Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་གྲོས་ཆོད་གཏན་འབེབས།

དེ་རིང་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲྭ་བས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་འདུག་པ་དང་། དེའང་ལོ་འདིའི་ཕྱི་ཟླ་ ༥ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་རེད་འདུག ས་བཅད་ ༨ དང་དོན་ཚན་ ༤༨ ཡོད་པའི་སྲོལ་ཡིག་དེའི་ནང་སྲིད་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་མཛུབ་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་བྱུས་བཀོད་སྒྲིག་གལ་ཆེན་དང་བླང་བྱར་བརྩི་སྲུང་ཞུས་པའི་ཐོག་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཡོད་པ་སོགས་འཁོད་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་ས་གཙོ་བོ་ནི་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། གྲོང་དང་གྲོང་རྡལ། གྲོང་ལྷན། སློབ་གྲྭ དམག་སྒར། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་སོགས་སུ་དཔེ་བཟང་ས་ཁུལ་ (གྲོང་ཁྱེར) དང་། དཔེ་བཟང་རྫོང་། (ཆུས) དཔེ་བཟང་ཡུལ་ཚོ། གྲོང་རྡལ་ (ཁྲོམ་གཞུང) དཔེ་བཟང་གྲོང་ལྷན། དཔེ་བཟང་སྡེ་ཁུལ། དཔེ་བཟང་ཚན་པ་བཅས་འཛུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱབ་གདལ་གཏོང་ཐབས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་སོགས་བཤད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༡ ལོ་ནས་བོད་ནང་རྒྱ་གཞུང་གི་དབྱེ་བའི་མཚོ་སྔོན་དང་ཡུ་ནན་ཞིང་ཆེན་བཅས་ཀྱི་ནང་དུ་ལག་བསྟར་འགོ་བཙུགས་ཟིན་ཡོད་པ་དང་། ཁྲིམས་སྒྲིག་དེའང་མི་རིགས་མཐུན་སྒྲིལ་སོགས་ཀྱི་རྣ་བར་སྙན་པའི་ཚིག་བརྗོད་བེད་སྤྱོད་བཏང་བའི་ཐོག་ནས་དོན་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་སྤེལ་རྒྱུ་དང་། དམར་ཤོག་ཚོགས་པའི་སྲིད་བྱུས་ལ་བློ་གཏད་མཁན་རྣམས་ལ་བྱ་དགའ་སྤྲད་པ་དང་། ཏང་གི་ཁ་ལ་མི་ཉན་མཁན་རྣམས་འཛིན་བཟུང་སོགས་ཀྱི་ཆད་པ་གང་བཅད་ཀྱང་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་དེ་ལས་ཀྱང་བློ་ཚབས་ཆེ་བ་ནི་རྒྱ་གཞུང་གིས་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་དང་། ཆོས་ལུགས་ལས་དོན་སྲོལ་ཡིག ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོ་ནས་ལག་བསྟར་དང་བཟོ་བཅོས་སྣ་ཚོགས་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བར་དོ་དམ་བྱེད་པའི་སྐོར་གྱི་བྱ་ཐབས་སོགས་སྔ་རྗེས་སུ་གསར་དུ་གཏན་འབེབས་དང་སྔར་ཡོད་ཀྱི་སྲོལ་ཡིག་ཁག་བཟོ་བཅོས་སྣ་ཚོགས་བྱས་ཏེ་ལག་བསྟར་བྱས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཡོངས་སུ་འགལ་ཟླ་ཆགས་ཡོད་པ་དང་།  རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་གཏན་འབེབས་བྱ་བར་རང་ཉིད་ཀྱིས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་ཡོད། དེའང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་སྐད་ཡིག རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་སྲུང་སྐྱོབ་དང་དར་སྤེལ། དེའི་འོས་འགན་དང་ལག་བསྟར་དགོས་པ་གསལ་པོ་འཁོད་ཡོད་ཀྱང་། རྒྱ་གཞུང་གི་ཁྲིམས་ཡིག་དང་ལག་བསྟར་སྲིད་བྱུས་གཉིས་ཡོངས་སུ་འགལ་ཟླ་ཆགས་ཏེ་གྲངས་ཉུང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག རིག་གཞུང་བཅས་པ་སྲུང་སྐྱོབ་བྱེད་རྒྱུ་ལས་ལྡོག་ནས་སྐད་ཡིག་དང་རིག་གཞུང་རྒྱ་བསྒྱུར་དང་། མི་རིགས་རྒྱ་བསྒྱུར། ཐ་ན་ཆོས་ལུགས་དད་མོས་དང་། མིའི་བསམ་བློ་དང་ཡིད་ཆེས་བྱེད་ཕྱོགས་ཚུན་ཆད་དམར་པོའི་ཆབ་སྲིད་སློབ་གསོ་དང་ཁྲིམས་སྒྲིག་འོག་ཏུ་དམར་པོའི་རིང་ལུགས་དང་དམར་པོའི་ལྟ་བར་སྒྱུར་མུས་ཡིན་པར་མ་ཟད་བོད་མི་ཚོ་རང་ས་རང་ཡུལ་ནས་མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་གི་ཆ་ནས་གྲངས་ཉུང་མི་རིགས་ཆགས་ཡོད་པ་ང་ཚོས་ཟུར་བལྟས་ལེབ་མཐོང་ཡིན་པ་གསུངས་སོང་།

༢༠༡༩ ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཁྲིམས་ལུགས་དབང་འཛིན་ཇེ་སྡུག་ཏུ་ཕྱིན་འདུག

CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་ལ་འདས་ལོ་ ༢༠༡༩ ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཁྲིམས་ལུགས་དབང་འཛིན་ཇེ་སྡུག་ཏུ་ཕྱིན་ཡོད་པ་ཐེར་འདོན་དང་སྦྲགས། ཨ་རི་མི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ངེས་པར་དུ་གླེང་སློང་དང་ལྷག་དོན་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་ལ་ཐེ་བྱུས་བྱེད་དབང་མེད་ཅེས་གསུངས་དགོས་པའི་དགོས་འདུན་ཁག་གཅིག་ཆེད་བཏོན་གནང་འདུག ཁ་སང་ཕྱི་ཚེས་ ༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༠༠ ནང་ལ་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་དང་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་གཉིས་ཀྱིས་དབུས་པའི་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་ལྷན་ཞུགས་ཐོག་ཕྱི་ལོ་ ༢༠༡༩ ལོའི་ཚོགས་ཆུང་གི་ལོ་འཁོར་སྙན་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་ཆེད་འཛུགས་བྱས་པ་ནས་བཟུང་སྟེ་རྒྱ་ནག་གཞུང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས། དེ་བཞིན་ཆོས་དད་རང་དབང་སོགས་ལ་ཚོད་འཛིན་དམ་དྲག་བྱེད་མུས་ཁར་ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་ནག་གི་བདེ་འཇགས་དང་གཏན་ལྷིང་གི་མིང་བྱང་འོག་ཁྲིམས་ལུགས་གསར་བཟོ་མང་དག་ཅིག་གི་བརྒྱུད་ནས་རྒྱལ་ནག་ཁྱོན་ཡོངས་སུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བཀོད་འདུག འདས་ལོ་ ༢༠༡༩ ནང་ལ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གསར་དེ་དག་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་དང་ཆབ་སྲིད་ལས་དོན་ལ་དམ་དྲག གསར་འགོད་རང་དབང་ལ་ཚོད་འཛིན། དེ་བཞིན་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་དེང་དུས་ཀྱི་གསང་བའི་ལྟ་སྲུང་འཕྲུལ་ཆས་སྤྱོད་དེ་མང་ཚོགས་ཀྱི་ལས་དོན་སྤྱི་རིགས་ཐོག་ལྟ་སྲུང་གིས་འཛིན་བཟུང་བྱས་པ་ཐེར་འདོན་གནང་སྟེ་འདས་ལོ་ ༢༠༡༩ ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ཁྲིམས་ལུགས་དབང་འཛིན་ལག་བསྟར་བྱེད་ཕྱོགས་ཇེ་སྡུག་ཏུ་ཕྱིན་འདུག་ཅེས་གསུངས་འདུག ལྷག་པར་དུ་སྙན་ཐོ་དེའི་ནང་བོད་དང་འབྲེལ་བའི་གནས་ཚུལ་ཁོངས་སུ་སྔར་ལོ་ ༢༠༡༩ ལོ་དེ་ནི་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་ཀྱང་རྒྱ་ནག་གཞུང་ནས་ཕྱོགས་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་༸གོང་ས་མཆོག་གམ་ཡང་ན་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཡོང་ཐབས་སུ་དོན་དམ་གྱི་འབད་བརྩོན་རྩ་་བ་ནས་མ་གནང་བའི་ཁར་འདས་ལོའི་ནང་ཐབས་བྱུས་ལྡན་པའི་ཐོག་བོད་མི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་བཏང་བ་མ་ཟད། བོད་ཐོག་རྒྱབ་ཤ་དཀར་པོ་ཞེས་པའི་ཡིག་ཆ་འདོན་སྤེལ་བྱས་ཏེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་འགན་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་པ་སོགས་ཐེར་འདོན་གྱིས་རྒྱ་གཞུང་གི་ཐེ་བྱུས་ཅན་གྱི་བྱ་སྤྱོད་དེ་དག་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོག་བཏང་བ་ཞིག་རེད་ཅེས་བཀོད་འདུག རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་ཆོས་ཕྱོགས་དང་ཚོགས་པ་ཁག་གི་ལས་དོན་ལ་དམ་དྲག་བྱེད་མུས་ཁྲོད་སྔ་ལོ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་རྒྱལ་སྤྱིའི་སྐུ་ཚབ་མི་སྣ་དང་གསར་འགོད་པ་རྣམས་འགྲོ་བསྐྱོད་བྱེད་རྒྱུར་སྔར་དམ་དྲག་ཆེ་རུ་བཏང་བ་དེས་དམ་དྲག་ཆེ་ས་བྱང་ཀོ་རི་ཡའི་རྒྱལ་ཁབ་ནང་འགྲོ་རྒྱུ་ལས་བོད་རང་སྐྱོང་ལྗོངས་ནང་འགྲོ་རྒྱུ་དཀའ་བ་ཆགས་འདུག་ཅེས་གསུངས་འདུག གཞན་ཡང་ཤོགས་གྲངས་ ༣༢༣ ཅན་གྱི་ལོ་འཁོར་སྙན་ཐོ་དེའི་ནང་ལ་རྒྱ་ནག་གཞུང་གིས་འདས་ལོའི་ནང་ཧོང་མི་མང་གི་ཞི་བའི་ལས་འགུལ་ལ་དྲག་པོས་ཐེ་བྱུས་བྱས་པའི་གནས་སྟངས་དང་། སྔར་ལོ་རྒྱ་ནག་གིས་དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་བཞིན་ཡོད་ཀྱང་རྒྱ་ནག་གཞུང་ནས་སྐབས་དེའི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱལ་སྤྱིའི་མང་ཚོགས་ལ་འགྲེལ་བརྗོད་མ་བྱས་པར་རྗེས་དྲན་གྱི་ལོ་ཚིག་སྲུང་བརྩི་ཞུ་མཁན་གྱི་གཞི་རིམ་མང་ཚོགས་རྣམས་ལ་དམ་དྲག་བྱས་པར་མ་ཟད་ཡུ་གུར་མི་མང་ས་ཡ་ལྷག་བཀག་ཉར་གྱིས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པ་སོགས་ཞིབ་ཕྲ་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གཞུང་གིས་བྱེད་སྟངས་དེ་ནི་འགྲོ་མིའི་ཐོག་ལ་སྤེལ་བའི་འཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ལོ་ལྟར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་ལས་དོན་སོགས་དང་འབྲེལ་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་ལས་རིམ་དང་། ཁྲིམས་འཆར་འདོན་སྤེལ་སོགས་གནང་མུས་ལྟར་འདས་ལོའི་ནང་བོད་དང་ཤིན་ཅང་། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ཐོག་ཉན་ཞིབ་ལས་རིམ་བཞི་དང་ལྷག་པར་དུ་ཕྱི་ཟླ་ ༩ ཕྱི་ཚེས་ ༢༤ ཉིན་ཚོགས་ཆུང་དེའི་ཚོགས་གཙོ་དང་སྐུ་ཞབས་ Jim McGovern ལགས་དང་མཉམ་འབྲེལ་ཚོགས་གཙོ་སྐུ་ཞབས་ Marco Rubio ལགས་གཉིས་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་ཡོད་པ་དང་། ཁ་སང་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས་སྐུ་ཞབས་སྐུ་ཞབས་ James McGovern ལགས་ཀྱིས་བོད་དོན་ཁྲིམས་འཆར་གསར་པ་དེ་བདུན་ཕྲག་རྗེས་མའི་ནང་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག རྩའི་ཁ་སང་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་རྒྱ་ནག་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་དང་སྦྲགས་ཏེ་ཨ་མི་རི་ཀའི་སྲིད་འཛིན་ Donald Trump མཆོག་རྒྱ་ནག་དང་ལྷན་དུ་ཆབ་སྲིད་ཀྱི་འབྲེལ་བ་བྱེད་སྐབས་བོད་དང་ཧོང་ཀོང་། ཤིན་ཅང་སོགས་ཀྱི་གནད་དོན་གླེང་དགོས་པ་དང་། རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ། འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བཞིན་པའི་གནད་དོན་རྣམས་ཐེར་འདོན་བྱེད་དགོས་པ་མ་ཟད་དེ་སྔ་ ༢༠༡༨ ལོར་གཏན་འབེབས་གནང་བའི་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལག་བསྟར་བྱེད་དགོས་པ་སོགས་ཀྱི་འདོན་འདུན་ཁག་གཅིག་ཆེད་བཏོན་གནང་ཡོད་པ་རེད།

