Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཧོང་ཀོང་ནང་གི་ཞི་རྒོལ་རྣམ་པ་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད།

ཨོ་སི་ཊོ་ལི་ཡའི་སྲིད་བློན་ཟུར་པས་ད་ཆ་འཛམ་གླིང་ཁྱོན་དུ་འཕེལ་བཞིན་པའི་རྒྱ་ནག་གི་དབང་ཆ་གཅིག་སྡུས་རིང་ལུགས་དང་སྲིད་དབང་སྒེར་འཛིན་ལ་སྐྱོན་བརྗོད་དང་འབྲེལ་ཏེ་ཨོ་སི་ཊོ་ལི་ཡའི་མང་ཚོགས་ནས་རྒྱ་གཞུང་གི་བྱེད་སྟངས་དེར་ཡིད་དབང་འཕྲོག་རྒྱུ་མེད་པའི་ཉེན་བརྡ་བཏང་བ་མ་ཟད། ད་ལྟའི་ཧོང་ཀོང་ནང་གི་གཞི་རྒྱ་ཆེ་བའི་རྔམ་སྟོན་གྱི་རྣམ་པ་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད་པ་རེད་ཅེས་ནན་བརྗོད་གནང་འདུག ཁ་སང་ཨོ་སི་ཊོ་ལི་ཡའི་ Financial Review ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཡུལ་དེའི་སྲིད་བློན་ཟུར་པ་སྐུ་ཞབས་ John Howard ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པ་དེ་འདས་པའི་ལོ་ངོ་བཅུའི་ནང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་མཁན་ཆེས་སྡུག་ཤོས་འགྱུར་བཞིན་པའི་མཚམས་འདིར་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་དང་ཨ་རི་ལྷན་དུ་གནད་ཆེའི་འབྲེལ་ལམ་ཁག་ཆ་སྙོམས་གནང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ཨོ་སི་ཊོ་ལི་ཡ་ནས་རྒྱ་ནག་ལས་ཨ་རི་དང་འབྲེལ་ཉེ་ཆེ་བ་བྱེད་བཞིན་ཡོད་པ་དང་དེ་ནི་གཙོ་བོ་རྒྱལ་ཁབ་གཉིས་པོའི་དབར་རྣམ་ཀུན་ནས་ འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་གནད་དོན་ཐོག་གླེང་མོལ་གནང་གི་ཡོད་པ་མངོན་གསལ་གནང་འདུག ལྷག་དོན་ཁོང་སྐུ་སྒེར་ནས་ཧོང་ཀོང་ནང་གི་ཞི་རྒོལ་དེའི་ནང་མཉམ་ཞུགས་གནང་བའི་ལས་འགུལ་བའི་རྒྱ་ཁྱོན་ལ་སེམས་འགུལ་ཐེབས་པ་མ་ཟད། ད་ཆ་ཧོང་ཀོང་ནང་གི་ལྷིང་འཇགས་མེད་པའི་གནས་སྟངས་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད་པའི་མངོན་དཔག་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་ནས་ད་ཆ་ཧོང་ཀོང་ནང་འབྱུང་བཞིན་པའི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་སྔར་ལས་རྒྱ་ཁྱབ་མི་ཡོང་བར་ཕུགས་རྒྱང་རིང་བའི་བསམ་བློ་གཏང་དགོས་པར་ནན་སྐུལ་གནང་འདུག སྐུ་ཞབས་ Howard ལགས་ཀྱི་གསུང་བཤད་དེ་ནི་ཁ་སང་ཨོ་སོ་ཊོ་ལི་ཡའི་གྲོང་ཁྱེར་ Kalgoorlie ནང་དབུ་འཛུགས་གནང་བའི་ Diggers and dealers ཞེས་གཏེར་ལས་ཀྱི་གླེང་སྟེགས་དབུ་འབྱེད་དང་བསྟུན་གནང་བ་ཞིག་ཡིན་པ་དང་། ཁོང་གིས་ད་དུང་ད་རེས་ཧོང་ཀོང་ནང་བྱུང་བའི་དོན་རྐྱེན་དེ་ནི་དཔལ་འབྱོར་རྒྱ་སྐྱེད་དང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་གཉིས་མཉམ་དུ་སྐྱོད་བཞིན་པའི་དུས་ཤིག་ལམ་ལྷོང་ཡོང་རྒྱུ་མེད་པའི་དྲན་སྐུལ་ཞིག་ཆགས་ཡོད་སྐོར་གསུངས་ཏེ་རྒྱ་གཞུང་གི་ངོས་ནས་དེ་ལྟར་བྱེད་རྒྱུ་ནི་གདོང་ལེན་གནད་ཆེ་ཞིག་རེད་ཅེས་གསུང་འདུག

འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་ཁག་གཉིས་རྒྱ་ནག་ཏུ་སྐྱོད་རྒྱུར་བཀག་སྡོམ།

