤྱི་གཉིས་ཀྱི་འོས་མི་དེ་དག་སྔོན་འགྲོའི་འོས་དམིགས་ཆགས་ཀྱི་ཡོད་པ་དང་། དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༢༠ བར་ཁྱོན་ཉིན་གྲངས་ ༤༠ རིང་ལ་འོས་དམིགས་དང་འབྲེལ་བའི་གསལ་བསྒྲགས་ཁག་ས་གནས་འོས་བསྡུ་ལས་ཁང་ཁག་ལ་གཏང་རྒྱུ་དང་། འོས་གཞིར་བཞུགས་འདོད་མེད་མཁན་རྣམས་ནས་དགོངས་ཞུ་ཕུལ་དགོས་པ། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གྲ་སྒྲིག་གནང་རྒྱུ་སོགས་དུས་ཚོད་ཆགས་ཀྱི་ཡོད་པ་ལྟར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་དུས་ཡུན་དེའི་རིང་ལ་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམ་པ་གཙོས་རྒྱབ་བསྐྱོར་བ་དང་མང་ཚོགས་སུས་ཀྱང་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་རིགས་གང་ཡང་སྤེལ་ཆོག་གི་མེད་པར་གསུངས་སོང་།འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་བའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་མཁན་ཁྱོན་མི་གྲངས་ ༨༢༩༦༩ བྱུང་བའི་ཁོངས་ནས་དངོས་སུ་འོས་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༧༦༌༧༨ ཆགས་ཀྱི་འདུག་པ་དང་། དེ་ནི་དེ་སྔ་ ༢༠༡༦ ལོའི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ཚེ་བརྒྱ་ཆ་ ༢༣ ལྷག་འཕར་ཆ་བྱུང་འདུག འོན་ཀྱང་དེ་སྔ་ལྟར་འདི་ལོ་སླར་ཡང་འབྲུག་ཡུལ་དུ་ཡོད་པའི་བོད་མི་རྣམས་ནས་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་གནང་ཐུབ་མི་འདུག   Preliminary Results

དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས།

ཁྱོན་བོད་མི་ ༡༥༠༠ ལྷག་ཁ་འཐོར་དུ་གནས་ཡོད་པའི་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ལས་ཡོ་རོབ་རྒྱལ་ཁབ་གསུམ་གྱི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲུབ་འབྲས་ཁ་ཉིན་རེས་གཟའ་སྤེན་པ་ཉིན་དབྱིན་ཡུལ་ས་གནས་འོས་བསྡུའི་འགན་འཛིན་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་དྲ་ཐོག་ལམ་ནས་གསལ་བསྒྲགས་གནང་སོང་། སྤྱིར་ད་ལན་གྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡིུ་ནང་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་ནས་དབྱིན་ཡུལ་གཙོས་ནོར་ལྦེ་དང་ཌན་མག