རྫ་དབོན་པོ་སྡེ་པའི་བོད་མི་སུམ་ཅུ་ལྷག་ཟླ་ཕྱེད་རིང་བཀག་བསྐྱིལ།

ཉེ་ཆར་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ནང་ལ་སེལ་ཤུལ་རྫོང་རྫ་སྨད་དབོན་པོ་སྡེ་པའི་ནང་དུ་བོད་དོན་ལས་འགུལ་དང་འབྲེལ་བོད་མི་ཁག་གཅིག་སྔ་རྗེས་སུ་འཛིན་བཟུང་བྱས་པའི་ཁྲོད་ནས་ད་ལྟའི་ཆར་ས་གནས་དང་འབྲེལ་བའི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་གཞིགས་ཚེ་དབོན་པོ་སྡེ་པའི་སེར་སྐྱ་སུམ་ཅུ་བརྒལ་བ་ཅིག་ཟླ་ཕྱེད་རིང་བཀག་བསྐྱིལ་བྱས་འདུག སྔ་ལོ་ཕྱི་ཟླ་ ༡༡ ཚེས་ ༧ དང་ ༡༨ དེ་བཞིན་ཚེས་ ༢༡ བཅས་ལ་ཁམས་སེར་ཤུལ་རྫོང་རྫ་དབོན་པར་རྒྱ་གཞུང་གིས་དགེ་འདུན་པ་ལྔ་དང་མི་སྐྱ་མི་གཉིས་བཅས་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་དེ་འབྲེལ་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་རྒྱུས་ལོན་མ་ཐུབ་པར་ལྷག་ཡོད་པའི་ཁྲོད། དེ་རིང་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་བྱ་བྲལ་ཁང་ཚན་དབོན་པོ་དགོན་གྱི་དགེ་འདུན་པ་བྱམས་པ་ཡོན་ཏན་ལགས་ཀྱིས་ས་གནས་བོད་མི་བརྒྱུད་ནས་ཕྱི་ཟླ་ ༡༡ ཚེས་ ༢༤ ནས་ཕྱི་ཟླ་ ༡ ཚེས་ ༣ བར་སེར་ཤུལ་རྫོང་རྫ་དབོན་པོ་ནང་དུ་གནས་སྟངས་ཇི་ཆགས་སོགས་དང་འབྲེལ་བའི་འཚོལ་སྒྲུབ་གནང་སྐབས་སུ་སེར་སྐྱ་སུམ་ཅུ་བརྒལ་བ་ཅིག་ལ་རྩམ་པ་གཅིག་པོ་མ་གཏོགས་ཟས་གང་ཡང་མ་སྤྲད་པར་ཟླ་བ་ཕྱེད་རིང་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམས་ནི་དོགས་ཡོད་མི་སྣ་དང་དྲྭ་རྒྱ་དང་འབྲེལ་བ་ཡོད་པ། དེ་བཞིན་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པ་དང་༸གོང་ས་མཆོག་གི་༸སྐུ་པར་བཤམས་ཡོད་པ། སྐད་ཆ་བཤད་སྟངས་ནོར་བ་དང་ཆབ་སྲིད་དང་འབྲེལ་མེད་སྤྱིར་བཏང་གི་རྙོག་གླེང་ཅན་ཞིག་ཡིན་པ་གསུངས་སོང་། དེ་བཞིན་གྲྭ་བ་མང་པོ་ཞིག་ལ་བསམ་བློའི་སློབ་གསོ་དགོས་ཚུལ་གྱིས་ཟླ་ཕྱེད་རིང་ཉིན་ལྟར་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས་པ་དང་མང་ཚོགས་ལ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དེ་རིགས་ལྷག་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། དབོན་པོ་སྡེ་པའི་ཡུལ་མི་དང་སྡེ་པ་གཞན་གྱི་མི་སོགས་སེར་སྐྱ་མང་པོ་ཞིག་གི་ཁ་པར་སྔོག་གཤེར་བྱས་ཡོད་པ་དང་ཉེན་རྟོག་ཁང་ལ་འབོད་དེ་འདྲི་རྩད་ཀྱིས་ཡིག་ཆ་ཁག་གཅིག་ལ་མིང་རྟགས་བཀོད་བཅུག་པ་སོགས་ཀྱི་གནས་སྟངས་བྱུང་འདུག ལྷག་དོན་དམག་མི་རྣམས་ཀྱི་ལག་ཏུ་མེ་མདའ་དང་ཉེན་འགོག་གྱི་ལག་ཆ་འདྲ་མིན་སོགས་བཟུང་ནས་སྲང་ལམ་དུ་དམག་སྦྱོང་གིས་མི་མང་ལ་ཉིན་ལྟར་འཇིགས་བསྐུལ་བྱས་ཡོད་པ་དང་ཕྱི་ཟླ་ ༡༢ ཚེས་ ༡༢ ནས་སྣང་ཚུལ་ལ་དམག་མི་མང་པོ་ཞིག་རྫ་སྨད་ནས་ཕྱིར་ལོག་བྱུང་བ་མཐོང་ཡོད་པ་རེད་འདུག ད་ལྟའི་ཆར་དབོན་པོ་སྡེ་པའི་ནང་དམ་དྲག་ཤུགས་ཆེ་བའི་རྐྱེན་གྱིས་ས་གནས་ཀྱི་གནས་ཚུལ་དང་འབྲེལ་ཏེ་ས་གནས་ཀྱི་བོད་མི་མང་པོར་ཞལ་པར་དང་སྐད་འཕྲིན་སོགས་ཀྱི་བརྒྱུད་ནས་ཐེངས་མང་རྩད་གཅོད་ཞུས་ཀྱང་འབྲེལ་བ་ཞུ་རྒྱུ་དཀའ་བར་གྱུར་པ་མ་ཟད། སྤྱི་ཚོགས་དྲྭ་ལམ་ཡོངས་རྫོགས་བཀག་འགོག་བྱས་པར་མ་ཟད། མང་ཚོགས་ཁྲོད་དུ་ཉུལ་ཞིབ་རུ་ཁག་མི་སྣ་སོགས་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་སྟབས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གཞི་རྩའི་རྒྱ་གཞུང་གིས་དེ་སྔོན་ཕྱི་ཟླ་ ༡༡ ནང་དུ་རྫ་དབོན་པོ་སྡེ་བ་ནས་སྔ་རྗེས་སུ་འཛིན་བཟུང་བྱས་པའི་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་བཅས་ཐོག་མར་སེལ་ཤུལ་རྫོང་ལ་ཁྲིད་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་རྗེས་སུ་ནང་མི་ཚོ་དང་ཐུག་འཕྲད་བྱུང་ཡོད་མེད། ཁོང་རྣམ་པའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཤེས་རབ་སྙིང་རྗེ་དགེ་ལས་ཐེབས་རྩ་ཚོགས་པ་སྒོ་བརྒྱབ་འདུག

གསེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཤེས་རབ་སྙིང་རྗེ་དགེ་ལས་ཐེབས་རྩ་ཚོགས་པ་ཞེས་པ་དེ་སྒོ་རྒྱབ་ཡོད་པ་དང་། མཁན་པོ་མཆོག་གི་གསལ་བཤད་ནང་ཐེབས་རྩ་ཁང་སྒོ་རྒྱག་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ཁོངས་སུ་མི་རེ་འགས་ལྟེ་གནས་ཁང་དེའི་མིང་ཐོག་ནས་ཁྲིམས་འགལ་གྱི་ལས་དོན་མང་པོ་སྤེལ་བཞིན་པར་འགྲེལ་བརྗོད་གནང་ཡོད་པ་དེ་ལྟར་ཡང་། མཁན་པོའི་སློབ་མ་ཁག་ཅིག་གིས་ཐེབས་རྩ་ཁང་སྒོ་བརྒྱབ་པ་དེའི་རྒྱབ་ཏུ་རྒྱ་ནག་གི་གནོན་ཤུགས་ཡོད་པ་དྭོགས་པ་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་མཁན་པོ་བསོད་དར་རྒྱས་ལགས་ནི་བོད་ནང་དང་དམིགས་བསལ་གྱི་རྒྱ་ནག་གི་སྤྱི་ཚོགས་ནང་དུ་ནང་ཆོས་འཆད་ཁྲིད་བྱེད་མཁན་གྱི་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གི་ནང་ཆོས་ཁྱབ་སྤེལ་གྱི་ལྟེ་གནས་ཁང་དེར་རྒྱལ་ཁབ་ཕྱི་ནང་གཉིས་སུ་་ཡན་ལག་ཀྱི་ལས་ཁུངས་ཡང་མང་པོ་ཡོད་པ་རེད། དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཁན་པོ་བསོད་དར་རྒྱས་ལགས་ཀྱིས་ཉེ་ལམ་ཟླ་ ༡༢ པའི་ཚེས་ ༣༠ ཉིན། བླ་རུང་སྒར་སྒར་གྱི་དྲ་རྒྱའི་སྟེང་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། དེ་རིང་ནས་བཟུང་ཁོང་གི་བྱམས་བརྩེ་དང་ཤེས་རབ་ཀྱི་ལྟེ་གནས་ཁང་གི་བྱེད་ལས་ཚང་མ་མཚམས་འཇོག་དང་། དེར་འབྲེལ་གྱི་ཡན་ལག་གི་ལས་ཁུངས་དང་་ཆོས་ཚོགས་སོགས་ཡོང་རྫོགས་སྒོ་རྒྱག་རྒྱུ་ཡིན་པར་བརྟེན། སླད་ཐེབས་རྩ་ཁང་འདི་དང་འབྲེལ་བའི་བྱེད་སྒོ་ཁག་གི་གསལ་བསྒྲགས་ཅི་ཞིག་སྤེལ་བ་ཡིན་ནའང་། དེ་ནི་གཞི་རྩ་མེད་པའི་རྫུན་བཟོ་ཡིན་པར་བརྟེན་ཡིིད་ཆེས་བྱེད་མི་རུང་བ་དང་། དེར་འབྲེལ་གྱི་ལྟེ་གནས་ཁང་ལ་ཞལ་འདེབས་ཕུལ་མཁན་རྣམས་ལ་ཡང་ཁོང་དང་འབྲེལ་བ་མེད་པས་མཚམས་འཇོག་བྱེད་དགོས་བ་དང་། གལ་ཏེ་ཐེབས་རྩ་ཁང་གི་མིང་ཐོག་ནས་གསལ་བསྒྲགས་སྤེལ་བ་དང་ཞལ་འདེབས་ལེན་པ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན། ཁོང་གིས་ཁྲིམས་ཐོག་ནས་གནས་ཚུལ་དེར་གདོང་ལེན་བྱེད་རྒྱུ་ཡིན་པར་གསུངས་པ་མ་ཟད། ཁོང་ཉིད་སྔར་ལྟར་རྒྱལ་ཁབ་ལ་དགའ་ཞིང་། ནང་ཆོས་ལ་བློ་སེམས་དཀར་བའི་མི་མང་གི་ཆེད་དུ་ཕྱག་ལས་གནང་ངེས་ཡིན་པར་བརྗོད་པ་དང་སྦྲགས། མི་མང་གིས་དྲང་ཚིགས་ལྡན་པའི་ངང་ནས་ཁྲིམས་བརྩི་སྲུང་བྱེད་རོགས་ཞེས་འབོད་སྐུལ་བྱས་འདུག འོན་ཀྱང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ནུབ་ཕྱོགས་སུ་གནས་སྡོད་བྱེད་མཁན་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་རྒྱ་རིགས་སློབ་མ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༡༢ པའི་ནང་དུ། རྒྱ་ནག་སྲིད་གཞུང་གིས་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ལ་དུས་ཡུན་མ་འདྲ་བར་འདྲི་གཅོད་བྱས་ཡོད་པ་དང་། ཐེངས་འདིར་མཁན་པོ་བསོད་དར་རྒྱས་ལགས་ཀྱི་བྱམས་བརྩེ་དང་ཤེས་རབ་ཀྱི་ལྟེ་གནས་ཁང་དེ་སྒོ་རྒྱབ་པ་དེ་ཡང་གནས་ཚུལ་འདི་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་དྭོགས་པ་བྱེད་བཞིན་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཐེབས་རྩ་ཁང་དེ་སྒོ་རྒྱབ་པ་དེ་ནི་གཅིག་བྱས་ན་ཁོང་ཉིད་ལོ་འདི་གའི་རིང་ལ་སྤྱི་ཚོགས་ཀྱི་ཁྲོད་དུ་ཤན་ཤུགས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་ཏེ་རྒྱ་ནག་གི་བདུན་རེའི་དུས་དེབ་ཀྱི་རྒྱབ་ཤོག་ཏུ་བཀོད་པའི་བོད་རིགས་ཐོག་མ་དེ་ཡིན་པར་ལུང་འདྲེན་བྱས་ཏེ།ཐེངས་འདིར་རྒྱ་ནག་གིས་ཁོང་གི་ལྟེ་གནས་ཁང་དེ་ཆེད་དུ་སྒོ་རྒྱབ་པ་དེས་ཁོང་གི་སྤྱི་ཚོགས་ཁྲོད་ཀྱི་ནུས་ཤུགས་དེར་སྟངས་འཛིན་བྱས་པ་ཞིག་ཡིན་སྲིད་པར་བརྗོད་འདུག རྩ་བའི་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ནི་བླ་རུང་སྒར་ཐོག་མར་ཕྱག་འདེབས་མཁན་གྱི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་དངོས་སློབ་ཡིན་པ་དང་། དམ་པ་ཁོང་སྤྱི་ལོ་ ༢༠༠༤ ལོར་དགོངས་པ་རྫོགས་རྗེས། བླ་རུང་སྒར་གྱི་དགོན་པའི་སྐྱིད་སྡུག་ཡོད་ཚད་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་འགན་ལེན་བྱེད་ཀྱི་ཡོད་པ་རེད། གཞི་རྩའི་བླ་རུང་སྒར་ནི་བོད་ཁུལ་གྱི་དགོན་པ་ཆེས་ཆེ་ཤོས་དེ་ཡིན་པར་བརྟེན། བོད་ཆོལ་ཁ་གསུམ་གྱི་གྲྭ་བཙུན་ཕོན་ཆེར་སློབ་གཉེར་བྱེད་དུ་ཡོང་གི་ཡོད་པར་བརྟེན།སྤྱི་ལོ ༢༠༠༡ ་ནས་བཟུང་། རྒྱ་ནག་གིས་གྲྭ་བཙུན་མང་པོ་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། གྲྭ་ཤག་མང་པོ་ཆེད་དུ་གཏོར་བཤིག་བཏང་སྟེ་དགོན་པའི་གྲྭ་བཙུན་གྱི་གྲངས་ཐོ་ལ་ཚོད་འཛིན་བྱས་དང་བྱེད་མུས་ཡིན་པ་རེད།

ནོར་ཝེ་དཔེ་མཛོད་ཁང་ཞིག་ལ་དཔེ་དེབ་ཅིག་ཕྱིར་འཐེན་བྱ་རྒྱུའི་དགོས་འདུན་ཆེད་བཏོན།

ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩེད་འགྲན་བསྡུར་གྱི་སླད་དུ་རྒྱ་ནག་གི་གངས་ཤུད་གཏོང་མཁན་གྱི་རུ་ཁག་ཞིག་ནོར་ཝེ་ Meråker  ཁུལ་དུ་རྩེད་འགྲན་སྦྱོང་བརྡར་བྱེད་བཞིན་པ་དང་བསྟུན་རུ་ཁག་དེས་ཁུལ་དེའི་དཔེ་མཛོད་ཁང་ཞིག་ལ་རྒྱ་ནག་ནང་ཁུལ་གྱི་རྩོད་རྙོག་ཅན་གྱི་དཔེ་དེབ་ཁག་གཅིག་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་ཆེད་བཏོན་བྱས་ཀྱང་དཔེ་མཛོད་དོ་དམ་པས་མཐའ་གཅིག་ཏུ་དགག་པ་གནང་སྟེ་དེར་ངོས་ལེན་གནང་མི་འདུག ཁ་སང་ཕྱི་ཚེས་ ༢ ཉིན་ norway today གསར་ཁང་གིས་གནས་ཚུལ་སྤེལ་བར་ནོར་ཝེ་དང་རྒྱ་ནག་གཉིས་ མཉམ་སྦྲེལ་གྱིས་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་གྱི་སླད་དུ་གངས་ཤུད་སྦྱོང་བརྡར་ཞིག་ Meråker ནང་གོ་སྒྲིག་ཞུས་ཡོད་པ་དང་། སྦྱོང་བརྡར་དེའི་ཕྱིར་རྒྱ་ནག་གི་ས་ཁག་འདྲ་མིན་ནས་རྩེད་འགྲན་པ་མི་གྲངས་ ༤༠ དང་སློབ་སྟོན་པ་ ༡༥ དང་འགོ་འཛིན་བཅས་ཀྱི་རུ་ཁག་ཞིག་འབྱོར་ཡོད་པ་རེད། ཁོང་ཚོས་ས་གནས་དེའི་དཔེ་མཛོད་ཁང་གི་ནང་དུ་ Falun Gong ཆོས་བརྒྱུད་འཛིན་མཁན་གྱི་གནད་དོན་དང་འབྲེལ་བའི་དཔེ་དེབ་ཅིག་དང་རྩོད་རྙོག་ཅན་གྱི་དཔེ་དེབ་གཞན་གཉིས་ཡོད་པ་མཐོང་སྟེ་དེར་དོགས་འདྲི་དང་དཔེ་དེབ་དེ་དག་དཔེ་མཛོད་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ཆེད་བཏོན་བྱས་ཡོད་ཀྱང་། སྐབས་དེར་དཔེ་མཛོད་ཁང་གི་འགོ་འཛིན་ Anne Marken ལགས་ཀྱིས་ནོར་ཝེ་ཁུལ་དུ་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་ཡོད་པ་ཞིག་ཡིན་སྟབས་དེ་ནི་ཚད་འགལ་གྱི་འདྲི་རྩད་ཅིག་ཡིན་པར་བརྗོད་དེ་དཔེ་དེབ་དེ་དག་ཕྱིར་འཐེན་བྱ་རྒྱུར་མཐའ་གཅིག་ཏུ་དགག་པས་དེར་ངོས་ལེན་གནང་མི་འདུག