Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

གྲོས་ཚོགས་འཐུས་མི་ ༣༧ ནས་སྲིད་འཛིན་ཊམ་མཆོག་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པ་ཞུས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher H Smith ལགས་དང་སྐུ་ཞབས་ Eliot Engel ལགས། དེ་བཞིན་ལྕམ་ Pramila Jayapal ལགས་སོགས་འཐུས་མི་སུམ་ཅུ་སོ་བདུན་ནས་ཁ་སང་ཚེས་ ༢༡ ཉིན་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ལ་བོད་མིའི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་ཨ་རིིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་འདུག གྲོས་ཚོགས་འཐུས་མི་ ༣༧ ནས་མཚན་རྟགས་བཀོད་པའི་ཕྱག་ཡིག་དེའི་ནང་དུ་འཐུས་མི་རྣམས་པས་སྲིད་འཛིན་ཊམ་མཆོག་ལ་བོད་ཀྱི་ཐོུང་མིན་པའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གཅེས་སྲུང་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་ཆེད་ད་བར་ཨ་རིའི་མི་དམངས་དང་། ལྷག་པར་གྲོས་ཚོགས་ཀྱི་ཆབ་སྲིད་པ་གཉིས་ཀས་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༢ ནས་གཏན་འབེབས་གནང་པའི་ཨ་རིའི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་འོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་བསྐོ་གཞག་གནང་ནས་གཞི་རྐང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་མངོན་འདོད་ལ་རྒྱབ་སྐྱོར་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཡར་རྒྱས་གང་ལེགས་ཡོང་རྒྱུར་ཕྱག་ལས་གནང་གི་ཡོད་སྟབས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི་གལ་ཆེ་ཆགས་ཀྱི་ཡོད་པ་འབོད་སྐུལ་ཞུས་འདུག ལྷག་པར་དུ་གྲོས་ཚོགས་མི་རྣམས་ནས་སྲིད་འཛིན་ཊམ་མཆོག་ལ་ད་ལྟའི་བོད་མིའི་ཛ་དྲག་གི་གནས་སྟངས་སྐོར་ལ་སྙན་གསེང་དང་སྦྲགས། རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐབ་ཐང་དང་ཆོས་དད་རང་དབང་བརྡལ་བཤིག་བཏང་གི་ཡོད་པས་དཔེ་མཚོན་ཉེ་ས་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་མུས་ཀྱི་གནས་སྟངས་ཡིན་པ་དང་། ཕྱི་རྒྱལ་བ་ཉུང་ཤས་ཤིག་བོད་ནང་དུ་བསྐྱོད་ཐུབ་མཁན་ཚོས་གསུངས་གསལ། ཁོང་ཚོ་ལམ་བར་དང་འགག་སྒོ་སོགས་སུ་དམ་བསྒྲགས་ཧ་ཅང་ཆེན་པོའི་འོག་ས་གནས་ཚང་མ་ཉེན་རྟོག་པས་བཏུམ་ནས་འཇིགས་དངངས་ཀྱི་ཁོར་ཡུག་ཅིག་ཏུ་བཟོས་ཡོད་པ་གསུངས་པ་མ་ཟད། ཁྱད་པར་དུ་ད་བར་བོད་ནང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་ཕྱི་ལོ་ ༢༠༡༠ ནས་ད་བར་རྒྱ་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་ལ་འབྲེལ་མོལ་བྱུང་མེད་སྟབས། སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་ཨ་རིས་ད་བར་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པའི་བོད་རྒྱ་གྲོས་མོལ་ཡོང་རྒྱུའི་གོམ་པ་དང་པོ་སྟེ་གཞུང་འབྲེལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་བསྐོ་གཞག་གནང་གལ་ཡིན་པ་རེད་ཅེས་གསུངས་འདུག ད་དུང་ཕྱག་བྲིས་དེའི་ཐོག་ནས་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་འཛིན་མཆོག་ལ་སེམས་སྐུལ་དང་སྦྲགས་ཏེ་སྲིད་འཛིན་ Trump མཆོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཁོང་གི་དབུ་ཁྲིད་པའི་འཛིན་སྐྱོང་ནས་ཀྱང་། དེ་སྔའི་འཛིན་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམ་པ་ལྟར་བོད་མིའི་རང་དབང་དང་བདེ་སྡུག་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བཞེངས་ཕྱོགས་འཛིན་གནང་གི་ཡོད་པ་བསྟན་གནང་གལ་ཡིན་པ་ཡང་ཞུས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་གོང་མ་སྐུ་ཞབས་ཨོ་བྷ་མ་མཆོག་གིས་འཛིན་སྐྱོང་སྐབས་སུ་ལྕམ་ Sarah Sewall མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་རེད། ད་ལྟའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་འདི་ལོའི་ཕྱི་ཟླ་ ༡ པོ་ནས་སྲིད་འཛིན་ཐུགས་འགན་བཞེས་གནང་ཡོད་ནའང་ད་བར་འདས་པའི་ཟླ་བ་ལྔ་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་པ་རེད།