རྒྱ་གཞུང་གིས་ཉེ་ཆར་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་འཕྲུལ་ལས་ཚོགས་ཁག་གཉིས་རྒྱ་ནག་ཏུ་སྐྱོད་རྒྱུར་བཀག་སྡོམ་བྱས་འདུག འཇར་མ་ནི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་མགྲིན་ཚབ་པ་སྐུ་ཞབས་ Micheal Brand ལགས་ཀྱིས་ཡུལ་དེའི་བརྒྱུད་ལམ་ཁག་ཏུ་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཟླ་ཤས་གོང་ནས་གྲ་སྒྲིག་གནང་འགོ་ཚུགས་ཏེ་རྒྱ་ནག་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་གནས་སྟངས་གཙོ་བཟུང་གིས་རིང་མིན་ཕྱི་ཟླ་ ༩ པ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་ས། དེ་བཞིན་ཤིན་ཅང་གི་རྒྱལ་ས་ Urumchi བཅས་ནང་འཚམས་གཟིགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་རྒྱ་གཞུང་གིས་དེར་བཀག་སྡོམ་བྱས་ཡོད་པ་གསུངས་འདུག སྐུ་ཞབས་ Micheal Brand ལགས་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་གི་ཐོག་ཞལ་གསང་པོས་གླེང་སློང་གནང་མཁན་ཚོར་ཁ་གཏད་ཇི་ལྟར་གཅོད་གི་ཡོད་མེད་མངོན་གསལ་ཆགས་ཡོད་པར་རྒྱ་གཞུང་ལ་སྐྱོན་བརྗོད་གནང་འདུག ད་རེས་རྒྱ་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཚོགས་ཆུང་ཙམ་མ་ཟད་ཡུལ་དེའི་གྲོས་ཚོགས་ཀྱི་འཕྲུལ་ལས་ཚོགས་ཆུང་གི་རྒྱ་ནག་ནང་སྐོར་སྐྱོད་ཐད་ལའང་བཀག་སྡོམ་བྱས་ཡོད་པ་དང་ཚོགས་ཆུང་གི་ཐོག་མའི་འཆར་གཞིར་གཞིགས་ཚེ་ཁོང་རྣམས་རྒྱ་ནག་གི་གྲོང་ཁྱེར་ Shanghai དང་རྒྱལ་ས་པེ་ཅིང་གཉིས་སུ་སྐོར་སྐྱོད་ཀྱིས་གཏམ་བཤད་དང་ལྷག་དོན་ཡུལ་དེའི་ནང་གི་ཚོང་ལས་གསར་པ་དང་ Artificial Intelligence འམ་མིས་བཟོས་པའི་འཕྲུལ་རིགས་ཐོག་ཤེས་རྟོགས་ཡོང་ཐབས་གནང་རྒྱུ་ཡིན་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་ཚོགས་ཆུང་དེའི་ནང་ཡུ་གུར་ཁ་ཆེ་བར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ལྕམ་ Margarete Bause ལགས་ཡོད་སྟབས་འགྲུལ་བཞུད་དེར་བཀག་སྡོམ་བྱས་འདུག ལྕམ་ Margarete ལགས་ནི་ཡུན་རིང་ནས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་འཇར་མ་ནིའི་ལྗང་ཁུ་ཚོགས་པའི་ཚོགས་མི་ཡིན་ཞིང་། ཁོང་གིས་རེས་གཟའ་སྤེན་པ་ཉིན་བརྒྱུད་ལམ་ཁག་ལ་ཁོང་ད་རེས་རྒྱ་ནག་ཏུ་སྐྱོད་རྒྱུའི་འགྲུལ་བཞུད་དེའི་ནང་རང་གི་ཕྱག་རོགས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dieter Janecek ལགས་ཀྱི་ངོ་ཚབ་ཐོག་ནས་གནས་སྐབས་རིང་མཉམ་ཞུགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། རྒྱ་གཞུང་གིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོང་རྒྱ་ནག་ཏུ་སྐྱོད་རྒྱུའི་ཚོགས་ཆུང་གི་ཐོ་གཞུང་ནང་ཡོད་ཚེ་རུ་ཁག་དེ་རྒྱ་ནག་ནང་སྐྱོད་ཆོག་གི་མེད་སྐོར་ནན་བརྗོད་གནང་ཡོདཔ་རེད། ལྕམ་སྐུ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ཕྱག་བྲིས་ཤིག་ཕུལ་ཐོག་རྒྱ་གཞུང་གིས་བྱེད་སྟངས་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམ་པར་དཀག་འགོག་བྱས་པ་ཞིག་ཡིན་པ་དང་། ཁོང་རྒྱ་ནག་ཏུ་སྐྱོད་རྒྱུའི་ཚོགས་ཆུང་ནང་མཉམ་ཞུགས་གནང་འདོད་ཡོད་པ་དང་འགྲུལ་བཞུད་དེ་དོར་རྒྱུའི་རྒྱུ་མཚན་གང་ཡང་གཟིགས་ཀྱི་མེད་པར་སྐྱོན་བརྗོད་གནང་བ་མ་ཟད། ཁོང་གིས་ Twitter དྲྭ་གནས་ཐོག་རྒྱ་གཞུང་གིས་ཁོང་ལ་བཀག་སྡོམ་བྱས་པ་དེས་ཁོང་སྐུ་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་སྔར་ལྷག་གནང་རྒྱུར་ཕན་ཐོགས་ཡོད་པ་གསུངས་ཡོད་པ་རེད། འཇར་མ་ནིའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ Britta Hasselmann ལགས་ཀྱིས་ཀྱང་རང་ཉིད་ཀྱི་ Twitter ཐོག་གང་ཟག་སུས་ཀྱང་རྒྱ་ནག་སྐོར་གླེང་ཚེ་ངེས་པར་དུ་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་བསྡུར་གནང་དགོས་གལ་ཡིན་པར་ནན་བརྗོད་དང་སྦྲགས། ད་ལན་ལྕམ་ Margarete ལགས་ཀྱིས་གཙོས་པའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་གནང་བཞིན་པའི་ཕྱག་ལས་འདི་ནི་ཡི་རངས་བསྔགས་བརྗོད་ཞུ་འོས་ཤིག་རེད་ཅེས་གསུངས་འདུག རྩ་བའི་འཇར་མ་ནིའི་གྲོས་ཚོགས་ཀྱི་འཕྲུལ་ལས་ཚོགས་ཆུང་གི་ཐོག་མའི་འཆར་གཞིར་གཞིགས་ཚེ་ཁོང་རྣམས་ཟླ་ ༨ ཚེས་ ༢༣ ནས་ཕྱི་ཟླ་ ༩ ཚེས་ ༡ བར་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་རེད།

