Tibetan Royal Year of 2151 | Year of the Wood Dragon

འོས་བསྡུ་ཆེན་མོ། ༢༠༢༡

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཚེས་གྲངས་གསལ་བསྒྲགས།

དེ་རིང་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་བཞིན་ ༢༠༢༡ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་གནང་རྒྱུ་ཡིན་པ་དང་། དངོས་གཞིའི་འོས་བསྡུ་ཆེན་མོ་དེ་བཞིན་ཕྱི་ཟླ་ ༤ པའི་ཚེས་ ༡༡ ཉིན་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་གནང་གཏན་ཁེལ་ཡོད་སྐོར་གསལ་བསྒྲགས་བསྐྱངས་བ་མ་ཟད། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཀྱི་དངོས་གཞིའི་འོས་གཞི་ ༢ གཏན་འབེབས་ཀྱིས་ཐག་གཅོད་གནང་ཡོད་པ་གསུངས་སོང་།

ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྒྱུན་ལས་༡༡ གྱི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐོག དེ་རིང་ནས་བཟུང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་༡༡ ཉིན་བར་ཚོགས་གཙོ་སྦྲེལ་པོས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པའི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་སྔོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ནས་ཚེས་ ༢༤ བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༨པའི་ཚེས་ ༡༧ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་འབྲེལ། གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་དེ་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱང་གནང་ཡོད་པར་ཡོངས་གྲགས་གནང་ཡོད་པ་རེད།  སྐབས་དེར་ཚོགས་གཙོ་སྤྲེལ་པོས་ཐག་གཅོད་དེ་ལྟར་གནང་དགོས་པའི་རྒྱུ་མཚན་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་སོང་བའི་རྐྱེན་གྱིས་འཛམ་གླིང་ཁྱོན་གྱི་གནས་སྟངས་ཛ་དྲག་ཆེས་ཆེར་འགྱུར་བཞིན་པ་དང་། ལྷག་དོན་དྷ་རྨ་ས་ལ་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་འཚོགས་རྒྱུའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་རྐྱེན་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཀྱི་ཡོད་མེད་རྟོགས་དཀའ་སྟབས་ཐག་གཅོད་དེ་ལྟར་གནང་ཡོད་སྐོར་གསུངས་ཡོད་པ་རེད། འོན་ཀྱང་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནད་དོན་དེའི་ཐོག་ཤོག་གྲངས་ ༡༣ ཅན་གྱི་ཐག་གཅོད་བཀའ་ཁྱབ་ཅིག་ཡོངས་གྲགས་གནང་བའི་ནང། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་མི་གྲངས་ ༡༡ གིས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པར་འགྲེལ་བརྗོད་གནང་ཡོད་པ་དང་། བཀོད་ཁྱབ་འདིའི་ནང་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ཟླ་ ༣ བར་ཕྱིར་འགྱངས་བྱ་རྒྱུའི་ཐག་གཅོད་ཡོངས་གྲགས་གནང་འཕྲལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ཟླ་ ༨ པའི་ཚེས་ ༢༡་ཉིན་ཚོགས་གཙོ་སྦྲེལ་པོ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཁྱབ་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ཟླ་ ༣ པའི་བར་ཕྱིར་འགྱངས་གནང་བ་དེ་ནི་བཅའ་ཁྲིམས་དོན་ཚན་ ༤༠ པར་འགལ་འཛོལ་བྱུང་ཡོད་སྟབས། ཐག་གཅོད་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་ནུས་མེད་དུ་བཏང་ཡོད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་འཕྲལ་དུ་ཁྲིམས་འགལ་ཆགས་པའི་གསལ་བསྒྲགས་དེ་ཕྱིར་འཐེན་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༤ འགྱངས་མེད་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་མ་བསྟེན་ཚེ། ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབ་པ་དང་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་བའི་བྱེད་འཛོལ་ལ་དམིགས་པའི་ཆད་འགེལ་བྱེད་དགོས་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད་འདུག འོན་ཀྱང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྒྱུན་ལས་ལྷན་ཚོགས་ཀྱིས་ཁྲིམས་འགལ་གང་ཡང་བྱས་མེད་པའི་གསལ་འདེབས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་འདེབས་ཡི་གེ་དེ་ཕྱིར་སློག་གིས་བརྡ་ཐོ་གཏང་ཡོད་པ་དེ་ལྟར་ཡང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བསྐྱར་དུ་གསལ་འདེབས་དེ་འབུལ་བསྐུར་གནང་བ་མ་ཟད། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། བརྡ་ཐོ་བཅས་ཕྱིར་སློག་གནང་ཡོད།  ཁྲིམས་ཞིབ་ཁང་གིས་དེའི་རྗེས་སླར་ཡང་ཕྱི་ཟླ་ ༨ ཚེས་ ༣༡་ཉིན་སྤྱི་འཐུས་རྒྱུན་ལས་ལ་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཉམས་ལེན་དགོས་པའི་བརྡ་ཐོ་གཉིས་པ་བཏང་ཡོད་ཀྱང་། སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཀྱི་བྱ་རིམ་བརྩི་མེད་ཡོང་བའི་ཞུ་སྐུལ་གནང་རྗེས། ཁྲིམས་ཞིབ་ཁང་གིས་ཕྱི་ཟླ་ ༩ ཚེས་༤ ཉིན་ཞུ་སྐུལ་ངོ་བཞེས་གནང་ཐབས་མེད་པ་དང་། ཆད་འགེལ་ཕོག་རྒྱུའི་བཀའ་ཁྱབ་བཏང་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་གི་བཀའ་ཁྱབ་ནང་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠ ནང་གསལ།ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་བའི་དགོངས་དོན་བརྡལ་བཤིག་བྱས་པ་ཞིག་ཡིན་པ་དང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལག་བསྟར་མ་བྱས་པའི་རྒྱུ་མཚན་གང་བཀོད་པ་དེ་བཅའ་ཁྲིམས་འགྲེལ་ལོག་བྱས་པ་ཞིག་དང་། ཏོག་དབྱིབས་གཉན་རིམས་ལ་ཁ་བཏགས་པ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་ཡིན་པར་གསུངས་འདུག ལྷག་པར་རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་རྒྱལ་ཁབ་བརྒྱ་ཁྲག་ལྷག་གིས་གཉན་རིམས་སྔོན་འགོག་གི་ཐབས་ཤེས་བསྟེན་པའི་ཐོག་ནས་ངོ་འཛོམས་སམ། དྲ་ལམ་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་གྲོས་ཚོགས་བསྡུ་སྐོང་བྱས་ཡོད་པའི་ཁྲོད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་འདུ་བསྐོང་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡུལ་ཁྲིམས་ལ་འགལ་གྱི་ཡོད་ལུགས་བསྒྲགས་པ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་ཐོག་མར་ཚོགས་འདུ་བསྡུ་སྐོང་བྱས་ཏེ་ཉུང་མཐའི་གྲངས་ཚད་ལོངས་མིན་ལྟ་དགོས་པ་ལས། ཁྲིམས་འགལ་གྱི་ཐོག་ནས་ཚོགས་འདུ་ཕྱིར་འགྱངས་ཀྱི་ཐག་གཅོད་བྱས་ཟིན་པ་ཞིག་ལ་ཉུང་མཐའི་གྲངས་ཚད་ལོངས་མིན་བརྩི་ས་མེད་པ་དང་། དབང་ཚད་དེ་ལག་བསྟར་བྱེད་སའང་མེད་པར་གསུངས་འདུག མ་ཟད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ པའི་བར་ཕྱིར་འགྱངས་བྱས་པ་དེ་དོན་ལ་དུས་ཡུན་ངེས་ཅན་ཞིག་ཏུ་ཕྱིར་འགྱངས་བྱས་པ་མ་ཡིན་པར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱིར་བསྡུ་བྱས་པའམ་མེད་པར་བཟོས་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱིར་བསྡུ་འམ། མེད་པ་བཟོ་ཆོག་པའི་དབང་ཚད་སྤྱི་འཐུས་ལྷན་ཚོགས་ལ་བསྐུར་མེད་པ་སོགས་རྒྱུ་མཚན་ཁག ༢༠ བཀོད་གནང་སྟེ། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཅའ་ཁྲིམས་སུ་ཐབས་ཤེས་དང་ལམ་ཁ་བསྟེན་ཕྱོགས་ཡོད་བཞིན་དུ། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབ་པ་དང་བོད་ཀྱི་ཡུལ་མིའི་ལས་འགན་མ་བླང་འགྲེལ་བརྗོད་གནང་ཡོད་པ་རེད། བཀའ་ཁྱབ་ནང་ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་རྒྱུན་ལས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བརྩི་མེད་བྱས་པའི་བྱེད་འཛོལ་ཆད་འགེལ་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་མི་གྲངས་ ༡༡ ལ་དེ་རིང་བཀའ་ཁྱབ་བཏང་ཚེས་ནས་བཟུང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་ ༡༡ ཉིན་བར་ སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ལ་སོགས་པའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་རྒྱུའི་བཀའ་ཁྱབ་གནང་ཡོད་པ་རེད། སྤྱིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་གི་བཀའ་ཁྱབ་འདིའི་ནང་སྤྱིར་བཅའ་ཁྲིམས་ནང་སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ་དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་ཅེས་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་གསལ་བ་ལུང་དྲངས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཚད་ལ་རྩོད་སློང་བྱེད་པ་ནི་ཁྲིམས་ཀྱི་འགན་ཁུར་གཡོལ་ཐབས་སུ་བཅའ་ཁྲིམས་ཀྱི་གོ་དོན་ལ་འགྲེལ་ལོག་བརྒྱབས་པ་ཞིག་ཡིན་སྐོར་གསུངས་འདུག

བཀྲ་ཤིས་སྟོབས་རྒྱལ་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་བདུན་བྱུང་ཡོད་པ་དང་། ཁ་སང་རེས་གཟའ་ལྷག་པའི་ཉིན་ངོ་དེབ་ཐད་གཏོང་བརྒྱུད་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཁོང་སླར་ཡང་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་པའི་བཀྲ་ཤིས་སྟོབས་རྒྱལ་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༦ སྐབས་སུའང་སྲིད་སྐྱོང་གི་འོས་གཞིར་བཞེངས་མྱོང་ཡོད་པ་དང་། ཁོང་ལ་སྐབས་དེར་སྔོན་འགྲོའི་འོས་བསྡུ་འོས་གྲངས་ ༣༨ ཙམ་ལས་ཐོབ་མེད་ཀྱང་། ཁོང་ལོ་ ༡༦ བར་དུ་ལུག་རྫི་དང་དེ་རྗེས་ལོ་ ༡༤ རིང་དམག་མི་ནང་ཞུགས་མྱོང་མཁན་གྱི་བོད་མི་དཀྱུས་མ་ཞིག་སྲིད་སྐྱོང་གི་ཞབས་བཀྱགས་ཆེད་བཞེངས་ཡོད་སྟབས་མང་ཚོགས་ནས་དམིགས་བསལ་ཐུགས་སྣང་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཁ་སང་ཁོང་གིས་སྐར་མ་ ༢༠ ལྷག་ཡོད་པའི་ངོ་དེབ་ཐད་གཏོང་བརྒྱུད་ཁོང་ཉིད་སླར་སྲིད་སྐྱོང་གི་འོས་གཞིར་བཞེངས་དགོས་དོན་གཙོ་བོ་ནི་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་ཕྱིར་ཡིན་སྐོར་གསུངས་པ་དང་ཆབས་ཅིག ཁོང་ནི་བསམ་བློ་ཅན་ཞིག་ཡིན་པ་མ་ཟད་མི་མང་དང་སྐྱིད་སྡུག་མཉམ་མྱོང་གནང་མཁན་ཞིག་ཡིན་པ་སོགས་ཀྱི་དོན་ཚན་གསུམ་གྱི་ཐོག་ནས་སྲིད་སྐྱོང་དུ་བཞེངས་སྐོར་གསུངས་པ་དང་སྦྲགས། ཁོང་སྲིད་སྐྱོང་ལ་བདམས་ཐོན་བྱུང་ཚེ་ད་ལྟའི་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཚོར་ཁོང་གི་བཀའ་ཤག་ནང་གོ་སྐབས་གནང་ངེས་ཡིན་པ་གསུངས་སོང་། དེ་བཞིན་ཁོང་གིས་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་ཕྱིར་བོད་ཀྱི་བདེན་མཐའ་སེལ་དགོས་པ་དང་བོད་དོན་བདེན་མཐའ་སེལ་བར་བོད་མི་རིགས་འདི་ཤེས་ཡོན་གྱིས་ཕྱུག་པའི་ལམ་དུ་འཁྲིད་པ། ཆ་སྙོམས་ཀྱི་ཆིག་སྒྲིལ།  དེ་བཞིན་བོད་བརྒྱུད་ནང་བསྟན་དེ་བདག་གཅེས་གནང་དགོས་གལ་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ད་ལྟའི་བོད་མི་རིགས་འདི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཔལ་འབྱོར་སོགས་ཀྱི་ཆ་ནས་མ་འདང་བ་མེད་པ་དང་། དེ་བཞིན་ཤེས་ཡོན་ཡར་རྒྱས་དང་རྒྱལ་ཚོགས་ལ་ཞུ་གཏུག་གནང་ཐུབ་མཁན་གྱི་མི་རིགས་ཤིག་ཆགས་ཀྱང་། ད་ཆ་བོད་སྤྱིའི་རྩ་དོན་དང་འབྲེལ་བའི་གནད་དོན་ཐོག་ལ་ང་ཚོ་ཕན་ཚུན་སེམས་ཤུགས་ཆགས་པའི་གནས་སྟངས་གྱུར་ཡོད་པ་དེ་ནི་འདས་པའི་མི་ལོ་ཉི་ཤུའི་ནང་འཐུས་ཤོར་ཆེན་པོ་ཞིག་ཤོར་རྐྱེན་ཡིན་པར་གསུངས་འདུག  