རྒྱལ་སྤྱིའི་རྒྱལ་ཁབ་ལྔ་ནས་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་འདུག

དེ་ཡང་ཟླ་ ༦ ཚེས་ ༦ ནས་འགོ་འཛུགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༥ ཚོགས་བཞིན་པ་དང་བསྟུན། ཁ་སང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་བསྡུར་གནང་སྐབས། ཨ་རི་དང་དབྱིན་ཡུལ། ཇར་མ་ནི། སུད་སི། དེ་བཞིན་ཕ་རན་སི་བཅས་རྒྱལ་སྤྱིའི་རྒྱལ་ཁབ་ལྔའི་སྐུ་ཚབ་རྣམ་པས་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་དང་སྒྱུ་རྩལ་གྱི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་མུ་མཐུད་བློ་ཚབས་གནང་བཞིན་ཡོད་པ་གསུངས་འདུག སྐབས་དེར་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Scott Busby ལགས་ཀྱིས་ཨ་རིའི་ངོས་ནས་རྒྱ་ནག་དང་ཨི་རན། ཨུ་རུ་སུ་དེ་བཞིན་ཝེ་ནེ་ཛུ་ལ་སོགས་ཀྱི་ནང་ལ་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པར་སེམས་ཚབས་ཆེན་པོ་ཡོད་སྐོར་གསུངས་པ་དང་། ལྷག་དོན་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་གཙོས་པའི་བོད་དང་ཤིང་ཅང་སོགས་ཀྱི་ཞི་བའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་འཛིན་བཟུང་བཙན་ཁྲིད་དང་བཀག་ཉར་བྱས་པའི་གནད་དོན་རྣམས་ཆེས་མངོན་གསལ་གནང་འདུག སྐབས་དེར་དབྱིན་ཡུལ་དང་སུད་སི། དེ་བཞིན་ཧྥ་རན་སི། ཇར་མ་ནི་བཅས་ཀྱི་སྐུ་ཚབ་ནས་ཀྱང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་བཞིན་པར་བློ་ཚབས་ཆེན་པོ་ཡོད་སྐོར་གསུངས་འདུག ཁྱད་པར་དུ་ཇར་མ་ནིའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་སྔར་ལོ་ནས་བཟུང་སྟེ་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དང་། ཆོས་སྒར་གྱི་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་གཏོང་མུས་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བར་ངོས་འཛིན་གྱིས་ཁྲིམས་བཤེར་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་གླེང་སློང་ གནང་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལྕམ་ Melanie Blondelle ལགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Helsinki འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་པའི་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་ ༢༠༠༩ ལོ་ནས་བཟུང་སྟེ་ད་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་ཡོད་ཀྱང་། རྒྱ་གཞུང་གིས་གནས་ཚུལ་དེ་འདྲ་རིགས་མི་ཡོང་བའི་ཆེད་དུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་བོད་ནང་གི་བོད་མིའི་ཐོག་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་གཞི་རྩའི་ཁྲིམས་ལུགས་ཁག་དང་ཡོངས་སུ་འགལ་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་སྐབས་དེའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Navi Pillay