བོད་ཀྱི་གནད་དོན་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཞུ་མུས་ཡིན།

ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་དང་སྤེན་པ་གཉིས་ཀྱི་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཁག་ལ་འཚམས་གཟིགས་དང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ཐོག་རྒྱུས་ལོན་སོགས་གནང་ཡོད་པ་རེད། ཁ་ཉིན་རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥༌༣༠ ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཚོར་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ནས་འཚམས་གཟིགས་འདིའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྣམ་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་ལའང་རྒྱུས་ལོན་གསར་པ་མང་པོ་བྱུང་སོང་བས་མཇལ་མོལ་གྱི་མྱོང་ཚོར་དེ་ནི་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མི་ཚོས་དཀའ་ངལ་མང་པོར་གདོང་ལེན་གནང་སྟེ་མུ་མཐུད་རང་ཉིད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ལམ་སྲོལ་ཐོག་སྐྱོད་བཞིན་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། ཨ་རིའི་གཞུང་ནས་ཨ་རིའི་རོགས་ཚོགས་ USAID དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། འཚོ་ཐབས་སོགས་ཀྱི་ཐད་རྒྱབ་སྐྱོར་མུ་མཐུད་ཞུ་མུས་ཡིན་པ་མ་ཟད། ཨ་རིའི་གྲོས་ནང་ལ་མཚོན་ན་བོད་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀས་ཞལ་གཅིག་གྲག་ཐོག་ནས་རྒྱབ་སྐྱོར་ཞུ་མུས་ཡིན་ཞེས་གསུངས་འདུག སྐུ་ཞབས་ David Price ལགས་ནས་གསུང་བཤད་མ་གནང་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆེས་མཐོའི་སྐུ་ཚབ་རྣམ་པར་འཚམས་འདྲི་ཞུ་པ་དང་སྦྲགས། ད་རེས་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་པ་འདི་ནི་རྒྱ་ནག་ལ་གཞུང་ལ་མང་གཙོའི་རིང་ལུགས་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་བརྡ་ལན་ཞིག་མཚོན་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས། གཡོ་བ་མེད་པའི་དྲང་བདེན་གྱི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་བཟང་པོ་ཞིག་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག གཞི་རྩའི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཉིན་གྲངས་གཉིས་ཀྱི་རིང་བཞུགས་གཞག་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་དང་མཇལ་མོལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་ཡོད། ཁྱད་པར་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་དང་ཉིན་དགུང་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་བཅས་གནང་སྒོ་ཁག་ལེགས་གྲུབ་དང་བསྟུན། ཁ་སང་སྔ་ཐོག་བཞུགས་སྒར་ནས་ཕྱིར་ཕེབས་ཐོན་གནང་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ནས་༸གོང་ས་མཆོག་དང་མཇལ་མོལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་མཐོའི་སྐུ་ཚབ་རྣམ་པར་འཚམས་འདྲི་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོའི་གལ་གནད་དང་ངོ་སྤྲོད་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་དང་ཨ་རིའི་སྲིད་འཛིན་གོང་མ་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་སྐོར་སོགས་དྲན་གསོ་མཛད་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་༸གོང་ས་མཆོག་ལ་ཕུལ་བའི་འཚམས་འདྲིའི་ཕྱག་ཡིག་ཅིག་མགོན་པོ་༸གང་ཉིད་མཆོལ་འབུལ་ལམ་ཞུས་འདུག ༸གོང་ས་མཆོག་དང་མཇལ་མོལ་གྲུབ་མཚམས་སུ་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ནས་གསར་འགོད་པར་ད་རེས་བཞུགས་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་བ་དེ་ནི་ཉིན་ཤས་གོང་ལ་ Indonesia གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཅིག་ཏུ་ཕེབས་པ་ལས་ལྷག་པ་བྱུང་སོང་བ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་༸སྐུ་ཚེའི་ལོ་རྒྱུས་དང་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞེས་ཕྱོགས་སོགས་བརྒྱུད་སྐུ་ཚབ་རྣམས་ཙམ་མ་ཟད་ཨ་རིའི་མི་སེར་དང་རྒྱལ་སྤྱིར་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་སྟབས་དམིགས་བསལ་གྱི་ཚོར་བ་བཟང་པོ་ཞིག་བྱུང་ཞེས་གསུངས་སོང་། ཁོང་སྐུ་ཚབ་རྣམ་པ་མང་གཙོ་གོང་འཕེལ་གྱི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས་༸གོང་ས་མཆོག་གིས་བཞུགས་སྒར་དུ་མང་གཙོའི་ལམ་སྲོལ་ལྡན་པའི་བཙན་བྱོལ་བོད་མིའི་གཞུང་གི་ལྟེ་གནས་ཤིག་ཆེད་འཛུགས་གནང་བ་དེར་དུས་རྟག་ཏུ་གུས་བརྩི་དང་ཡི་རང་ཞུ་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་དང་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་གི་ཡིན་ཞེས་གསུངས་སོང་།    དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་ནས་འཚམས་གཟིགས་འདི་བརྒྱུད་ཨ་རི་དང་བོད་མིའི་དབར་འབྲེལ་བ་དེ་དག་སྔར་ལྷག་གོང་འཕེལ་ཡོང་རྒྱུ་དང་། ལྷག་པར་དུ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་དྲུག་༸གོང་ས་མཆོག་དང་མཇལ་མོལ་གྱིས་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་དགོངས་གཞིའི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ༸སྐུའི་དགོངས་བཞེད་ཁག་གྲུབ་ཐབས་སུ་འབད་བརྩོན་ཞུ་ཡི་ཡིན་ཞེས་གསུངས་སོང་།  ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་དང་༸གོང་ས་མཆོག་གི་མཇལ་མོལ་དེའི་སྐབས་ཆེས་མཐོའི་སྐུ་ཚབ་རྣམ་པའི་སྐུ་ཟླ་གཙོས་པའི་ནང་མི་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་ཆེན་པོ་དང་གཞུང་འབྲེལ་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོ་གྱུར་འབྲེལ་ཡོད་ལས་བྱེད་བཅས་ཕེབས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་རྗེས་མགོན་པོ་མཆོག་དང་དགུང་ཚིགས་ལྷན་བཞེས་གནང་ཡོད་པ་མ་ཟད། དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕེབས་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དགོང་ལོ་བགྲེས་པོར་ཕེབས་མིན་ལ་ལྟོས་མེད་བཞུགས་སྒར་དུ་ཆེད་ཕེབས་གནང་བ་འདི་ནི་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེ་མཚོན་གྱི་ཡོད་པ་གསུངས་སོང་། གཞི་རྩའི་ཆེས་མཐོའི་སྐུ་ཚབ་རྣམ་པ་དེ་རིང་སྔ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་དང་མཇལ་མོལ་གནང་ཡོད་པ་དང་སྐབས་དེར་སྐུ་ཞབས་ David Price ལགས་ནས་ཨ་རིའི་ངོས་ནས་བོད་མིའི་རང་དབང་བསྐྱར་གསོ་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་གྱི་སྒྲིག་འཛུགས་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འཚམས་གཟིགས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་ཡོད། གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་རྣམ་པའི་བཞུགས་གཞག་ཉིན་གཅིག་ཡོད་པའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་གནང་ཡོད་པ་རེད།    