བསམ་བློ་གཏོང་རྒྱུ་དང་ཀུན་སློང་ཡག་པོ་ཡོད་པ་ཡིན་ན་སྲིད་སྐྱོང་ནི་གྲོང་པ་གཅིག་སྐྱོང་བ་ལས་ཀྱང་ལས་སླ་བ་ཡོད་པ་མ་ཟད་སྲིད་སྐྱོང་ཀྱི་ཞབས་སྟེགས་ལ་སློབ་སྦྱོང་དགོས་ངེས་ཡིན་ཀྱང་དེ་ལས་ལྷག་པ་ནི་བསམ་བློ་ཅན་གྱི་ཞབས་སྟེགས་ཤིག་གནད་ཆེ་བས་ད་རེས་མང་ཚོགས་ཀྱིས་བསམ་བློ་ཅན་ང་ལྟ་བུར་གོ་སྐབས་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད།བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་དེ་སྔ་ ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་དུ་བཞེངས་སྐབས་སྲིད་སྐྱོང་དུ་བཞེངས་དོན་གཙོ་བོ་ནི་རྒྱ་ནག་གཞུང་ལ་ཁོང་ལུག་རྫི་དཀྱུས་མ་ཞིག་ཡིན་ཀྱང་། བོད་མིའི་མང་གཙོ་ལམ་ལུགས་ནང་ལ་སྲིད་སྐྱོང་དུ་བཞེངས་རྒྱུའི་གོ་སྐབས་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན་སྐོར་གསུངས་ཡོད་པ་རེད། རྩ་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་བསྟུན་ད་བར་བཙན་བྱོལ་བོད་མིའི་མང་ཚོགས་ཁྲོད་དང་བླངས་ཀྱིས་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཁོངས་སུ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་ཟུར་བློ་བཟང་སྙན་གྲགས་མཆོག  བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག  བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག  ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་བཅས་མི་བརྒྱད་བྱུང་ཡོད་པ་རེད།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུ་ཡིན་པ་གསུངས་སོང་།

ཟླ་བ་སྔོན་མའི་ཕྱི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་བདུན་བྱུང་ཡོད་པ་དང་། སྤྱི་ཚོགས་དྲྭ་ལམ་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་མཚན་ ལན་མང་ཆེད་འདོན་གནང་བཞིན་ཡོད་ཀྱང་། ད་བར་བཀའ་ཟུར་མཆོག་ནས་དེ་འབྲེལ་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད།འོན་ཀྱང་ཉེ་ལམ་རྒྱལ་ས་ལྡི་ལིར་ཡོད་པའི་རླུང་འཕྲིན་ཁང་གི་གསར་འགོད་པ་དཔའ་ཆེན་རྡོ་རྗེ་ལགས་ཀྱིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པར་བཀའ་ཟུར་མཆོག་གི་དེ་སྔ་དགོངས་པར་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། བར་ལམ་ནས་སྤྱི་ཚོགས་དྲྭ་ལམ་ཁག་དང་། ལྷག་པར་དུ་དངོས་སུ་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་དང་སྲི་ཞུ་བ་ཟུར་པ། དེ་བཞིན་བོད་ནས་ཕེབས་པ་དང་བོད་ནང་ཡོད་པའི་བོད་མི་ཁག་ཅིག་བཅས་ནས་རེ་སྐུལ་ཡང་ཡང་ཞུས་དང་ཞུ་མུ་ཡིན་སྟབས། རེ་སྐུལ་དེ་དག་བརྩི་མེད་དུ་བཞག་མ་ཐུབ་པས་ད་རེས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞུགས་རྒྱུའི་ཐུགས་ཐག་བཅད་པ་ལྟར་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་ཐོག་དངོས་གཞིའི་འོས་མིར་ཚུད་ཚེ་ཕྱིར་འཐེན་གནང་རྒྱུ་མིན་ཞེས་གསུངས་ཡོད། དེ་བཞིན་བཀའ་ཟུར་མཆོག་ནས་མ་འོངས་པར་དངོས་གཞིའི་འོས་མིའི་ཁུངས་སུ་ཚུད་ན་ས་གནས་ས་ཐོག་ལ་ཕེབས་ཏེ་ཁྱབ་བསྒྲགས་དང་གཏམ་བཤད། དེ་བཞིན་འགྲན་རྩོད་སོགས་ཀྱི་ལས་རིམ་ནང་ཆ་ཤས་བཞེས་རྒྱུ་མིན་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ཀྱང་མང་གཙོ་ཡིན་ཞེས་བོད་མིའི་གནས་བབ་དང་ཡ་རབས་བཟང་སྤྱོད་ཀྱི་རྒྱ་ལས་འདས་པའི་བརྒྱུད་བསྒྲགས་ཆེན་པོ་གནང་རྒྱུ་མེད