Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་གནང་དགོས་པའི་ལས་དོན་སྐོར་ཞུ་ཡིག་ཕུལ་བ།

ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་གོང་མ་དང་འོག་མའི་འཐུས་མི་ ༦༠ ལྷག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དབུ་ཁྲིད་པའི་ཨ་རི་སྲིད་གཞུང་གིས་བོད་ཀྱི་གནད་དོན་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་ངེས་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་གནང་དགོས་པའི་ལས་དོན་སྐོར་དོན་ཚན་བཅུ་ཅན་གྱི་ཞུ་ཡིག་ཞིག་ཕུལ་འདུགགཞི་རྩའི་འདི་ལོའི་ཕྱི་ཟླ་ ༧ ནང་ལ་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དེ་སྔ་ Obama སྲིད་གཞུང་སྐབས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་གནང་མྱོང་ཡོད་པ་ལྕམ་ Uzra Zeya ལགས་སླར་ཚན་པ་དེའི་དྲུང་ལས་སུ་བསྐོ་གཞག་གནང་ཡོད་པ་དང་རྣམ་ཀུན་ཡིན་ན་ལས་སྣེ་དེའི་ཐོག་ཕེབས་མཁན་རྣམས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་མཁན་ཡང་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་སྐུ་ཞབས་བྷ་ཌན་མཆོག་གིས་ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྒྱུའི་སྐོར་ཡོངས་གྲགས་གང་ཡང་གསུངས་མེད་ཀྱང་། ལས་དོན་གྱི་ངོ་བོའི་ཐོག་ནས་ཨ་རིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་རིང་མིན་ལྕམ་ Uzra Zeya ལགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྒྱུར་ཚོད་དཔག་གནང་བཞིན་པ་ཡོད་པ་ལྟར། ཁ་ཉིན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༦༠ ལྷག་གིས་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་ཞུ་ཡིག་ཞིག་ཕུལ་ནས་ཨ་རིའི་གྲོས་ཚོགས་གོང་གཉིས་ཀས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་དང་ཨ་རི་སྲིད་གཞུང་གིས་ཀྱང་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་བོད་མིའི་རང་དབང་དང་ཆེ་མཐོང་སྲུང་སྐྱོབ་སོགས་ཀྱི་ཐོག་ཞུ་གཏུག་དང་གླེང་སློང་གནང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གཞི་རྩའི་རྩ་འཛིན་ཞིག་རེད་ཅེས་གསུངས་འདུགལྷག་པར་དུ་མ་འོངས་པར་ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་སྐབས་སུ་དང་ཐོག་དེར་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་ཨ་རིའི་ཕོ་བྲང་དཀར་པོར་མཇལ་འཕྲད་མཛད་ཐུབ་པ་ཞིག་གནང་དགོས་པ་དང་། གལ་སྲིད་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མཛད་རྒྱུར་སྐུ་ངལ་རིགས་ཡོད་ཚེ། སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་ཆེད་མངགས་རྒྱ་གར་དུ་ཕེབས་ཏེ་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་སྟེ་ཕྱོགས་གཉིས་ཀྱི་གནད་དོན་དང་ལྷག་པར་དུ་འཛམ་གླིང་སྤྱིར་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་དགོས་པ་མ་ཟད། གལ་སྲིད་སྲིད་འཛིན་མཆོག་དུས་ཁོམ་མ་འབྱུང་ཚེ་སྲིད་འཛིན་གཞོན་པ་དང་ཡང་ན་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་ཆེས་མཐོའི་དམིགས་བསལ་སྐུ་ཚབ་ཞིག་ཆེད་མངགས་༸གོང་ས་མཆོག་དང་མཇལ་འཕྲད་སླད་ཆེད་གཏོང་གནང་དགོས་པ་གསུངས་འདུག བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་སྐུ་ཞབས་བྷ་ཌན་མཆོག་གི་སྲིད་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་འབྲེལ་བ་དམ་ཟབ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་དང་བོད་མིའི་འཚོ་ཐབས་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པ་མ་ཟད་བལ་ཡུལ་ནང་དུ་དཀའ་ངལ་འཕྲད་བཞིན་པའི་བོད་མི་སྐྱབས་བཅོལ་བའི་གནད་དོན་ཐད་ལའང་དགོངས་བཞེས་གནང་དགོས་ཞེས་གསུངས་ཡོད། དེ་བཞིན་ཞུ་ཡིག་ནང་ལ་སྐུ་ཞབས་བྷ་ཌན་མཆོག་གི་སྲིད་གཞུང་གི་ངོས་ནས་ཉེ་ལམ་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་གསལ་ལྟར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པར་ནན་བརྗོད་གནང་སྟེ་རྒྱ་ནག་གཞུང་ནས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་དང་། བོད་ཀྱི་བདག་དབང་རྒྱ་ནག་རང་ཉིད་ལ་ཡོད་སྐོར་བརྗོད་བཞིན་པར་གདོང་ལེན་ནན་པོ་གནང་དགོས་པ། ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙོན་ཁང་དང་བཀག་སྐྱིལ་ཁང་ཁག་ཏུ་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་མགྲིན་ཚབ་པ་གནང་དགོས་པ། དེ་བཞིན་ The  Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་བོད་ནང་ལ་འགྲོ་སྐྱོད་དང་བོད་ནང་གི་གནས་ཚུལ་རྒྱུས་ལོན་གནང་སྟེ་སྙན་ཐོ་ཁག་གྲོས་ཚོགས་སུ་ངེས་པར་དུ་འགོད་འབུལ་ཞུ་དགོས་པར་གསུངས་འདུགདོན་ཚན་བཅུ་ཅན་གྱི་ཞུ་ཡིག་ནང་དུ་ཨ་རི་སྲིད་གཞུང་ནས་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་གནང་སྟེ་བོད་རྒྱ་འབྲེལ་མོལ་གྱི་གནས་བབས་དེ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་དང་དེ་ཡང་རྒྱ་ནག་ཕྱོགས་ནས་འདས་པའི་འབྲེལ་མོལ་གྱི་བརྒྱུད་རིམ་སྐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དགོས་ཞེས་པའི་ཆ་རྐྱེན་ཞིག་བཞག་ཡོད་པ་དེ་ནི་དོན་དམ་པའི་འབྲེལ་མོལ་ཡོང་བར་འགོག་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྟབས། ཨ་རི་སྲིད་གཞུང་ནས་གཞུང་འབྲེལ་གྱི་ཡིག་ཆ་ཁག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་ཚིག་བརྗོད་དེ་ཕྱིར་འཐེན་གནང་སྟེ་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་ལོ་རྒྱུས་ཀྱི་དྲང་བདེན་དང་། གཞི་རྩའི་རང་དབང་བསྐྱར་གསོ་ཐོག་མདུན་སྐྱོད་གནང་དགོས་པར་གསུངས་འདུག ཆབས་ཅིག་ཏུ་རྒྱ་ནག་གཞུང་ནས་ད་ཆ་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བཟུང་ཐོག་སློབ་ཁྲིད་བྱས་ཏེ་བོད་ཀྱི་ཆོས་རིག་དང་སྐད་ཡིག་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ཨ་རིའི་ངོས་ནས་བོད་མིའི་རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ་སོགས་གསུངས་ཡོད།གཞི་རྩའི་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ལས་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་བོད་དོན་ཞུ་ཡིག་དེ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ Patrick Leahy ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ ༣༨ དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ Chris Smith ལགས་གཉིས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ ༢༧ བཅས་ནས་རྒྱབ་སྐྱོར་གནང་སྟེ་ཞུ་ཡིག་ཕུལ་བ་ཞིག་རེད།