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་འཚམས་གཟིགས་ཕེབས་པ།   

དེ་རིང་དགོང་དྲོའི་ཆུ་ཚོད་བཞི་པ་མ་ཟིན་ཙམ་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་འཚམས་གཟིགས་ཕེབས་འབྱོར་བྱུང་སོང་། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམས་དེ་རིང་ཉིན་རྒྱབ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་བཞུགས་སྒར་གྷ་གྷལ་གནམ་ཐང་དུ་འབྱོར་་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཚེ་རྒྱལ་ལགས་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲུང་འཕར་འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་བཀྲིས་དོན་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། གཞན་ཡང་ཨ་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་ནས་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཕེབས་བསུ་ཞུས་སོང་།   སྐབས་དེར་གསར་འགོད་པས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཡོད་པ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Neal Dunn ལགས་སུ་ད་རེས་འཚམས་གཟིགས་སུ་ཕེབས་དོན་གང་ཡིན་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་ཨ་རིའི་མི་སེར་ཚོའི་ངོས་ནས་བོད་མི་དག་ལ་དགའ་ཞེན་ཆེན་པོ་ཡོད་པ་ལྟར་དེ་རེས་དབུས་བོད་མིའི་སྒྲིག་འཛུགས་ལ་རམས་འདེགས་གང་ཞུ་དགོས་པའི་ཐོག་དཔྱད་ཞིབ་གནང་ཕྱིར་ཆེད་ཕེབས་གནང་ཡོད་པ་གསུངས་སོང་། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་དུ་བཞུགས་གཞག་གནང་གི་ཡོད་པ་དང་། ཁོང་རྣམ་པ་དེ་རིང་གནམ་ཐང་ནས་ཐད་ཀར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་འཚམས་གཟིགས་གནང་སྟེ་བཞུགས་གནས་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་ཕེབས་སྐབས་ས་གནས་བོད་མི་ཚོས་ལམ་ཟུར་དུ་བང་སྒྲིག་ནས་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།  སང་ཉིན་ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་ཆེས་མཐོའི་སྐུ་ཚབ་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་དུ་ནང་མོལ་ལྷན་འཛོམས་གནང་གི་ཡོད་པ་མ་ཟད། ཆུ་ཆོད་ ༡༡ ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཐོག་ཉིན་དགུང་གསོལ་ཚིགས་ལྷན་བཞེས་གནང་རྒྱུ། དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་གྲུབ་བསྟུན་ཆུ་ཚོད་ ༥ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་གནང་གཏན་ཁེལ་ཡོད་པ་རེད།

ཉེན་གནས་སུ་སླེབས་པའི་བོད་ཀྱི་ཁོར་ཡུག་ཐོག་མཉམ་ལས་གནང་གལ་ཆེ།

དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་ཁོར་ཡུག་དང་དེའི་ཤུགས་རྐྱེན་སྐོར་གྱི་ཁོར་ཡུག་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། འཛམ་གླིང་སྣེ་གསུམ་པ་བོད་ཀྱི་ཁོར་ཡུག་ལ་གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་དང་རྒྱལ་སྤྱི་དེ་བཞིན་བོད་མི་བཅས་ཀྱི་ཁོར་ཡུག་མཁས་པ་མང་པོ་དག་ཅིག་ནས་བཀའ་མོལ་གནང་བའི་ཁྲོད་དེ་སྔོན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་སྲིད་བློན་གྱི་ཁོར་ཡུག་སློབ་སྟོན་པ་བཅས་གནང་མྱོང་མཁན་སྐུ་ཞབས་ Shyam Saran