་པ་དང་། ལྷག་པར་དུ་སྲིད་སྐྱོང་གི་འོས་གཞིའི་ནང་བཞེངས་མཁན་རྣམས་ལ་སྐྱོན་འདོགས་དང་ཟུར་ཟ། དེ་བཞིན་དམའ་འབེབ་རིགས་རྩ་བ་ནས་མ་གནང་རོགས་ཞེས་ཐོག་མ་ཉིད་ནས་འབོད་སྐུལ་གནང་བཞིན་ཡོད་པར་གསུངས་ཡོད། རྩ་བའི་འདས་པའི་ཟླ་བ་གཅིག་ལྷག་ཙམ་གྱི་ནང་ལ་བཙན་བྱོལ་བོད་མིའི་མང་ཚོགས་ཁྲོད་དང་བླངས་ཀྱིས་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས། དེ་བཞིན་ཕ་རན་སིར་གནས་བཞུགས་རྭ་རྒྱ་བསྟན་འཛིན་ལགས་བཅས་མི་བདུན་བྱུང་ཡོད་ཀྱང་། གཟའ་འཁོར་སྔོན་མའི་ནང་རྭ་རྒྱ་བསྟན་འཛིན་ལགས་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་ཡོད་པ་རེད།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་དྲུག་བྱུང་ཡོད་པའི་ཁྲོད་ཁ་སང་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པ་དང་བསྟུན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ངོ་དེབ་དྲྭ་ལམ་བརྒྱུད་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་དངོས་སུ་གནང་སོང་།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

ཟླ་བ་ ༨ པའི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག  ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དངོས་སུ་འགོ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་དང་སྦྲགས།  ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་ལྔ་བྱུང་ཡོད་པའི་ཁྲོད་དེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་།  དེ་ཡང་དེ་རིང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་ཡིག་ངག་གཉིས་ཀྱི་སྒོ་ནས་གསལ་བསྒྲགས་གནང་ཡོད་པ་དང་།  ཁོང་གིས་བསྒྲགས་གཏམ་དེའི་ནང་རང་ཉིད་སྲིད་སྐྱོང་ལ་ལངས་དགོས་པའི་རྒྱུ་མཚན་ནི་གནད་འགག་ཆེ་བའི་དུས་ཚིགས་འདིར་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ཧྲིལ་པོ་སྣེ་ཁྲིད་དེ་མདུན་སྐྱོད་ཆེན་པོ་བྱེད་ཐུབ་པའི་དམིགས་ཡུལ་དང་འཆར་གཞི་གསལ་པོ་ཡོད་པས་ཡིན་པ་དང་། ལྷག་པར་དུ་བོད་མི་མི་རབས་རྒན་གྲས་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་དང་།  བཙན་བྱོལ་བོད་མི་རྣམས་གཞིས་བཞུགས་སྤུན་ཟླ་དང་བློ་ཐག་ཉེ་རུ་གཏོང་རྒྱུའི་རྨི་ལམ་ཡོད་པ་གསུངས་འདུག  མ་ཟད།  འོས་བསྡུའི་ལས་རིམ་འདིའི་ཁྲོད་བོད་རིགས་སྤུན་ཟླ་རྣམས་རྒྱལ་ཁབ་གཅིག་དང་།  མི་རིགས་གཅིག  དེ་བཞིན་འཐབ་རྩོད་གཅིག་གི་ངོ་བོའི་ཐོག་ནས་མཐུན་སྒྲིལ་ཡོང་བར་ནུས་ཤུགས་འདོན་ངེས་ཡིན་པ་གསུངས་འདུག  ད་དུང་གལ་ཏེ་ཁོང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་ཡིན་ན།  རང་ཉིད་ནས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་བཅས་རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་དང་།  ད་ལྟའི་བཀའ་ཤག་གི་ལས་དོན་རྣམས་ཚུལ་བཞིན་རྒྱུན་སྐྱོང་དང་ཡང་སྒོས་ལྔ་དང་ལྔ་བཅུའི་འཆར་སྣང་དེ་བཞིན་གལ་ཆེར་བརྩིས་པའི་ཐོག་གནས་རིམ་གང་ཅིའི་ཐད་ལ་གཞོན་སྐྱེས་ཚོ་མཉམ་ཞུགས་དང་ལས་འགན་ཇེ་ཆེར་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག  དེ་དག་འགྲུབ་ཐབས་སུ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ་དང་།  དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ། དེ་བཞིན་ཤེས་ཡོན་ལེགས་བཅོས་དང་།  བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གནང་རྒྱུ། དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏང་རྒྱུ་ཡིན་པ་བཅས་གསུངས་འདུག  