མཆོག་གིས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་ཆེད་བསྐྱོད་རྒྱུའི་རང་དབང་སྤྲོད་དགོས་སྐོར་གསུངས་པ་དང་། དེ་མཚུངས་སུ་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་གྲུབ་རྗེས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲོད་རྒྱུའི་ཁས་ལེན་བྱས་པ་སོགས་ལུང་འདྲེན་གྱིས་ད་རེས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་འདི་བརྒྱུད་ནས་རྒྱ་གཞུང་ལ་དྲག་གནོན་སོགས་གང་ཡང་མེད་པར་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་རྟོག་ཞིབ་སླད་ཆེད་བསྐྱོད་བྱེད་བཅུག་དགོས་པར་ནན་སྐུལ་གནང་གལ་ཡིན་པ་གསུངས་འདུག གཞི་རྩའི་ཇི་ནི་ཝ་ནང་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༥ ཟླ་བ་འདིའི་ཚེས་ ༦ ནས་བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་བར་ཚོགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གཙོས། ས་གནས་བོད་མི་རྣམས་ནས་ཚོགས་ཆེན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་ཞུ་གཏུག་གི་ལས་འགུལ་ཁག་ཅིག་སྤེལ་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས་ནས་ཡུལ་དེའི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་འདུག ཁ་སང་ཟླ་ ༦ ཚེས་ ༡༢ ཉིན་སྐུ་ཞབས་ Garnett Genuis ལགས་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་ཁོང་ནས་ད་བར་ས་གནས་སུ་ཡོད་པའི་བོད་རིགས་གཙོས་པའི་བོད་ཀྱི་གྲོགས་པོ་མང་དག་ཞིག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་ངོ་སྤྲོད་གནང་པ་དང་འབྲེལ། ཁེ་ན་ཌའི་གཞུང་གི་ངོས་ནས་ཀྱང་ས་གནས་བོད་མི་དང་བོད་དོན་སྐོར་ལ་ངེས་པར་དུ་གླེང་སློང་གནང་དགོས་གལ་ཡིན་པ་གསུངས་འདུག ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་དང་འབྲེལ། རྒྱ་ནག་གཞུང་གིས་སྔར་ལོ་ནས་འགོ་འཛུགས་ཀྱིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་དང་། ཆོས་སྒར་གྱི་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་བཏང་པ་མ་ཟད། མ་འོངས་པར་ཆོས་སྒར་དུ་ཕྱིར་ལོག་བྱ་རྒྱུ་མིན་པའི་མཚན་རྟགས་བཀོད་བཅུག་པ། དེ་བཞིན་སྔར་ལོ་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་ནང་དུ་བོད་དེ་བཞིན་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གཉིས་པར་ཐེར་བཏོན་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། སྔར་ལོ་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་ཐོག་ལ་གྲོས་ཆོད་བཞག་པ་དང་། ཉེ་དུས་སུ་ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་པའི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཆེད་ཕེབས་དང་བསྟུན་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་དང་འབྲེལ་ཨ་རི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གཏོང་རྒྱུའི་དུས་ལ་བབ་ཡོད་སྐོར་སོགས་གསུངས་པ་ལྟར། ཁེ་ན་ཌའི་གྲོས་ཚོགས་དང་གཞུང་འཛིན་ངོས་ནས་ཀྱང་རྒྱལ་རབས་ལོ་རྒྱུས་ཀྱི་དྲང་བདེན་ཕྱོགས་སུ་ལངས་ཏེ་རྒྱ་ནག་དང་གྲོས་མོལ་བྱེད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པ་མ་ཟད། ད་རེས་གྲོས་ཚོགས་འདིའི་ནང་དུ་རྒྱ་ནག་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པར་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་དགོས་པ་གསུངས་འདུག དེ་བཞིན་ཁོང་གིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་མི་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་པ་ལས། རང་བཙན་རྩོད་ཀྱི་མེད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག བོད་མི་རྣམས་ནས་རྩོད་བཞིན་པའི་རང་སྲིད་རང་སྐྱོང་གི་གནས་བབས་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གཞིགས་ཚེ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཀྱང་ཡིན་སྟབས། ཁེ་ན་ཌའི་གཞུང་གིས་རྒྱ་གཞུང་ལ་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱེད་དགོས་པའི་གཏམ་བཤད་བྱས་པ་ཙམ་མིན་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོན་དངོས་ཀྱི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་ཡང་གསུངས་ཡོད་པ་རེད། གཞི་རྩའི་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས་ནི་ད་ལྟའི་ཆར་རང་ལོ་ ༣༠ ཡིན་པ་དང་ཁོང་ཕྱི་ལོ་ ༢༠༡༥ ལོར་ཁེ་ན་ཌའི་ Alberta མངའ་སྡེའི་ཁོངས་ནས་མང་ཚོགས་ཀྱིས་གྲོས་ཚོགས་འཐུས་མིར་བསྐོ་གཞག་གནང་ཡོད་པ་རེད།  ཁོང་གིས་ཁོང་རང་ཉིད་གྲོས་ཚོགས་འཐུས་མིར་བསྐོ་གཞག་བྱུང་ནས་ཟླ་བ་གསུམ་ཙམ་གྱི་རྗེས་སུ་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་འདི་བཞིན་མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད།

ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་ཟླ་ ༦ ཚེས་ ༦ ནས་དབུ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༥ འཚོགས་བཞིན་པ་དང་བསྟུན། དེ་རིང་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཉིན་རྒྱབ་ཚོུད་ ༡༡།༣༠ ནས་ ༤།༠༠ བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཆིག་སྟོང་ལྷག་འདུ་འཛོམས་གནང་སྟེ། གཙོ་བོ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་པའི་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་ཆེ་བའི་གནས་སྟངས་སོགས་ལ་བློ་འཚབ་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག  

ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་མངའ་སྡེར་གདན་འདྲེན་ཞུ་ཐབས་གནང་་རྒྱུ་ཡིན་པར་ཞལ་བཞེས་གནང་འདུག

ཨ་རི་ Virginai མངའ་སྡེའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན། མངའ་སྡེའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Gene Rossi ལགས་ཀྱིས་མངའ་སྡེར་གནས་བཞུགས་ས་གནས་བོད་མིར་འབྲེལ་བ་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་ཞལ་བཞེས་གནང་འདུག སྐུ་ཞབས་གྷེ་ནེ་རོ་སི་ལགས་ཀྱིས་རང་གི་ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་བར་གཞིགས་ན། རིང་མིན་ཟླ་ ༦ ཚེས་ ༡༣ ཉིན་ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ་ཡིན་སྟབས། ས་གནས་བོད་རིགས་ཚོས་སྐུ་ཞབས་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་པ་དང་འབྲེལ། གལ་ཏེ་ཁོང་ལ་འོག་བསྡུའི་རྒྱལ་ཁ་ཐོབ་ཚེ་ཁོང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་ཨ་རིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་བཞིན་པ་ཁག་ལ་ངོས་འཛིན་ཞུས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ Virginia མངའ་སྡེའི་རྒྱལ་ས་ Richmond ནང་དུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་དང་དེ་བཞིན་མངའ་སྡེའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་གྲོས་འཆར་བཏོན་ངེས་ཡིན་ཞེས་ཞལ་བཞེས་གནང་འདུག སྤྱིར་ཨ་རི་ Virginia བྱང་ཕྱོགས་ཀྱི་ Fairfax དང་། Charlottesville གྲོང་སྡེ་གཉིས་ནང་དུ་བོད་མི་མི་ཉུང་བ་ཞིག་གནས་བཞུགས་གནང་མུས་ཡིན་པ་དང་ད་རེས་མངའ་སྡེའི་སྲིད་སྐྱོང་འོས་མི་ཞིག་གིས་ཐད་ཀར་བོད་རིགས་ལ་ཞུ་འབོད་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་པ་ལོ་རྒྱུས་ནང་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། སྐུ་ཞབས་ Gene Rossi