སུད་ཌན། ཨར་ལེནཊ། དེ་བཞིན་པོ་ལན་ཌི་བཅས་ཁྱོན་ཡོ་རོབ་རྒྱལ་ཁབ་དྲུག་གིས་འོས་བསྡུའི་ལས་རིམ་གཉེར་ཡོད་ཅིང་། འོན་ཀྱང་ད་ལྟའི་ཆར་ས་གནས་སུ་ནད་ཡམས་ཀྱི་ཛ་དྲགས་གནས་སྟངས་རྐྱེན་པས་ཁ་ཉིན་ཕྱི་ཚེས་ ༩ བར་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་ལ་ཁྱབ་ཁོངས་ནོར་ལྦེ་དང་ཌན་མག དེ་བཞིན་པོ་ལན་ཌི་བཅས་ཀྱི་འོས་གྲངས་སྦྲག་ཐོག་ནས་དུས་ཐོག་ཏུ་འབྱོར་མེད་སྟབས། ཉིན་དེར་དབྱིན་ཡུལ་ས་གནས་འོས་བསྡུའི་ལས་ཁང་གིས་འོས་ཤོག་གྲངས་བཤེར་ལེགས་གྲུབ་ཟིན་པའི་དབྱིན་ཡུལ་དང། སུད་ཌན། དེ་བཞིན་ཨར་ལན་ཌི་བཅས་རྒྱལ་ཁབ་གསུམ་གྱི་འོས་བསྡུའི་ཕྱོགས་བསྡོམས་གྲུབ་འབྲས་སྔོན་ལ་གསལ་བསྒྲགས་གནང་ཡོད་པ་རེད། སྐབས་དེར་གསལ་བསྒྲགས་གནང་བའི་རྒྱལ་ཁབ་གསུམ་གྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན། སྲིད་སྐྱོང་འོས་གཞིར་བཞེངས་མཁན་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས། ༨༡ འབྲོང་ཆུང་དངོས་འགྲུབ་ལགས་ལ་གྲངས་ ༥༡ དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས། ༤༦ རྒྱལ་རི་སྒྲོལ་མ་ལགས་ལ་འོས་གྲངས། ༤༦ བློ་བཟང་སྙན་གྲགས་ལགས་ལ་འོས་གྲངས། ༨ དེ་བཞིན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས། ༢ བཅས་ཐོབ་འདུག ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུར་དབྱིན་ཡུལ་ས་གནས་འོས་བསྡུའི་ལས་ཁང་གི་ཁྱབ་ཁོངས་ནས་བོད་མི་གྲངས་ ༤༠༠ མན་ཙམ་གྱིས་འོས་བསྡུའི་དེབ་སྐྱེལ་གནང་བའི་ཁྲོད་སྔོན་འགྲོ་བསྡུར་དངོས་སུ་མང་ཚོགས་༣༠༠ ལྷག་གིས་ཆ་ཤས་བཞེས་འདུག གསར་འགོད་པས་ད་ལན་དབྱིན་ཡུལ་དུ་ཏོག་དབྱིབས་ནད་ཡམས་ཛ་དྲག་གི་དུས་སྐབས་ཁྲོད་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ས་གནས་ཁག་འོས་བསྡུའི་ལས་རིམ་ལ་གདོང་ལེན་དང་འོས་ཤོག་གྲངས་བཤེར་སོགས་ཀྱི་ཐད་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ད་ལན་ཛ་དྲག་གི་དུས་ཚིགས་འདིའི་ཁྲོད་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམ་པས་ཐུགས་འགན་གཙོ་བཞེས་གཙོས་མང་ཚོགས་ནས་མཉམ་ཞུགས་ལེགས་པོ་གནང་སྐོར་གསུངས་སོང་།