ལྷག་པར་དུ་ཁོང་གིས་གནད་དོན་ལྔ་པོ་དེ་དག་ལ་ལས་འཆར་རིམ་པས་སྒྲིག་ཡོད་པ་གསུངས་འདུག  གཞི་རྩའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཅིང་།  ཨ་རིའི་བྷོ་སི་ཊོན་ Tufts གཙུག་ལག་སློབ་གྲྭ་ནས་སློབ་མཐར་སོན་པ་དང་།  ཕྱི་ལོ་ ༢༠༡༡ ནས་ ༢༠༢༠ བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དམིགས་བསལ་སློབ་སྟོན་པ་དང་།  དེ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད།  དེ་བཞིན་དཔལ་འབྱོར་ལས་ཁུངས་སུ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་གནང་མྱོང་ཡོད་པ་བཅས་ལོ་ངོ་ ༢༣ ལྷག་གི་རིང་བོད་མིའི་རང་དབང་འཐབ་རྩོད་དང་སྤྱི་ཚོགས་ཡར་རྒྱས་ཆེད་ཕྱག་ལས་གནང་མྱོང་ཡོད་པ་ཞིག་རེད་འདུག རྩ་བའི་ད་བར་སྲིད་སྐྱོང་གི་འོས་གཞིའི་ནང་སྐལ་རྡོར་ལགས་ཀྱི་གཙོས་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག  བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་དང་།  ཕ་རན་སིར་བཅའ་བཞུགས་རྭ་རྒྱ་བསྟན་འཛིན་ལགས་བཅས་མི་དྲུག་དངོས་སུ་ཐོན་ཟིན་པ་རེད།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་གིས་དེ་རིང་དྲ་ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ་བརྒྱུད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་རང་ཉིད་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པ་དང་། བཞེངས་དོན་གང་ཡིན་དང་ཆབ་སྲིད་ཀྱི་བཞེངས་ཕྱོགས། མ་འོངས་འཆར་སྣང་བཅས་ངོ་སྤྲོད་གནང་སོང་། སྐབས་དེར་ཁོང་གིས་རང་ཉིད་༸གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག་རང་ནུས་གང་ཐུབ་ཀྱིས་ཕྱག་ལས་གནང་མཁན་རྒྱལ་ཞེན་ཅན་གྱི་ནང་མི་ཞིག་ཏུ་སྐྱེས་པ་དང་། བོད་མི་རིགས་ཀྱི་ངོ་བོ་ར་འཕྲོད་པ་དང་མི་རིགས་ཀྱི་ལ་རྒྱ་གསལ་པོ་ཤེས་པའི་ཁོར་ཡུག་ནང་འཚར་ལོངས་བྱུང་སྐོར་གསུངས་པ་དང་སྦྲགས། རང་ཉིད་ཀྱི་བསམ་དོན་བཞིན་སློབ་སྦྱོང་དང་ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གྲོས་ཚོགས། བོད་མིའི་སྒྲིག་འཛུགས་བཅས་སུ་ཁྱོན་ལོ་ངོ་ ༣༠ ལྷག་གི་རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་དང་ཉམས་མྱོང་བྱུང་ཡོད་པའི་ཁར་ད་ལྟ་ང་ཚོར་ཕོ་མོ་འདྲ་མཉམ་གྱི་འགན་ཁུར་རྒྱུའི་གོ་སྐབས་དང་ནུས་པ་ཡོད་པ་དེ་ལོངས་སུ་སྤྱད་ནས་མ་འོངས་པར་བེུད་འགོ་ཁྲིད་ཀྱི་དཔེ་བཟང་སྤེལ་རྒྱུ་སོགས་ཀྱི་གོ་སྐབས་དང་ནུས་པ་ཡོད་པར་ཡིད་ཆེས་ཐོག་ནས་སྲིད་སྐྱོང་འོས་གཞིར་བཞེངས་བཞིན་ཡོད་པ་གསུངས་སོང་།ད་རེས་ཀྱི་གོ་སྐབས་དང་བསྟུན་ཁོང་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་གྲོས་ཚོགས་ནས་བོད་ཀྱི་བདེན་དོན་སེལ་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྐབས་སྤྱི་འཐུས་ཤིག་ཡིན་པ་ལྟར་ཁོང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དེ་དབུ་མའི་ལམ་ཡིན་པར་ཡོངས་གྲགས་གནང་ཡོད། ཁོང་གིས་ད་ལྟའི་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་འགྱུར་ལྡོག་གི་གོ་སྐབས་དམ་འཛིན་གྱིས་སོ་སོའི་གནས་ཡུལ་རྒྱ་གར་ནས་དབུ་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གོང་འཕེལ་གཏོང་ཕྱིར་ལས་གཞི་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་ཁོང་ཉིད་ནས་ཐུགས་ཕན་སོས་པའི་ནུས་པ་ཆེད་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་མ་འོངས་པའི་ལས་འཆར་ངོ་སྤྲོད་དང་འབྲེལ་ཏེ་འཛིན་སྐྱོང་དང་དེང་སྐབས་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ཙམ་ཕྱིའི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་མི་དེ་དག་ཆགས་ཀྱི་ཡོད་སྟབས། སྐུ་ཚབ་དོན་གཅོད་ཁག་ནས་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བཞེས་པའི་ཐོག་ནས་མང་ཚོགས་ཀྱི་བདེ་དོན་ལྟ་སྐྱོང་ཆེད་ས་གནས་ཁག་ཏུ་བོད་པའི་མི་འབོར་ལ་གཞིགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ངོ་བོ་དེར་ངོས་འཛིན་ཆེ་བ་གནང་རྒྱུ་མ་ཟད་ས་འཐུས་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོ་བོར་བསྒྱུར་རྒྱུ་དང་། ཕྱིའི་རྒྱལ་ཁབ་ནས་རྒྱ་གར་ལ་ཕེབས་མཁན་རྣམས་ལ་ PAP སོགས་འགྲུལ་སྐྱོད་དང་འབྲེལ་བའི་ངལ་བ་ཁག་སེལ་ཐབས་འབད་རྒྱུ་ཡིན་པ་སོགས་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྟེན་ཏེ་སྲི་ཞུ་བ་རྣམས་ཀྱི་བདེ་སྡུག་ལྟ་སྐྱོང་ཆེད་དུ་སྲི་ཞུ་བ་རྣམ་པར་སྐྱེད་མེད་བུ་གཡར་གནང་རྒྱུ་དང་། ས་གནས་བོད་མིའི་གཞིས་ཆགས་ཁག་ཏུ་སྤྱི་ཚོགས་ཀྱི་འགན་ཁུར་གནང་མཁན་དག་ལ་མཐུན་འགྱུར་དང་ངོས་འཛིན་ཇེ་མཐོར་གཏོང་རྒྱུ་མ་ཟད། གཞིས་ཆགས་ཁག་གི་གནས་བབ་ལ་གཞིགས་ཏེ་སོ་ནམ་ཞིང་ལས་དང་མཉམ་འབྲེལ། བཟོ་གྲྭ་སོགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་ནས་གཞིས་ཆགས་སྲ་བརྟན་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་སོང་། ས་ཁང་སྒྲིག་གཞི་དང་ཉམ་ཐག་ལྟ་སྐྱོང་སྒྲིག་གཞི་རྣམས་ལ་བསྐྱར་བཅོས་ཀྱིས་ཉམ་ཐག་གི་གནས་བབ་ལས་གྲོལ་ཐབས་དང་། ཁ་འཐོར་བོད་མི་རྣམས་ལ་སྡོད་གནས་ཀྱི་ངལ་བ་སེལ་རྒྱུ། རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཕྱག་ལས་གནང་མཁན་གྱི་བོད་མི་གཞོན་སྐྱེས་རྣམས་ཀྱི་སྡོད་གནས་དང་འབྲེལ་བའི་ངལ་བ་སེལ་རྒྱུ། དགོན་སྡེ་ཁག་ལ་ཡོད་པའི་སློབ་གྲྭའི་གནས་སྟངས་དེ་དག་༸དཔལ་ནཱ་ལེནྡྰའི་ཆོས་བརྒྱུད་འཛིན་མཁན་གྱི་ངོས་འཛིན་ལྡན་པའི་ཤེས་ཡོན་ལམ་ལུགས་ཐོག་ཕེབས་ཐུབ་ཐབས་སུ་བོད་ཡིག་དང་བོད་སྐད་ཡར་རྒྱས་གཏོང་འཆར་ཡོད་པ་མ་ཟད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་སོང་། ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདིའི་ཐོག་བཙན་བྱོལ་བོད་མིའི་བོད་དབྱིན་གཉིས་ཀྱི་གསར་ཁང་ཁག་གི་གསར་འགོད་པ་ཁྱོན་ ༡༨ ཙམ་ནས་མཉམ་ཞུགས་གནང་ཡོད་པ་ལྟར་བཀའ་ཟུར་མཆོག་ནས་གསར་འགོད་པ་རྣམས་ཀྱི་བཀའ་འདྲིར་དང་བཞེས་ཀྱིས་དགོངས་ཚུལ་ཁག་གསལ་བཟོ་གནང་ཡོད་པ་རེད།

 བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དངོས་སུ་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག   གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་གི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་དང་། འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་དང་དགེ་བཤེས་མ་བདེ་ལེགས་དབང་མོ་གཉིས་ཀྱི་དབུ་བཞུགས་ཀྱིས་གསར་འགོད་ལྷན་འཛོམས་ཤིག་སྐོང་ཚོགས་གནང་སྟེ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག  ཕྱི་ལོ་ ༢༠༢༡ ལོའི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དངོས་སུ་འགོ་འཛུགས་གནང་བ་གསལ་བསྒྲགས་བསྐྱངས་སོང་།  དབུས་འོས་བསྡུ་ལས་ཁང་གིས་ད་ལྟའི་ཆར་སྲིད་སྤྱི་གཉིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ག་དུས་གནང་མིན་གྱི་དུས་ཚོད་གཏན་འབེབས་གནང་མེད་ནའང་།  