དཔེ་མཛོད་ཁང་དེའི་འགོ་འཛིན་ Anne Marken ལགས་ཀྱིས་གསར་ཁང་ལ་མུ་མཐུད་བརྗོད་དོན་རྒྱ་ནག་གི་རྩེད་འགྲན་བ་དེ་དག་ཁུལ་དེར་གནས་སྡོད་བྱེད་བཞིན་རིང་རྒྱ་རིགས་རྩེད་འགྲན་པ་ཁག་གཅིག་ནས་དཔེ་དེབ་དེ་དག་དང་འབྲེལ་ནས་འདྲི་རྩད་ཐེངས་གསུམ་ཙམ་བྱས་ཡོད་སྐོར་དང་། རྒྱ་ནག་གི་རྩེད་འགྲན་པ་ཚོས་བཤད་ཚུལ་ལ་བལྟས་ན་ཅི་སྟེ་རྒྱ་ནག་གཞུང་གིས་རྩེད་འགྲན་པ་རྣམས་དཔེ་དེབ་དེ་དག་དང་ལྷན་དུ་འཛིན་བཟུང་བྱུང་ཚེ་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་བརྗོད་སྐོར་ལུང་འདྲེན་དང་སྦྲགས། ཁོང་གིས་སྐབས་དེར་རྩེད་འགྲན་པ་དེ་དག་ལ་དཔེ་མཛོད་ཀྱི་ནང་དུ་ཡོད་པའི་དཔེ་དེབ་དེ་རྣམས་ནི་སུས་ཀྱང་བཀླག་ཆོག་པའི་རང་དབང་ཡོད་པ་ཞིག་ཡིན་པར་མ་ཟད་རྒྱ་རིགས་ཚོས་འདྲི་རྩད་བྱས་པ་དེར་བརྟེན་ནས་དཔེ་དེབ་དེ་དག་ཕྱིར་འཐེན་གནང་གི་མ་རེད་ཅེས་ནན་བརྗོད་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

༸གོང་ས་མཆོག་གིས་དྲང་བདེན་ནི་མེ་མདའི་དབང་ཚད་ལས་སྟོབས་ཤུགས་ཆེ་བ་ཡོད་པར་བཀའ་བསྩལ་འདུག

དེ་རིང་སྔ་དྲོ་ཕྱག་ཚོད་ ༨ པ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྷི་ཧར་མངའ་སྡེ་གྷ་ཡ་རྫོང་དུ་རྟེན་གཞི་བྱས་པའི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་ཏེ་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་མཇལ་མཛད་པ་དང་སྦྲགས།  ༸གོང་ས་མཆོག་གིས་དྲང་བདེན་ནི་མེ་མདའི་དབང་ཚད་ལས་སྟོབས་ཤུགས་ཆེ་བ་ཡོད་སྐོར་བཀའ་བསྩལ་འདུག གཞི་རྩའི་དུས་རྒྱུན་འཆར་ཅན་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་པ་དང་སྦྲགས།  བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་མཛད་གནང་བཞིན་ཡོད་པ་ལྟར།  དེ་རིང་ཡང་༸གང་ཉིད་མཆོག་གིས་བྱང་ཆུབ་མཆོད་རྟེན་གྱི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་གྱི་དྲུང་དུ་མཆོད་མཇལ་དང་འཛམ་གླིང་ཞི་བདེ་དང་བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་གསོག་སླད་ཐུགས་སྨོན་སྐྱབས་འཇུག་མཛད་པ་མ་ཟད། སྐབས་དེར་ཕྱི་ནང་གི་གསར་འགོད་པ་ཁག་ཅིག་གིས་༸མགོན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་དགོངས་བཞེད་དང་འབྲེལ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སྐབས།   ༸གང་ཉིད་མཆོག་གིས་སྐབས་དེར།   རྒྱ་གར་གྱི་གནའ་བོའི་ལེགས་བཤད་བསྐྱར་གསོ་དང་སྦྲགས་༸སྐུའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞིའི་སྐོར་ངོ་སྤྲོད་མཛད་ཡོད་པ་རེད་འདུག ད་དུང་གསར་འགོད་པ་རྣམས་ཀྱིས་༸གང་ཉིད་མཆོག་ལ་རྒྱ་གཞུང་ལ་བརྡ་ལན་ཇི་ཡོད་སྐོར་བཀའ་འདྲི་ཞུས་སྐབས།  ༸མགོན་པོ་མཆོག་གིས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད།   རྒྱ་ནག་གི་རྒྱལ་ཁབ་ཀྱི་ནང་དུ་ནང་པའི་གྲངས་འབོར་ཡང་ད་ཆ་འཕེལ་བཞིན་ཡོད་སྐོར་བཀའ་བསྩལ་འདུག   ལྷག་པར་དུ་འཐབ་རྩོད་ལ་ཆ་མཚོན་ན་རྒྱ་ནག་ལ་མེ་མདའི་སྟོབས་ཤུགས་ཡོད་ཀྱང་བོད་མིར་དྲང་བདེན་གྱི་རྒྱབ་རྟེན་ཡོད་པས།   དུས་ཀྱི་མཐའ་མར་དྲང་བདེན་དེ་ཡུན་གནས་སུ་ཐུབ་རྒྱུ་ཡིན་པ་བཀའ་བསྩལ་འདུག གཞི་རྩའི་༸མགོན་པོ་གང་ཉིད་མཆོག་ཁ་སང་ཉིན་གུང་ཕྱག་ཚོད་ ༡ པོ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་དགའ་འབྲས་གཉིས་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་པ་དང་བསྟུན།  རྡོ་རྗེ་གདན་དུ་ཞབས་སོར་འཁོད་ཡོད་པ་དང་།  ད་ལྟའི་མཛད་འཆར་ལྟར་ན།  ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་༡ པོའི་ཚེས་༢ ཉིན་དད་ལྡན་ཆོས་ཞུ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དང་།   ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་།   དེ་བཞིན་ཕྱི་ཚེས་ ༤ ནས་ ༦ བར་འདི་ལོའི་མགོ་སྟོད་དུ་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་གནང་རྒྱུ་ཡིན་པ་རེད།  ཐེངས་འདིའི་ཆིབས་བསྒྱུར་དང་བསྟུན།  གྷ་ཡ་རྫོང་གི་ཉེན་རྟོག་པས།  ༸གོང་ས་མཆོག་རྡོ་རྗེ་གདན་དུ་བཞུགས་པའི་རིང་མངའ་སྡེ་དང་ས་གནས་རྫོང་ནས་༸སྐུ་ཕྱའི་སྲུང་སྐྱོབ་སླད་ཕྱོགས་ཡོངས་ལ་ཉིན་མཚན་བསྟུད་མར་ཉེན་རྟོག་པ་འགྲེམས་འཇོག་གནང་ཡོད་པ་དང་།  ལྷག་པར་དུ་ཆོས་ཞུ་བ་ཚོར་གཟིགས་རྟོགས་སླད་ཡར་འགྲོ་མར་འགྲོ་སོགས་ཀྱི་འགྲིམ་འགྲུལ་སྟབས་བདེ་བཟོས་ཡོད་པ་རེད། མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་སྐར་མ་རིན་ཆེན་ལགས་ཀྱིས་ཀྱང་འདི་གའི་གསར་འགོད་པར་ཐེངས་འདིར་སྔར་རྒྱུན་གཞིན་ ༸སྐུ་ཕྱའི་སྲུང་སྐྱོབ་ཡག་པོ་གནང་ཡོད་པར་གསུངས་སོང་། པར་དབང་། དགའ་ལྡན་ཕོ་བྲང་།