སྲིད་སྐྱོང་གི་སྔོན་འགྲོའི་འོས་མིར་ཨང་དང་པོ་སྤེན་པ་ཚེ་རིང་ལགས་དང་གཉིས་པར་སྐལ་རྡོར་ལགས་དང་རྒྱ་རི་སྒྲོལ་མ་ལགས་དབར་འགྲན་རྩོད།

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཕྱི་ཚེས་ ༣ ཉིན་ལེགས་གྲུབ་དང་བསྟུན། ས་གནས་འོས་བསྡུ་ལས་ཁང་རྣམས་ཀྱིས་སྒེར་སོ་སོའི་གྲངས་བཤེར་ལེགས་གྲུབ་གནང་རྗེས་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གྲུབ་འབྲས་གསལ་བསྒྲགས་གནང་ཁག་ལ་གཞིགས་ཚེ། སྲིད་སྐྱོང་འོས་གཞིར་བཞེངས་མཁན་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨང་དང་པོ་དང་། ཨང་གཉིས་པར་ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་དབར་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུགད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྔོན་འགྲོའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་ཆེ་ཁག་བྱང་ཨ་མི་རི་ཀ་དང་ཡུ་རོབ། རྒྱ་གར་གྱི་བྱང་ཕྱོགས་དྷརྨ་ས་ལ་དང་། ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་། སྦེལ་ཀོབ་བདེ་སླར་དང་ལུགས་བསམ་སོགས་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་ས་གནས་མང་དག་ཅིག་ནས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་རིམ་པས་འཐོན་བཞིན་ཡོད་པ་རེད། བོད་པའི་གསར་ལམ་ཁག་ཅིག་གིས་དེ་འབྲེལ་འོས་བསྡུའི་གྲུབ་འབྲས་ཐོན་རིམ་བཞིན་གྲངས་བཤེར་ཕྱོགས་སྒྲིག་གནང་འགོ་ཚུགས་ཡོད་པར་བརྟེན། བོད་མི་རྣམས་ནས་དེར་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པར་མ་ཟད་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དོ་བདག་ཁག་ཅིག་གིས་འོས་བསྡུའི་འགྲན་རྩོད་ལས་ཕམ་པར་ངོས་བཞེས་ཀྱིས་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་ལ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་མཁན་ཡང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་རྣམས་འབྱོར་རིམ་བཞིན་ཁ་སྣོན་གནང་སྟེ་སྤེལ་བར་གཞིགས་ན། ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་དེ་རིང་ཉིན་རྒྱབ་བར་འོས་གྲངས་ ༢༢༢༤༤ དང་། དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༢༦༦༣ བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་ ༡༢༢༢༥ བཅས་ཁོང་རྣམ་པ་གཉིས་དབར་ཨང་གཉིས་པའི་སླད་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུག བོད་ཀྱི་ཉི་མ་འམ་ Tibetsun གསར་ཁང་གིས་ཀྱང་སྔོན་འགྲོའི་འོས་མིར་ཨང་རིམ་རྩེ་སོན་དེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཡིན་པ་དང་དེ་རིང་ཉིན་རྒྱབ་བར་ཁོང་ལ་འོས་གྲངས། ༢༡༥༨༡ དང་། དབུ་ཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ ༡༢༩༤༦ རྒྱ་རི་སྒྲོལ་མ་ལགས་ལ་ ༡༢༦༩༧ བཅས་བཀོད་འདུག སྤྱི་ཡོངས་ནས་གསར་ཁང་ཚང་མས་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་རྣམ་པའི་འོས་གྲངས་ལ་ཁྱད་པར་མ་གཏོགས་གོ་རིམ་གཅིག་མཚུངས་བཀོད་ཡོད་པ་དང་། ཁོང་རྣམ་པ་གསུམ་གྱི་རྗེས་ཨང་བཞི་པར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་ཨང་ལྔ་པར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཨང་དྲུག་པར་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་དེ་རྗེས་བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་བཀོད་འདུག གཞི་རྩའི་བྱང་ཨ་མི་རི་ཀ་དང་། ཡུ་རོབ། Australasia དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། བཞུགས་སྒར་དྷརྨ་ས་ལ། གཞན་ཡང་ལྷོ་ཕྱོགས་མོན་གྷོ་འདོད་རྒ་གླིང་དང་། སྦེལ་ཀོབ་གཞིས་ཆགས་གསར་རྙིང་སོགས་བོད་མིའི་གནས་ཡུལ་ས་ཁུལ་ཆེ་ཁག་ཚང་མར་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨང་དང་པོ་ཐོབ་ཡོད་པ་མ་ཟད། བྱང་ཨ་རིའི་ཁུལ་གྱི་ས་གནས་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་གྲུབ་འབྲས་གསལ་སྒྲགས་སྔོན་སོང་ལྟར། ད་ཆ་བྱང་ཨ་རིའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་དམིགས་ཁོངས་སུ་ཨང་དང་པོ་སྒོ་ཕྲུག་སྐལ་བཟང་ཕུན་ཚོགས་ལ་འོས་གྲངས། ༢༩༢༡ དང་གཉིས་པར་ཚེ་བརྟན་ཕུན་ཚོགས་ལ་འོས་གྲངས། ༢༣༤༧ གསུམ་པར་བསྟན་འཛིན་འཇིགས་མེད་ལ་འོས་གྲངས། ༢༢༣༥ བཞིན་པར་དོན་གྲུབ་ཚེ་རིང་ལ་འོས་གྲངས། ༡༩༦༦ ལྔ་པར་པདྨ་ཕྱག་མཛོན་ཚང་ལ་འོས་གྲངས། ༡༧༢༢ དྲུག་པར་བསོད་ནསམ་གླང་དཀར་ལ་འོས་གྲངས། ༡༦༨༨ བཅས་བཅས་བཀོད་འདུག སྤྱིར་བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་དོན་ལྟར་ན། འོས་བསྡུའི་རྗེས་འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་འཛོམས་དགོས་པ་དང་། བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་དེ་ཡོངས་སུ་གྲུབ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་  ༡ ཚེས་ ༥ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་ ༧ རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གིས་དེ་རྗེས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༢ ཚེས་ ༠༨ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞིའི་གསལ་བསྒྲགས་དང་། ཕྱི་ཟླ་ ༣ ཚེས་ ༢༡ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

Latest news