མཆོག་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་བོད་མི་ཁོ་ནའི་ཁེ་ཕན་ཙམ་མིན་པར་ཨེ་ཤ་ཡ་སྤྱི་དང་ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་སྡོད་བྱེད་བཞིན་པའི་མང་ཚོགས་ཀྱི་འཚོ་གནས་ལའང་འབྲེལ་བ་ཆགས་ཡོད་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་བ་དང་འབྲེལ། ཁོང་སྐུ་སྒེར་གྱི་ངོས་ནས་ཁོར་ཡུག་དང་འབྲེལ་བའི་འཛམ་གླིང་ཚ་དྲོད་ཀྱི་དཀའ་ངལ་དེ་འགྲོ་བ་མིའི་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་མ་ཟད་དཀའ་ངལ་དེ་དག་ཚོགས་པ་གཅིག་གམ་གང་ཟག་སྒེར་པ། དེ་མིན་རྒྱལ་ཁབ་སྟོབས་ཆེན་ཁེར་རྐྱང་གི་ངོས་ནས་སེལ་ཐུབ་རྒྱུ་མིན་པར་ང་ཚོས་ཐོག་མར་དཀའ་ངལ་དངོས་ཡོད་པ་ངོས་འཛིན་བྱས་པ་དང་སྦྲགས་ཐུན་མོང་གི་མཉམ་ལས་གནང་ནས་དཀའ་ངལ་ལ་གདོང་ལེན་གནང་དགོས་གལ་ཡིན་སྐོར་བཅས་གསུངས་ཡོད། ཁོར་ཡུག་གི་ལྷན་ཚོགས་དེ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལིར་རྟེན་གཞི་བྱས་པའི་ Non-Violent Alternatives ཞེས་པའི་ཞི་བདེ་གོང་འཕེལ་ཡོང་ཐབས་ཀྱི་དགེ་རྩ་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། རྒྱལ་ས་ལྡི་ལིའི་  IIC ཞེས་པའི་རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཚོགས་པའི་ལྷན་ཚོགས་ཐོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་ཁོར་ཡུག་གི་བློན་ཆེན་བཅས་གནང་མྱོང་ཡོད་པ་སྐུ་ཞབས་ Martin Bursik མཆོག་ནས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་གལ་ཏེ་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་མ་ཞུ་པ་དང་། འབྲོག་པ་ཚོ་རང་སར་མ་བཞག་པ་ཡིན་ན་བོད་ཀྱི་ཁོར་ཡུག་ལ་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་དང་། དེའི་ཤུགས་རྐྱེན་དེ་རིམ་པས་མངོན་རྒྱུ་ཡིན་སྐོར་བཅས་གསུངས་པ་མ་ཟད། ཁོང་སྐུ་སྒེར་གྱི་ངོས་ནས་བོད་མི་ཚོར་མང་གཙོའི་རང་དབང་ལོངས་སུ་སྤྱོད་རྒྱུར་རྒྱབ་སྐྱོར་མུ་མཐུད་ནས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།  དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་གོ་སྒྲིག་ཞུས་པའི་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལྷན་ཚོགས་ཐོག་ད་དུང་ཁོར་ཡུག་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་དབང་སྐུ་ཞབས་ Ethan Goldings ལགས། Ruth Gamble ལགས། le Anh Tuan ལགས། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ Siddiq Wahid ལགས། Milap Chand Sharma ལགས། དེ་བཞིན་ Jayadeva Ranade ལགས་བཅས་ནས་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༡༢  ནས་གསུང་བཤད་གནང་ཡོད་པ་རེད། ཁོར་ཡུག་གི་ལྷན་ཚོགས་དེའི་ཐོག་གཞན་ཡང་སློབ་ཕྲུག་དང་ཁོར་ཡུག་ཉམས་ཞིབ་པ་མཁས་དབང་སོགས་ཁྱོན་མི་གྲངས་ ༥༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག འདི་ག་རླུང་འཕྲིན་ཁང་ནས་ཁོར་ཡུག་ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པར་དེང་སྐབས་འཛམ་གླིང་ནང་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐོག་མང་ཚོགས་ཀྱི་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དཀའ་ངལ་བཅས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་ཕྱིར་བསྒྲགས་ཡོང་ཐབས་གནང་རྒྱུ་དེ་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ཡིན་པ་སོགས་ཀྱི་ངོ་སྤྲོད་གནང་སོང་།