ལགས་ཀྱིས་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་རང་གི་ཆོས་ལ་དད་པ་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེ་ཆགས་ཀྱི་ཡོད་པ་དང་། ཁོང་ནས་བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ཡི་ཤུའི་ལྷ་ཁང་ཞིག་ཏུ་མཆོད་མཇལ་གནང་ཡོད་པ་མ་ཟད། གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཁ་ཆེའི་ Ramadan ཟླ་བ་དང་བསྟུན་ནས་ Adamas Center ཞེས་ཁ་ཆེའི་ཆོས་བྱ་ཡུལ་དུ་བཅར་ཡོད་པ་དང་། ལྷག་དོན་ད་ལྟའི་ཟླ་བ་འདི་ནི་ནང་པ་ཚོར་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་བཅས་འགྲེལ་བརྗོད་གནང་འདུག རྩ་བའི་ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུ་དེ་ཟླ་ ༦ཚེས་ ༡༣ ཉིན་གནང་གཏན་འཁེལ་ཡོད་པ་དང་། དེའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལས་མང་ཚོགས་གཙོ་ཚོགས་པའི་འོས་གཞི་ཨ་རི་གཞུང་གི་སྙན་གྲགས་ཡོད་པའི་ཁྲིམས་རྩོད་པ་ཟུར་པ་སྐུ་ཞབས་ Gene Rossi ལགས་དང་། Justin E. Fairfax ལགས། དེ་བཞིན་ལྕམ་སྐུ་ Susan S. Platt ལགས་བཅས་རྣམ་པ་གསུམ་དང་། སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ Bryce E. Reeves ལགས་དང་། Glenn R. Davis ལགས། དེ་བཞིན་ལྕམ་སྐུ་ Jill H. Vogel ལགས་བཅས་ཡིན་པ་རེད།

སི་པཱེན་གྱི་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་གསར་བཙུགས་བྱས་པར་ངོ་རྒོལ་གནང་འདུག

སི་པཱེན་གྱི་གྲོང་ཁྱེར་ Zargoza གཙུག་ལག་སློབ་གཉེར་ཁང་དུ་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་གསར་འཛུགས་ཀྱི་མཛད་སྒོ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་རིགས་ཕྷ་ལུང་གོང་ཆོས་བརྒྱུད་རྗེས་འབྲངས་པ་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་ཡང་ཁ་སང་ Spain ནང་དུ་རྟེན་གཞི་བྱས་པའི་བོད་ཁང་གིས་གཙོ་འགན་བཞེས་ཐོག་སི་པཱན་གྱི་གྲོང་ཁྱེར་ Zargoza གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྒོའི་མདུན་དུ་ཁུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ Falun Gong ཆོས་བརྒྱུད་རྗེས་འབྲངས་པ་ཁག་ཅིག་བཅས་མི་གྲངས་ ༢༠ ལྷག་འདུ་འཛོམ་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ཞིང་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་གསར་བཙུགས་བྱས་པར་ངོ་རྒོལ་གནང་འདུག རྩ་བའི་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་ཞེས་པ་དེ་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་དར་འཕེལ་ཆེད་དུ་ཆེད་བཙུགས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ Hanban ཞེས་པའི་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ཐད་ཀར་སྟངས་འཛིན་ཡོད་པ་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༠༤ ལོ་ནས་རྒྱལ་ཁབ་མང་དག་ཞིག་གི་ནང་དུ་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་ཆེད་བཙུགས་ཀྱིས་རྒྱ་ནག་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་སྟབས། སློབ་གཉེར་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་མུས་ཡིན་པ་མ་ཟད། སློབ་གཉེར་ཁང་དེ་དག་ནས་ Falun Gong དང་དྲུག་བཞིའི་དོན་རྐྱེན། དེ་བཞིན་བོད་དང་ཤིན་ཅང་སྐོར་ལ་གླེང་སློང་གནང་མི་ཆོག་པར་རྒྱ་གཞུང་གི་ལྟ་གྲུབ་ལག་བསྟར་བྱེད་མུས་རེད་འདུག གཞན་ཡང་ཉི་ཧོང་དང་ཨ་རི། དེ་བཞིན་ཁེ་ན་ཌ་གཙོས་རྒྱལ་ཁབ་མང་དག་ཞིག་གི་གཙུག་ལག་སློབ་གྲྭ་ཆེན་མོ་ ༨ ཙམ་ནས་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་དང་འབྲེལ་ཐག་བཅད་དེ་སྒོ་བརྒྱབ་པའི་གནད་དོན་བྱུང་ཡོད་པ་རེད།  