འོས་བསྡུ་འགན་འཛིན་ལགས་ཀྱིས་དེང་སྐབས་ནད་ཡམས་གྱི་རྐྱེན་གྱིས་དཀའ་ཚེགས་དུ་མ་ཡོད་མེད་ལ་མ་ལྟོས་པར་འོས་བསྡུ་ཆེན་མོ་དུས་ཐོག་ལ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ས་གནས་འོས་བསྡུ་ལས་ཁང་དང་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ཀྱང་ངལ་བ་ཁྱད་བསད་ཀྱིས་ཞུ་སྒོ་ཁག་གནང་ཐབས་དང་། ལྷག་པར་དུ་རང་རིགས་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་གལ་ཆེན་ཡིན་པར་ངོ་སྤྲོད་གནང་བ་མ་ཟད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་དགོངས་དོན་ལྟར། འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་བ་ཡིན་པས་མང་ཚོགས་ཀྱིས་དམིགས་བསལ་ཐུགས་སྣང་བཞེས་དགོས་བའི་རེ་སྐུལ་ཞུས་སོང་། དེ་དང་འབྲེལ་ནས། འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་རྣམས་ཀྱིས་འོས་འགྲན་དྲིལ་བསྒྲགས་བྱེད་ཕྱོགས་དང་འབྲེལ་ནས་རྩ་འཛིན་གྱི་ལམ་སྟོན་དོན་ཚན་བཅུ་གཉིས་ཅན་ཞིག་གསལ་བསྒྲགས་གནང་བའི་ནང་།  འོས་མི་རྣམས་ཀྱིས་དྲིལ་བསྒྲགས་ཀྱི་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་སོགས་འཁོད་མི་ཆོག་པ་དང་། དེ་བཞིན་སྤྱི་ཡོངས་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ། འཆམ་མཐུན་གྱི་རྨང་གཞི་བརྟན་པ། གཞན་ཡང་གཞི་རིམ་གྱི་ཐོབ་ཐང་ཁག་ལ་སྲུང་བརྩི་ཞུ་རྒྱུ་དང་། དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་མི་ཆོག་པ་སོགས་ཀྱི་དོན་ཚན་བཅུ་གཉིས་ཕྱིར་བསྒྲགས་གནང་སོང་། གཞན་ཡང་སྐབས་དེར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ལྟར་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་གྲངས་དེ་སྔ་ལྟར་ ༤༥ ངེས་གནས་ཡིན་པ་དང་། མང་ཚོགས་རྣམས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ དང་ ༢༥ གཉིས་ལ་དམིགས་བསལ་གྱི་ཐུགས་སྣང་དགོས་པ་མ་ཟད། དེང་སྐབས་ཁ་པར་དང་དྲ་ལམ་ཁག་ཏུ་སྒེར་ནད་སྤྱི་སྤུངས་ཀྱི་ནང་ཁུལ་འཁྲུགས་གཞི་དང་། དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དྭོགས་ཟོན་དང་སྦིར་བསངས་དོད་པོས་བྱ་ར་དམ་འཛིན་གནང་དགོས་པའི་ལམ་སྟོན་སོགས་གནང་སོང་པ་མ་ཟད། རིམ་བཞིན་དབུས་འོས་བསྡུ་ལས་ཁང་ནས་ཚེས་གྲངས་གསལ་སྒྲགས་གནང་མཚམས་སུ་འོས་བསྡུའི་དེབ་སྐྱེལ་ངེས་པར་དུ་གནང་དགོས་པ་གསུངས་སོང་། དེ་བཞིན་སྐབས་དེར་འདི་གའི་གསར་འགོད་པས་ཕྱི་ལོ་ ༢༠༡༦ འོས་བསྡུའི་ཁྲོད་དགོན་པ་གྲྭ་ཚང་དང་སྡེ་ཚན་བྱེ་བྲག་པ་རེ་འགས་སྲིད་སྐྱོང་གི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐབས་སུ་དམིགས་བསལ་གྱི་ཁྱབ་ཁོངས་ཀྱི་ས་ཁུལ་རེ་འགར་འགྲོ་རུ་མ་བཅུག་པ་སོགས་ཀྱི་གནད་དོན་བྱུང་ཡོད་སྟབས། དེ་འདྲའི་རྙོག་གླིང་གི་སྐབས་སུ་འོས་བསྡུ་ལས་ཁང་གི་ངོས་ནས་འགན་ག་རེ་བཞེས་བཞིན་ཡོད་པར་བཀའ་འདྲི་ཞུས་པར། ཁོང་གིས་མང་ཚོགས་ཀྱི་བོད་མིའི་བཅའ་ཁྲིམས་ལ་རྩ་འཛིན་བྱས་པའི་ཐོག་ནས་མང་ཚོགས་ཀྱི་ཐོབ་ཐང་དང་འོས་འགན་གཉིས་ལ་བརྩི་སྲུང་བྱེད་རྒྱུ་གལ་ཆེན་པོ་ཡིན་ལུགས་ཀྱིས། འོས་བསྡུ་ལས་ཁང་གི་ངོས་ནས་འོས་མི་ཡོངས་ལ་གཅིག་གྱུར་གྱིས་དྲིལ་བསྒྲགས་ཀྱི་གོ་སྐབས་འབུལ་བར་མཐུན་རྐྱེན་སྒྲུབ་དགོས་ལུགས་ཀྱི་ལམ་སྟོན་གནང་སོང་། གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་རིམ་པའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འདི་བཞིན་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་ཁག་ཅིག་གནང་འཆར་འདུག་ཀྱང་། ད་ལྟའི་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲགས་གནས་སྟངས་ཁྲོད་མང་ཚོགས་ཀྱིས་སྟབས་བདེའི་ངང་ནས་འོས་བསྡུའི་གནས་ཚུལ་འཚོལ་བཤེར་བྱེད་ཐབས་དང་། འོས་བསྡུའི་གོ་རྟོག་སྤེལ་རྒྱུ་སོགས་ལ་དམིགས་ཏེ། tibetanelection.net ཞེས་པའི་འོས་བསྡུའི་དྲ་རྒྱ་གསར་པ་ཞིག་ཀྱང་དབུ་འབྱེད་གནང་ཡོད།    དབུས་འོས་བསྡུ་ལས་ཁང་གི་བསྒྲགས་གཏམ། To press Tibetan

Latest news