    བཀྲ་ཤིས་དབང་ཕྱུག་ལགས་དང་ཁྲིམས་རྩོད་པ་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ།

ཁ་སང་ཞོགས་པ་བོད་ཀྱི་སྐད་ཡིག་གི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ lin Qilei ལགས་མཚོ་སྔོན་གྱི་ཏོང་ཁྲོན་ཁྲིམས་ཁང་དུ་ཕྱིན་ནས་བཀྲ་ཤིས་དབང་ཕྱུག་ལགས་སུ་ཐུག་འཕྲད་གནང་རྩིས་ཀྱིས་ཁྲིམས་ཁང་གི་འབྲེལ་ཡོད་ལ་ཆོག་མཆན་ཞུས་ཡོད་ཀྱང་། ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཁྲིམས་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་པེ་ཅིན་གྱི་ཁྲིམས་འཛིན་ལས་ཁུངས་ཀྱི་བཀའ་ཡིག་མེད་ཚེ་ཁོང་དང་ཐུག་འཕྲད་གནང་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་ཁོང་གིས་དེ་ནི་ཁྲིམས་འགལ་རེད་ཅེས་བརྗོད་དེ་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་དོ་དམ་ཁང་ལ་བཅར་ནས་ཞུ་གཏུག་གནང་འདུག སྐབས་དེར་དོ་དམ་ཁང་གི་འགན་འཛིན་གཞོན་པས་ཁོང་ལ་བཀྲ་ཤིས་དབང་ཕྱུག་གི་གདན་དོན་དེ་ནི་ཚོར་བ་རྣོ་བའི་དམིགས་བསལ་གནད་དོན་ཞིག་ཡིན་སྐོར་བརྗོད་པ་དང་འབྲེལ། བཀྲིས་དབང་ཕྱུགས་ལགས་ཀྱིས་རང་ཉིད་ཀྱི་ཁྲིམས་ཆད་ལ་དང་ལེན་མ་ཞུས་པ་མ་ཟད་བཙོན་ཁང་ནང་གི་ལས་དོན་ལ་འདོད་བློ་མེད་པའི་རྣམ་འགྱུར་བསྟན་ཡོད་སྐོར་བརྗོད་དེ་ཁོང་ལ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་གནང་མི་འདུག    གནས་ཚུལ་འདི་དང་འབྲེལ་ནས་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ནང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཐུག་འཕྲད་གནང་རྒྱུར་སྲུང་སྐྱོབ་ཀྱི་ཁྲིམས་དོན་གང་ཡོད་མེད་བཅས་ཀྱི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་ཚན་ ༡༠༨ ནང་ཉེས་ཅན་པ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཉེས་པ་དག་འབུད་གནང་རྒྱུའི་ཁྲིམས་རྩོད་པ་གླ་རྒྱུ་དང་། དེ་བཞིན་རྫོང་དང་ཁུལ་རིམ་པ་ནས་དབུས་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་གནང་རྒྱུའི་ཐོབ་ཐང་ཡོད་ཀྱང་། རྒྱ་ནག་གི་ནང་ཁྲིམས་ཡིག་གི་བཅའ་ཁྲིམས་དང་ལག་ལེན་གཉིས་འགལ་ཟླ་ཡིན་སྟབས་ཏང་གིས་བཀའ་གསུང་ལྟར་ཐག་གཅོད་བྱེད་རྒྱུ་ལས་རང་དབང་གི་ཁྲིམས་ཁང་དང་ཁྲིམས་རྩོད་པ་གཅིག་ཀྱང་མེད་པར་ངོ་སྤྲོད་གནང་སོང་། སྤྱིར་རྒྱ་གཞུང་ནས་འདས་ལོའི་ཟླ་བ་ ༡༡ ནང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་ཉིད་ཀྱི་སྤུན་ཉེ་འབྲེལ་ཕན་ཚུན་དབར་ཐུག་འཕྲད་གནང་བཅུག་ཀྱང་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་ཀྱིས་རྒྱ་གཞུང་གིས་གནོན་ཤུགས་དང་དམ་དྲག་བྱེད་བཞིན་པར་བརྟེན་སྤུན་ཉེ་འབྲེལ་རྣམས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་བབ་སྐོར་ཡོངས་གྲགས་ཀྱི་ཐོག་ནས་གསུང་ཕོད་ཀྱི་མེད་པར་བརྗོད་དེ་ད་ཆ་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་ནས་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་ང་ཚོའི་ངོས་ནས་ཁོང་གི་འཕྲོད་བསྟེན་གྱི་བབ་ཅི་འདྲ་ཞིག་གི་འོག་ཏུ་གནས་ཡོད་པ་སོགས་ཤེས་རྟོགས་གང་ཡང་མེད་པར་བརྗོད་ཡོད་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་པ་ད་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་གསུངས་ཡོད། གཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་ནི་ཁམས་ཡུལ་ཤུལ་ནས་ཡིན་པ་དང་། ཁོང་གིས་དེ་སྔ་རང་གནས་ས་ཁུལ་དུ་རྒྱ་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་ས་གནས་སྲིད་གཞུང་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས་ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་དེ་འབྲེལ་ཞུ་གཏུག་ལན་མང་གནང་བ་མ་ཟད་རྗེས་སུ་ཁོང་གིས་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཁོང་འཛིན་བཟུང་དང་།  དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད།

ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ།

འདི་ལོའི་ Italy གྲོང་ཁྱེར་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ Venice International Film Festival ཐེངས་ ༧༦ ཐོག་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་དངོས་བྱུང་གི་གློག་བརྙན་ཆེས་ཐོག་མ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། གློག་བརྙན་གཟིགས་འབུལ་ཐོག་ Ireland རྒྱལ་ཁབ་ནས་ཡིན་པའི་ནོ་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་༸གོང་ས་མཆོག་གི་མཛའ་གྲོགས་རྙིང་པ། ལྕམ་སྐུ་ Betty Williams ལགས་ཆེད་ཕེབས་དང་འབྲེལ་གཟིགས་མོ་བ་ཚོར་གློག་བརྙན་ངོ་སྤྲོད་གནང་རྒྱུ་རེད་འདུག ཝེ་ནི་སི་སྤྱིའི་གློག་བརྙན་ནས་དེ་རིང་གློག་བརྙན་གྱི་སྔོན་འགྲོའི་འགྲེམས་བརྡ་བརྙན་ཐུང་སྐར་ཆ་ ༩༠ ཅན་ཞིག་ཕྱིར་བསྒྲགས་གནང་བ་མ་ཟད། ཐེངས་འདིའི་དངོས་བྱུང་གི་གློག་བརྙན་བཟོ་བསྐྲུན་པའི་འགན་འཛིན་དང་འཁྲབ་གཞུང་རྩོམ་པ་པོ་གཅིག་ལྕོག་གནང་མཁན་དེ་བཞིན་རྒྱལ་སྤྱི་རིམ་པའི་གཟེགས་རྟགས་བཞེས་མྱོང་མཁན་རྒྱལ་སྤྱིའི་བུད་མེད་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་ Dawn Gifford Engle ལགས་ཀྱིས་ང་ཚོས་ཐེངས་འདིའི་ཝེ་ནི་སི་རྒྱལ་སྤྱིའི་དུས་སྟོན་དེར་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་རེ་སྒུག་བྱེད་བཞིན་ཡོད། ཐེངས་འདིའི་དངོས་བྱུང་གི་གློག་བརྙན་འདིའི་ནང་དེ་སྔ་སུས་ཀྱང་ཤེས་རྟོགས་དང་མཇལ་མྱོང་མེད་པའི་གནས་ཚུལ་ཁག་གཅིག་བརྙན་པར་བརྒྱུད་གཟིགས་འབུལ་ཞུ་རྒྱུ་དང་ནང་དོན་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་དབར་གྱི་གསང་བའི་གཏམ་རྒྱུད་མང་ཅག་ཅིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཁོང་གིས་ད་དུང་དངོས་བྱུང་གི་གློག་བརྙན་ནང་སྔོན་ཆད་སུས་ཀྱང་མཐོང་མ་མྱོང་བའི་༸སྐུ་མདུན་གྱི་མི་ཆོས་རང་ལུགས་ཀྱི་མཛད་རྣམས་ཀྱི་ཆ་ཤས་མང་པོ་ཞིག་དང་། ལྷག་པར་དུ་༸སྐུ་མདུན་རང་གིས་ཚན་རིག་དང་འཕྲུལ་ཆས་ཀྱི་འཇིག་རྟེན་འགྲིམ་པའི་ཐད་ནས་ཡོངས་གྲགས་མ་ཡིན་པའི་གཏམ་རྒྱུད་མང་དག་ཅིག་ཡོད་པ་མ་ཟད།  དེར་བརྟེན་འཇིག་རྟེན་འདིར་འགྱུར་བ་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་མང་པོ་ཡོད་སྐོར་གསུངས་འདུག ལས་རིམ་ལ་གཞིགས་ཚེ་གློག་བརྙན་དེ་ Venice རྒྱལ་སྤྱིའི་དུས་སྟོན་སྟེང་ཕྱི་ཟླ་ ༨ ཚེས་ ༣༡ ཕྱི་དྲོར་གཟིགས་འབུལ་ཞུ་རྒྱུ་དང་། ༸སྐུ་མདུན་དང་ཚན་རིག་དབར་གྱི་འབྲེལ་བ་མཚོན་པའི་དངོས་བྱུང་གི་གློག་བརྙན་ནང་འཛམ་གླིག་ནང་སྐད་གྲགས་ཡོད་པའི་ཚན་རིག་པ་སྐུ་ཞབས་ David Bohm ལགས་དང་ Anton Zeilinger ལགས། Paul Ekman ལགས། Aaron Beck ལགས།  Francisco Varela ལགས་དེ་བཞིན་ Richard Davidson ལགས་ Michael Meany ལགས་སོགས་ཀྱང་ཡོད་པ་རེད།    རྩ་བའི་གློག་བརྙན་དེ་ནི་ལོ་ངོ་དྲུག་གི་སྔོན་ལ་འགོ་ཚུགས་པའི་ཞི་བདེའི་བྱས་རྗེས་ཅན་གྱི་མུ་འབྲེལ་གྱི་གློག་བརྙན་བཟོ་སྐྲུན་ཐེངས་དྲུག་པ་དེ་ཆགས་ཡོད་པ་དང་། སྔོན་ཆན་༸གོང་ས་མཆོག་གི་མཛའ་གྲོགས་ཡི་ཤུ་ཆོས་དཔོན་སྐུ་ཞབས་ Desmond Tutu མཆོག་གི་སྐུ་ཚེའི་གཏམ་རྒྱུད་མཚོན་པའི་འོད་དཀར་གྱི་བྱིས་པ་ཟེར་བ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།  གཞི་རྩའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཕྱི་ལོ་ ༡༩༣༢ ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ Italy ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང། འདི་ལོའི་དུས་སྟོན་དེ་ཕྱི་ཟླ་ ༨  ཚེས་ ༢༨ ནས་ཟླ་ ༩ ཚེས་ ༧ བར་འཚོགས་གཏན་ཁེལ་དོན་ལྟར་དུས་སྟོན་ཐེངས་ ༧༦ པ་ཆགས་ཀྱི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་རྒྱུ།