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ལྷན་ཚོགས་ཐོག་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ནན་པོ་གནང་འདུག

ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་ཟླ་བ་འདིའི་ཕྱི་ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ལོ་འཁོར་ལྷན་ཚོགས་ཐེངས་ ༡༩ པ་ཚོགས་ཡོད་པ་ལྟར། ལྷན་ཚོགས་དེ་དང་བསྟུན་ཁུལ་དེར་རྟེན་གཞི་བྱས་པའི་བོད་མི་དང་ཡུ་གུར་བ་གཙོ་བོར་གྱུར་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རྒྱལ་ཚོགས་ནང་ཞབས་སྟེགས་མེད་པའི་རྒྱལ་ཁབ་མི་མང་ཚོགས་པ་སོགས་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཁག་ ༦ ཙམ་གྱི་འཐུས་མི་བཅས་ཁྱོན་མི་གྲངས་ ༢༠༠ ཡས་མས་ཤིག་འདུ་འཛོམས་ཀྱིས་ལྷན་ཚོགས་གནང་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བཞུགས་མོལ་དང་ཡོངས་བསྒྲགས་སོགས་ཀྱི་གླེང་སྟེགས་ཚང་མའི་སྐབས་སུ་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པ་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཁག་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་འདུག ཁ་སང་ཚེས་ ༢ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ལྷན་ཚོགས་ཚོགས་ཡུལ་གྱི་ཉེ་འགྲེམ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་པར། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་སོགས་བསྣམས་ཏེ་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་ཞུ་འབོད་གནང་འདུག་པ་དང། དེ་མིན་ཡུ་གུར་ལས་འགུལ་ཚོགས་པས་རང་ཉིད་ཀྱི་དར་ཆ་དང་ངོ་རྒོལ་གྱི་ཡིག་བྱང་སོགས་བསྣམས་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་འཕྲེད་དར་འཕྱར་ཞིང་། རྒྱ་ནག་གི་སྲིད་བློན་ལི་ཁའི་བྱང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དོན་ཕན་སོན་པའི་གླེང་སློང་གནང་དགོས་པའི་རེ་སྐུལ་ནན་པོ་ཞུས་འདུག ལྷན་ཚོགས་དེའི་སྔ་རོལ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དེ་ལས་དྲ་གནས་ཐོག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk མཆོག་གི་མཚན་ཏུ་ཕྱག་བྲིས་ཤིག་ཕུལ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང། ལྷག་པར་དུ་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་ཞུ་དགོས་པའི་ཞུ་སྙན་ཁྲོད། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གྱི་མི་འབོར་ ༥༠༠༠ བར་ཚད་འཛིན་སླད་སློབ་གཉེར་བ་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་ཕུད་བཏང་པ་དང། གྲྭ་ཤག་གཏོར་བཤིག་གི་ལས་འགུལ་སྤེལ་མུས་ཡིན་པ་སྙན་གསེང་དང་སྦྲགས། བླ་རུང་སྒར་དུ་གཏོར་བཤིག་གི་ལས་དོན་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ཕྱིར་ཕུད་ཟིན་པའི་གྲྭ་བཙུན་རྣམས་རང་གནས་སུ་ཕྱིར་བཞག་དང་སློབ་གཉེར་མུ་མཐུད་གནང་བཅུག་དགོས་པའི་ཐོག་ལ་རྒྱ་ནག་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པ་གསུངས་འདུག རྩ་བའི་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱོགས་ནས་རྒྱ་ནག་སྲིད་བློན་ལི་ཁའི་བྱང་དང། ཡུ་རོབ་མཐུན་ཚོགས་ཀྱི་ཕྱོགས་ནས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk མཆོག་དང་ ཡུ་རོབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jean-Claude Juncker བཅས་ལྷན་ཞུགས་གནང་པ་དང་། སྐབས་དེར་སྐུ་ཞབས་ Tusk