བོད་ཀྱི་མཐའ་མཚམས་ས་ཁུལ་དུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲོང་ཚོ་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་སྲུང་སྲིད་བྱུས་ཞེས་པའི་འོག ཕྱིའི་འཛམ་བུ་གླིང་དང་བོད་དབར་དེང་དུས་ཀྱི་ཆ་རྐྱེན་ལྡན་པའི་འགག་སྒོ་མཁྲེགས་པོ་ཞིག་བཟོ་བསྐྲུན་བྱེད་དགོས་པའི་དམིགས་ཡུལ་གྱི་འོག་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲོང་ཚོ་ཞེས་པའི་འཛུགས་སྐྲུན་ལས་གཞི་དེ་འདི་ལོ་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་ཉིན་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་འདི་ལོ་བོད་ཀྱི་ས་མཚམས་ས་ཁུལ་དུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲོང་ཚོ་འཛུགས་བསྐྲུན་ཞེས་པའི་ལས་གཞི་དེ་ཤུགས་ཆེ་རུ་བཏང་བའི་འོག   གྲོང་འཚོ་དེ་དག་གི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཆེད་འཛུགས་ཀྱིས་༸གོང་ས་མཆོག་ལ་དད་གུས་བྱེད་མཁན་བོད་མི་ཚོ་གཙོ་བྱས་པའི་ཕྱིའི་སྟོབས་ཤུགས་སིམ་འཛུལ་གྱི་རིགས་ལ་འགོག་རྒོལ་གྱི་ལས་གཞི་སྤེལ་བཞིན་པ་དང། དེའི་ཁྲོད་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་གི་གྲྭ་བཙུན་རྣམས་ལ་༸གོང་ས་མཆོག་གི་ཤུགས་རྐྱེན་ལ་འགོག་རྒོལ་བྱེད་ཕྱོགས་ཀྱི་དམིགས་གསལ་སྦྱོང་དར་སྤྲད་པ་དང། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཟི་ཁྲོན་ཞིང་ཆེན་བར་དུ་མེ་འཁོར་ལྕགས་ལམ་དང་ཕུག་ལམ་འཛུགས་སྐྲུན་བྱས་ཟིན་པ་སོགས་ཐེར་འདོན་གནང་འདུག ལས་འགུལ་ཁང་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རང་གི་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ཏེ། རྒྱ་གཞུང་གིས་ཕྱི་ལོ་་༢༠༡༧ ལོ་ནས་ཕྱི་ལོ ༢༠༢༠ བར་གྱི་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་རྒྱལ་སྲུང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་གཞི་ཕྱིར་བསྒྲགས་བྱས་པའི་ནང་དུ། བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་གྲོང་ཚོ་འདིའི་རིགས་ ༦༢༤ ཙམ་འཛགས་སྐྲུན་བྱེད་འཆར་ཡོད་པ་དང་། དེ་དག་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་ས་ཐག་ཉེ་བའི་ཉིང་ཁྲི་ས་ཁུལ་དང་། དེ་བཞིན་གཞིས་ཀ་རྩེ་བཅས་ཀྱི་ནང་དུ་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང། གྲོང་ཚོ་དེ་དག་ནི་མི་འབོར་ཤུགས་ཆེན་པོ་མེད་པའི་ས་ཁུག་ཁག་དང་། བོད་ནང་གི་བོད་མི་རྣམས་བལ་ཡུལ་དང་རྒྱ་གར་ལ་བྲོས་བྱོལ་ཡོང་སའི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་བྱེད་བཞིན་པ་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གི་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ནས་ས་ཐག་རིང་ཐུང་ལ་གཞིགས་ཏེ་སྲུང་སྐྱོབ་ཀྱི་རིམ་པ་དང་པོ་དང་། རིམ་པ་གཉིས་པ་ཞེས་མིང་བཏགས་ཡོད་པ་དང་། ད་ལྟའི་ཆར་རིམ་པ་དང་པོའི་ས་ཁུལ་ཁག་གི་ནང་དུ་གྲོང་ཚོ་ ༤༢༧ འཛུགས་སྐྲུན་ཟིན་པ་དང། དེ་ནས་རིམ་པ་གཉིས་པའི་ས་ཁུལ་ནང་དུ་ད་བར་གྲོང་ཚོ་གསར་པ་༢༠༡ འཛུགས་སྐྲུན་བྱས་ཟིན་པ། དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་དེའི་འོག་ས་གནས་བོད་མི་རྣམས་བཙན་དབང་གིས་གཞིས་སྤོར་བྱེད་དུ་བཅུག་ཡོད་པར་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་ས་མཚམས་ཁག་ཏུ་རྒྱལ་སྲུང་གྲོང་ཚོ་གསར་སྐྲུན་གྱི་ལས་གཞིར་དོ་སྣང་ཆེན་པོ་བྱེད་དགོས་དོན་གཅིག་ནི། ས་གནས་བོད་རིགས་འགོ་ཁྲིད་རྣམས་ལ་དམར་ཤོག་ཚོགས་པར་བློ་གཏད་བྱེད་དགོས་པ་དང་། དམར་ཤོག་ཚོགས་པའི་སྟངས་འཛིན་འོག་སྡོད་དུ་འཇུག་རྒྱུའི་ཆེད་དུ་ཡིན་པ་མངོན་རྒྱུ་ཡོད་པ་གསུངས་འདུག དེ་བཞིན་རྒྱ་གཞུང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མིའི་དབང་ཚད་རྒྱ་ཆེ་རུ་བཏང་སྟེ་བོད་ཀྱི་ས་མཚམས་བརྒལ་ནས་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ནང་དུའང་ཉམས་ཞིབ་བྱེད་དུ་འཇུག་བཞིན་ཡོད་པ་དང་། རྒྱལ་སྲུང་གྲོང་ཚོའི་ནང་གི་དམར་ཤོག་ཚོགས་པའི་ལས་བྱེད་པ་རྣམས་ལ་ཡང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ས་ཁུལ་དུ་འབྲེལ་བ་བྱས་པ་བརྒྱུད་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུའི་ལས་འགན་སྤྲད་ཡོད་པ་ཐེར་འདོན་གནང་འདུག འདི་གའི་གསར་འགོད་པས་གནད་དོན་དེའི་ཐོག་ཕྱི་ལོ་་༢༠༡༧ ཙམ་ནས་ཉམས་ཞིབ་གནང་བཞིན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་གཞུང་གིས་རྩ་བའི་རྒྱལ་ཁབ་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་མིག་ཐོག་ནས་བོད་མིའི་ཐོག་དམ་དྲག་བྱེད་རྒྱུ་དང་། འདི་ལོ་རྒྱ་ནག་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་སྐྱིད་རོང་ཁུལ་དུ་སླེབས་སྐབས་བལ་ཡུལ་ནས་སླེབས་པའི་མི་མང་ཁག་ཅིག་ལ་གཏམ་བཤད་སྤེལ་བ་སོགས་ལ་གཞིགས་ཏེ།  རྒྱ་གཞུང་གི་དམིགས་ཡུལ་གཞན་གཅིག་ནི་ལས་གཞི་དེའི་འོག་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་གནས་བའི་མི་སེར་རྣམས་རྒྱ་ནག་གི་མི་སེར་ལ་བསྒྱུར་ཐབས་སོགས་ཡིན་པ་གསུངས་སོང་།

རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བས་རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་བྱས་པར་དགག་གཞག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་གིས། སྤྱི་ལོ་༢༠༡༩ ལོའི་བོད་རྒྱ་ཞི་མོལ་ཞེས་པའི་བརྗོད་གཞིའི་འོག རྒྱ་རིགས་ཤེས་ལྡན་མི་སྣ་དང་མང་གཙོ་དོན་གཉེར་བ་སོགས་ཀྱི་གཙོ་བྱས་པའི་རྒྱ་རིགས་འཐུས་ཚབ་པ་སུམ་བཅུ་ཙམ་མཉམ་འཛོམས་ཀྱི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དེ། རྒྱ་ནག་གིས་༸གོང་ས་ཏཱ་ལའི་བླ་མིའི་ཡང་སྲིད་ཀྱི་ཐད་ལ་ཐེ་ཇུས་བྱེད་བཞིན་པ་དེར་ངོས་ལེན་མེད་པའི་དོན་ཚན་བཞི་ཕྱིར་བསྒྲགས་བྱས་འདུག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཚོགས་པའི་ལས་རིམ་དེའི་སྐབས། རྒྱ་ནག་གི་དཔྱིད་ཀ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཟུར་བ་སྐུ་ཞབས་ཧཱོ་ཕཱེན་ 胡平དང་། རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་གཙོ་སྐུ་ཞབས་ཁྲིན་པོ་ཁཱོང་陈破空སོགས་ཀྱི་གཙོ་བྱས་པའི་རྒྱ་རིགས་ཀྱི་ཤེས་ལྡན་མི་སྣ་སུམ་བཅུ་ཙམ་ལྷན་འཛོམས་ཀྱི་ཐོག ༸གོང་ས་ཏ་ལའི་བླ་མིའི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྟེན། གནད་དོན་དེ་ནི་༸གོང་ས་མཆོག་དང་བོད་མི་མང་གི་ཕྱག་ན་ཡོད་པ་ལས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་དེར་ཐེ་བྱུས་བྱེད་རྒྱུའི་དབང་ཆ་གཅིག་ཀྱང་མེད་པ་ཡོངས་གྲགས་གནང་འདུག དེ་ཡང་ཐེངས་འདིའི་ཚོགས་ཐོག་ཏུ་སྐུའི་ཡང་སྲིད་དང་འབྲེལ་བའི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་རྣམས་ནི། ལོ་རྒྱུས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་དེ་ནི་བོད་མི་ཁོ་ནས་རང་ཆས་སུ་མངའ་བའི་ཆོས་ཕྱོགས་ཀྱི་ལམ་ལུགས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐད་ལ་ཐེ་གཏོགས་བྱེད་ཐབས་མེད་པ་དང་། དམིགས་བསལ་གྱིས་དུས་རྒྱུན་ནས་༸གོང་ས་མཆོག་གིས་བཀའ་གནང་བ་ལྟར། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ནང་བསྟན་ཆོས་ལུགས་འདི་རྨོངས་དད་དང་རྗེས་ལུས་སུ་བརྩི་མཁན་ཞིག་ཡིན་པ་མ་ཟད། མགོན་པོ་གང་ཉིད་གདོན་འདྲེར་བལྟ་མཁན་ཞིག་ཡིན་པར་བརྟེན། མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་འཚོལ་ཞིབ་ལ་ཐེ་གཏོགས་བྱེད་བཞིན་པ་དེ་ནི་རྒྱུ་མཚན་དང་བྲལ་ཞིང་དགོད་བྲོ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་སྐུའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་འདི་ཡིས་འཛམ་གླིང་གི་ཤར་ནུབ་གང་སར་ཡོད་པའི་བོད་མི་རྣམས་ཀྱི་རྩ་བའི་ཐོབ་ཐང་ལ་རྡོག་རོལ་བྱས་པ་ཞིག་ཡིན་པར་བརྟེན། རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་དེར་ཐེ་གཏོགས་བྱས་པ་ནི་དུས་ནམ་ཡང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པར་གསུངས་འདུག གཞན་ཡང་། ཐེངས་འདིའི་ཚོགས་ཞུགས་ཀྱི་རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བ་རྣམས་ཀྱིས་བོད་མི་རྣམས་ཀྱི་རྩ་བའི་འགྲོ་བ་མིའི་ཐོབ་དང་རིག་གཞུང་སྲུང་སྐྱོབ། གཞན་ཡང་ཆོས་ལུགས་དད་མོས་དང་རང་བྱུང་སྐྱེད་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དེ་བཞིན་མགོན་པོ་གང་ཉིད་ཀྱིས་ལམ་སྟོན་མཛད་པའི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་གསལ་བོར་འཁོད་འདུག དེ་བཞིན་དོན་ཚན་ཕྱི་མའི་ནང་དུ། ཚོགས་ཞུགས་པ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་གིས་དགོངས་བཞེས་མཛད་པའི་བོད་རྒྱ་མཛའ་འབྲེལ་དེར་རྒྱབ་སྐྱོར་དང་གུས་བརྩི་ཡོད་པར་བརྗོད་དེ། བོད་རྒྱ་མཛའ་འབྲེལ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ཕྱིར་རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བ་རྣམས་ཀྱིས་མཛའ་འབྲེལ་དེ་རྒྱུན་སྲིང་བྱེད་རྒྱུར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་སོགས་ཀྱི་དོན་ཚན་བཞི་འཁོད་པའི་ཐོག རྒྱ་ནག་ལ་ནམ་ཡང་མགོན་པོ་གང་གི་སྐུའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐད་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ་མངོན་གསལ་གནང་འདུག གཞན་ཡང་སྐབས་དེར་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་གཙོ་སྐུ་ཞབས་ཁྲིན་པོ་ཁཱོང་陈破空 ཀྱིས། དེང་གི་ཆར་རྒྱ་ནག་གི་ནང་དུ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཐད་ནས་ཉམས་དམས་ཆེན་པོ་བྱུང་བཞིན་པའི་གཏམ་བཤད་སྤེལ་བ་མ་ཟད། ཧོང་ཀོང་གཙོ་བྱས་པའི་རྒྱ་ནག་གི་ས་ཁུལ་གང་སར་སྤྱི་ཚོགས་བརྟན་བརླིང་དང་ལྷིང་འཇགས་མེད་སྐོར་བརྗོད་ཡོད་པ་ལྟར། ཧོང་ཀོང་གི་སྐུ་ཚབ་ཞིག་གིས་ཀྱང་ཧོང་མི་མང་གི་མངོན་འདོད་དང་ཕུགས་བསམ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་འདུག སྐབས་དེར་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། རྒྱ་ནག་དམར་ཤོག་གི་རྩུབ་སྤྱོད་འོག་ཏུ་མནར་གཅོད་ཐེབས་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མི་མང་སོགས་ཀྱིས་མཉམ་མཐུན་གྱི་སྒོ་ནས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་སྤྱིི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་དབང་བསྒྱུར་ལ་ཁ་གཏད་གཅོག་དགོས་གལ་ཡིན་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་ལོ་བཞི་བཅུའི་རིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་དཀའ་རྙོག་སེལ་ཐབས་མཛད་ཡོད་ནའང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དེར་ངོས་ལེན་གནང་མེད་ཚུལ་དང་འབྲེལ་ནས་ད་ཆ་བོད་རྒྱ་མཛའ་འབྲེལ་ཀྱི་ཚོགས་པ་དེ་ཤུགས་ཆེ་རུ་གཏོང་དགོས་བའི་ཞུ་སྐུལ་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་སྲིད་གཞུང་གིས་ཉེ་བའི་ཆར་ཧྥོ་ཊན་གཙུལ་ལག་མཐོ་སློབ་ཀྱི་སྒྲིག་ཡིག་གི་ཁོངས་ནས་བསམ་བློའི་རང་དབང་སོགས་ཀྱི་ཚིག་བརྗོད་ཁག་ཕྱིར་འཐེན་བྱས་ཏེ་ཞི་ཅིན་ཕིང་གི་ལྟ་བ་གསར་འཇུག་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་དེ་ཡང་ལུང་འདྲེན་གནང་སྟེ་ད་ལྟའི་སྤྱི་ཡོངས་ཀྱི་རྒྱ་ནག་གི་གནས་བབ་ཐད་ནས་གཏམ་བཤད་གནང་འདུག