ཨ་རི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་མཐུས་མི་བརྒྱད་དང་ལས་བྱེད་བཅས་ཁྱོན་ཚོགས་མི་ཉི་ཤུ་ཙམ་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རྨ་ས་ལར་ཆེད་ཕེབས་གནང་གཏན་ཁེལ་འདུག ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་ལྔ་དང་། ཁོང་རྣམ་པའི་བཟའ་ཟླ་གཙོ་གྱུར་སྐུ་འཁོར་ལྷན་རྒྱས། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་ཚོགས་མི་སུམ་བཅུ་ཙམ་ཡོད་པ་དང་། ཁོང་རྣམས་གཟའ་འཁོར་འདིའི་རེས་གཟའ་པ་སངས་ཕྱི་ཟླ་ ༨ ཚེས་ ༢ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྟེ་དགུང་ཚིགས་ལྷན་བཞེས་གནང་རྒྱུ་རེད་འདུག གཞན་ཡང་ཁོང་རྣམ་པ་ཕྱི་ཚེས་ ༢ ནས་ ༤ བར་ཞུགས་སྒར་དུ་བཞུགས་གཞག་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཚོར་གསུང་བཤད་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གཙོ་གྱུར་བཞུགས་སྒར་ཁུལ་གྱི་བོད་པའི་རིག་གཞུང་དང་འབྲེལ་བའི་བསྟི་གནས་ཁང་ཁག་ཏུ་འཚམས་གཟིགས་སོགས་གནང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་འཚམས་གཟིགས་འདི་ནི་ད་བར་ཨ་རིའི་གྲོས་ཚོགས་འཐུས་མི་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པའི་ཆེས་མཐོའི་སྐུ་ཚབ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་སྟབས་ཆབ་སྲིད་སོགས་ཀྱི་གནས་སྟངས་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་གསུངས་སོང་། གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་འདི་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ད་ལྟའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རྨ་ས་ལར་འཚམས་གཟིགས་གནང་བའི་རྗེས་ཀྱི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཁོང་རྣམས་དང་ལྷན་དུ་རྒྱལ་ས་ལྡི་ལིར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལྷན་བཅར་གནང་རྒྱུ་རེད་འདུག

Latest news