མཆོག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་འཛིན་བཟུང་བྱས་པའི་གནད་དོན། དེ་བཞིན་བོད་མི་དང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་བཅས་ཀྱི་སྐོར་ལ་སེམས་ཚབས་ཡོད་པར་འགྲེལ་བརྗོད་གནང་པ་མ་ཟད། ཟླ་བ་འདིའི་ཟླ་མཇུག་ཏུ་འཚོགས་གཏན་འཁེལ་བའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་པ་གྲོས་མོལ་སྐབས་གནད་དོན་དེ་དག་གླེང་སློང་མུ་མཐུད་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་སྐོར་ཡང་གསུངས་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༡ ཉིན་ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་པེ་རིས་གྲོས་མཐུན་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་གནང་པ་དང་སྦྲགས། རྒྱ་ནག་གི་ངོས་ནས་སྔར་བཞིན་གྲོས་མཐུན་དེར་རྒྱབ་སྐྱོར་དང་མཐུན་འགྱུར་མུ་མཐུད་བྱེད་རྒྱུར་གསལ་བསྒྲགས་སྤེལ་དོན་ལྟར། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ར་བ་དང། ཚོང་འབྲེལ་ར་བ། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་ལ་རྒྱ་ནག་དེ་རྒྱལ་ཁབ་གནད་ཆེ་ཞིག་ལ་ངོས་འཛིན་ཐོབ་བཞིན་ཡོད་ཅེས་བཤད་འདུག

སུ་ཝེ་ཌན་གྲོས་ཚོགས་ནང་དུ་ཆེས་ཐོག་མའི་བོད་དོན་ལྷན་ཚོགས་ཤིག་ཚོགས་འདུག

ཉེ་ཆར་ཟླ་ ༥ ཚེས་ ༣༠ ཉིན་ཡུ་རོབ་རྒྱལ་ཁབ་སུ་ཝེ་ཌན་གྱི་གྲོས་ཚོགས་ནང་དུ་ཆེས་ཐོག་མའི་བོད་དོན་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག འདི་ལོའི་ཟླ་ ༣ པའི་ནང་གསར་དུ་བཙུགས་པའི་ Swedish Tibet Friendship Parliamentary Group ཞེས་པའི་སུ་ཝེ་ཌན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་སྐྱོར་མཐུན་འགྱུར་དང། དེ་བཞིན་སུ་བོད་མཐུན་གྲོགས་ཚོགས་པ་དང།  སུ་ཝེ་ཌན་བོད་རིག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་ཞུ་དོན་ལྟར། ཟླ་གོང་མའི་ཚེས་ ༣༠  ཉིན་སུ་ཝེ་ཌན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ Tibet Seminar འམ་བོད་དོན་ལྷན་ཚོགས་ཆེས་ཐོག་མ་དེ་བསྐོང་ཚོགས་གནང་འདུག་པ་དང། དེའི་ཐོག་སུ་ཝེ་ཌན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Margareta Cederfelt ལགས་ཀྱིས་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་བརྒྱད་དང། གོ་སྒྲིག་གནང་མཁན་ཚོགས་པ་གཉིས་ཀྱི་འཐུས་མི་དང་སི་པཱན་དུ་བཞུགས་པའི་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང།  སུད་སིར་བཞུགས་པའི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་མགོ་ལོག་འཇིགས་མེད་ལགས་བཅས་མི་གྲངས་ ༢༠ སྐོར་ཞིག་ལྷན་འཛོམས་གནང་འདུག སྐབས་དེར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་སུ་རྒྱ་གཞུང་གི་བཙོན་ཁང་ནང་དུ་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཐོག་ལ་དྲག་གནོན་ཇི་ལྟར་གཏོང་བཞིན་ཡོད་པ་སོགས་སྙན་གསེང་ཞུས་པར། གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཐུགས་སྣང་ཆེན་པོ་དང་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་པ་མ་ཟད། མ་འོངས་པར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྟེ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འཆར་ཡོད་སྐོར་སོགས་གསུངས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨ་རིའི་སྔོན་རྩིས་ནང་དུ་བོད་མིར་རོགས་དངུལ་སྤྲོད་རྒྱུ་མེད་པའི་འཆར་འབུལ་ཞུས་པར་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་གཏུག་གནང་བཞིན་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གྱིས་ཕྱི་ལོའི་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ནང་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་ཞུས་པར་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག དེའང་ ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་སྲིད་འཛིན་ George W Bush མཆོག་ནས་ཨ་རིའི་གྲོས་ཚོགས་ནང་དུ་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་པ་ནས་བཟུང། USAID བརྒྱུད་ལོ་ལྟར་ཨ་རིའི་གཞུང་གིས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སོགས་ཀྱི་ཐོག་རོགས་དངུལ་གནང་བཞིན་པ་དེ་དག་ལོ་རྗེས་མའི་སྔོན་རྩིས་ནས་བཟུང་སྟེ་གནང་རྒྱུ་མིན་པའི་འཆར་འབུལ་ཞུས་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚོགས་པ་དེའི་དྲ་ཐོག་བརྒྱུད་ནས་གལ་སྲིད་ཉེ་ཆར་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་འཆར་འབུལ་ཞུས་པའི་ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་སྔོན་རྩིས་ཁྲོད་ནས་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་དེ་ལམ་ལྷོང་བྱུང་ཚེ། ད་བར་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་ངོས་ནས་བོད་ཕྱི་ནང་གཉིས་སུ་ཡོད་བོད་མི་རྣམས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་སྟེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་གནས་བབ། གཞན་ཡང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཕན་འབྲས་གང་ལེགས་སོན་པ་དེ་དག་ལ་སྣང་ཆུང་གནང་པ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་མི་སེར་གཙོས་པའི་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་མང་ཚོགས་རྣམས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ Rodney Frelinghuysen ལགས་དང་ Hal Rogers ལགས། དེ་བཞིན་ཚོགས་མི་ Tom Rooney ལགས་དང་ Thad Cochran ལགས། གཞན་ཡང་ Lindsey Graham ལགས་བཅས་ཀྱི་མཚན་ཐོག་ཏུ་སྲིད་འཛིན་སྐུ་ཞབས་ Trump མཆོག་གྱིས་འཆར་འབུལ་ཞུས་པའི་ཨ་རིའི་ ༢༠༡༨ ལོའི་སྔོན་རྩིས་ཁྲོད་འཁོད་པའི་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་གནང་འཆར་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་སྙན་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་ Donald Trump མཆོག་གི་སྲིད་གཞུང་ནས་འཆར་འབུལ་ཞུས་པའི་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ནང་དུ་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་དང་བོད་མི་ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་རྣམ་གཉིས་ཀྱི་མཚན་ཐོག་བརྒྱུད་ནས་སྤྲོད་བཞིན་པའི་བོད་མིའི་རོགས་དངུལ་གཉིས་མེད་པ་བཟོས་ཡོད་ཀྱང་། གནད་དོན་དེའི་མཐའ་མའི་ཐག་གཅོད་དེ་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་དང། དེ་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ལ་རིམ་བཞིན་གྲོས་བསྡུར་གྱིས་རྒྱབ་བསྐྱོར་ཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་འཆར་སྲིད་འཛིན་མཆོག་གིས་འཆར་འབུལ་ཞུས་པའི་སྔོན་རྩིས་དེར་ཨ་རིའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ནས་ཀྱང་མུ་མཐུན་གནང་གི་མེད་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་མང་གཙོ་ཚོགས་པས་ངོ་རྒོལ་ཡོད་ཅེས་གསུངས་ཡོད་པ་རེད། རྩ་བའི་ཨ་རིའི་བོད་ཐོག་འཛིན་པའི་ ༢༠༠༢ ཞེས་པའི་སྲིད་བྱུས་དེའི་ཐོག་ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་དུ་ཨ་རིའི་སྲིད་འཛིན་རིམ་པའི་སྲིད་གཞུང་སྐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་བསྐོ་གཞག་དང། བོད་ཕྱི་ནང་གཉིས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཤེས་ཡོན་དང་རིག་གཞུང། འཕྲོད་བསྟེན་སོགས་ཀྱི་ཐད་ལ་དཔལ་འབྱོར་གྱི་རོགས་རམ་གནང་གི་ཡོད་པ་རེད།

Latest news