རྩ་བའི་ཐེངས་འདིའི་བོད་རྒྱ་མཛའ་འབྲེལ་གྱི་བསྒྲགས་གཏམ་གྱི་ཚོགས་ཐོག་ཏུ། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ལྡན་མི་སྣ་སུམ་བཅུ་ལྷག་གི་གཙོ་བྱས་པའི་ཨ་རིའི་དོན་གཅོད་པ་དང་ད་ཡོད་ཀྱི་ཨ་རིའི་དོན་གཅོད་ཁང་གི་བོད་རྒྱ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་འབྲེལ་མཐུད་པ་ཟུར་བ་ཀུན་དགའ་བཀྲ་ཤིས་ལགས། གཞན་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇིར་སཱི་ཁུལ་གྱི་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམས། དེ་བཞིན་ཨ་རིའི་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་མཉམ་ཞུགས་མཛད་ཡོད་པ་དང་། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་རིགས་རྣམས་ལ་སྣེ་ལེན་བྱས་པའི་ཐོག དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་རིམ་ངོ་སྤྲོད་དང་བོད་རྒྱ་གཉིས་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་མཛའ་འབྲེལ་མཐོར་འདེགས་གཏོང་ཕྱོགས་སོགས་ཀྱི་ཐད་ནས་གསུངས་བཤད་གནང་འདུག

བསྟན་པ་ཡུན་རིང་གནས་པར་བསླབ་པ་སློབ་གཉེར་དང་ཉམས་མྱོང་དགོས་གལ་གྱི་ལམ་སྟོན་བཀའ་བསྩལ་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་ཉིན་མཐའ་མའི་མཛད་འཆར་དེའི་ཐོག གདན་སའི་དགེ་འདུན་པ་ཚོས་ནང་པའི་བསྟན་པ་ཡུན་རིང་གནས་པར་བསླབ་པ་སློབ་གཉེར་ཙམ་མིན་པར་ཉམས་མྱོང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་བསྩལ་གནང་བ་མ་ཟད།   རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་མཁན་ཚོར་རྒྱ་སྐད་སློབ་སྦྱོང་བྱས་པ་བརྒྱུད་ཞབས་འདེགས་ཞུ་ཐུབ་པ་ཞིག་གནང་དགོས་པ་དང་།   ལྷག་པར་ཆོས་དད་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་རྣམས་ལ་འབྲེལ་ཡོད་དགེ་འདུན་པ་ཚོས་ཚན་རིག་གི་རྒྱུ་མཚན་ལྡན་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་ཡང་བསྩལ་གནང་ཡོད་པ་རེད། དེ་ཡང་ད་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་ཐོག་དབུ་བཞུགས་མཛད་པ་དང་བསྟུན།  རྩ་བའི་ང་ཚོ་བཙན་བྱོལ་བ་ཞིག་ཡིན་ནའང་ཪང་གཞན་གཉིས་ཀྱི་ངོས་ནས་ཡིད་སྨོན་བྱེད་དགོས་པ་ཞིག་ཆགས་ཡོད་པའི་བཀའ་དགོངས་སྩལ་གནང་པ་དང་སྦྲགས། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་རྫིག་པོས་ནང་པའི་བསྟན་པ་ཡུན་གནས་རྒྱུར་ཕན་ཐོགས་མེད་པར།  བོད་ཀྱི་ནང་པའི་བསྟན་པ་དེ་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་དགོས་དོན་དེ་ནི་ཟབ་པ་དང་རྒྱ་ཆེ་བའི་སྟོན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་རིག་པའི་ལམ་ནས་བཏོན་བཞག་པའི་གཞུང་དང་།   དེའི་ནང་ཚན་ད་དུང་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་བཅས་ལ་ཐུགས་ཡོད་སྟབས།  རིག་པའི་ལམ་ནས་མིག་མཐོང་ལག་ཟིན་བྱེད་ཐུབ་པའི་རིག་པའི་ལམ་ལུགས་དེ་ཡུན་གནས་ཐུབ་པར་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་།    དེ་ཡང་ཚིག་སྐམ་པོ་ཙམ་མིན་པར་དཔྱད་ཞིབ་དང་ཉམས་མྱོང་གི་ངེས་པ་ཐོབ་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཐབས་དགོས་པའི་ལམ་སྟོན་བཀའ་བསྩལ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་།    དགེ་འདུན་པ་སློབ་གཉེར་ཐོན་པ་དེ་དག་གིས་བོད་ཀྱི་སོ་སོའི་ཕ་ཡུལ་ཁུལ་དུ་གཞུང་ཆེན་སློབ་ཁྲིད་གནང་ཐུབ་བྱེད་དགོས་པ་དང་།   དེ་བཞིན་ཆོས་དད་ཤིན་ཏུ་ནས་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོར་འབྲེལ་ཡོད་དགེ་འདུན་པ་ཚོས་ཚན་རིག་གི་རྒྱུ་མཚན་ལྡན་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཡོང་ཐབས་ཀྱི་འབད་བརྩོན་གནང་དགོས་པའི་ལམ་སྟོན་ཡང་བསྩལ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་དུང་།   རྒྱ་ནག་ནང་དེང་སྐབས་ཆོས་དད་རང་དབང་གི་སྲིད་བྱུས་ལ་ཕྲན་བུའི་གུ་ཡངས་ཀྱི་རྣམ་པ་ཞིག་ཡོད་སྟབས་ཕ་མེས་ནས་ནང་པ་ཡིན་པའི་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་མཁན་ཚོར་དགེ་འདུན་པ་ཚོས་རྒྱ་ཡིག་དང་རྒྱ་སྐད་སློབ་སྦྱོང་བྱས་པའི་ཐོག་ནས་ཞབས་འདེགས་སྒྲུབ་དགོས་པའི་ལམ་སྟོན་ཡང་བཀའ་བསྩལ་གནང་ཡོད།   གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༡༢ ཉིན་རྗེ་གཙོང་ཁ་ཆེན་པོ་མཆོག་གི་དྲུག་བརྒྱའི་དུས་དྲན་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་པ་ཞིག་ཡིན་པ་དང་།  དེ་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་སུ་དབུ་བཞུགས་མཛད་པ་དེ་ནི་༸མགོན་པོ་གང་ཉིད་ཀྱི་མོན་གྷོ་གཞིས་ཆགས་ཀྱི་མཛད་འཆར་མཐའ་དེ་ཡིན་པ་རེད།

Latest news