ཀོ་ལོམ་བྷི་ཡར་བོད་ཀྱི་རིག་གཞུང་གཟའ་འཁོར་ཆེས་ཐོག་མ་གོ་སྒྲིག

ཨ་རིའི་ཀོ་ལོམ་བྷི་ཡའི་རྒྱལ་ས་བྷོ་གྷོ་ཊ་ Bogota ཁུལ་དུ་ Yamantaka Buddhist Center (FPMT) ཆོས་ཚོགས་ཀྱི་གོ་སྒྲིག་འོག་ཟླ་ ༡༢ ཚེས་ ༡༠ ནས་ ༡༧ བར་ Tibet Culture Week ཞེས་བོད་ཀྱི་རིག་གཞུང་གཟའ་འཁོར་གྱི་ལས་རིམ་ཞིག་དྲ་རྒྱ་བརྒྱུད་འཚོགས་བཞིན་འདུགTibet Culture Week དེ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༢ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་བོད་མིའི་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཨན་ཇ་ཚང་ལགས་ཀྱིས་བཟོ་སྐྲུན་ཞུས་པའི་ Little Tibet ཞེས་པ་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་འབྲེལ་དབུ་འཛུགས་གནང་འདུག དེ་རྗེས་ཕྱི་ཚེས་ ༡༡ ནས་གནངས་ཕྱི་ཚེས་ ༡༧ བར་འཛུལ་ཞུགས་པ་རྣམས་ལ་བོད་ཀྱི་སྐད་ཡིག་ཐད་ཟབ་ཁྲིད་དང་བོད་ཟས་མོག་མོག་བཟོ་སྟངས་སྐོར། དེ་བཞིན་ཕ་མ་དང་བུ་ཕྲུག་བར་འབྲེལ་བ་བཟང་པོ་ཉར་ཕྱོགས། སྒོམ་སྒྲུབ་སོགས་བོད་པའི་རིག་གཞུང་ཐོག་ངོ་སྤྲོད་དང་གོ་བསྡུར་གྱི་ལས་རིམ་ཁག་ཅིག་བང་སྒྲིག་འདུགགཏམ་བཤད་གནང་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་༸གོང་ས་མཆོག་གི་༸སྐུའི་སིཔེ་ནིཤ་གསུང་སྒྱུར་བ་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཨན་ཇ་ཚང་དང་ Yamantaka Buddhist Center ཆོས་ཚོགས་ཀྱི་དགེ་རྒན་དགེ་བཤེས་བློ་བཟང་ཀུན་མཁྱེན་ལགས་གཙོས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་རྣམས་གདན་ཞུ་གནང་འདུག གསར་འགོད་པས་ཆོས་ཚོགས་ཀྱི་དགེ་རྒན་དང་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་གཅིག་པོ་དགེ་བཤེས་བློ་བཟང་ཀུན་མཁྱེན་ལགས་སུ་བཀའ་འདྲི་ཞུས་པར་བོད་ཀྱི་རིག་གཞུང་གཟའ་འཁོར་དེ་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་གལ་ཆེར་ངོས་འཛིན་ཞུས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་ FPMT འམ་ FOUNDATION FOR THE PRESERVATION OF THE MAHAYANA TRADITION  ཞེས་ཆོས་ཚོགས་དེ་ཕྱི་ལོ་ ༡༩༧༥ ལོར་བླ་མ་ཐུབ་བསྟན་ཡེ་ཤེས་མཆོག་དང་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ཆེད་འཛུགས་གནང་བ་ཞིག་དང་། Yamantaka Buddhist Center དེ་ FPMT ཡི་ཆོས་ཚོགས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་རེད།  ཆོས་ཚོགས་དེར་སྒོམ་སྒྲུབ་དང་ནང་པའི་ལྟ་གྲུབ། བོད་བརྒྱུད་ནང་བསྟན་སོགས་སློབ་ཁྲིད་གནང་གི་ཡོད་པ་རེད།

རྒྱ་ནག་ལོ་གསུམ་རིང་བསྟུད་མར་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཁོངས་སུ་ཐེར་འདོན།

Committee to protect journalist འམ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོར་འདི་ལོ་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ཁྱོན་ ༢༩༣ ཙམ་ཞིག་གསར་འགོད་ཀྱི་ལས་རིགས་དང་འབྲེལ་བཙོན་འཇུག་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ་ཏེ་རྒྱ་ནག་དེ་བསྐྱར་དུ་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཆགས་ཡོད་པར་ཐེར་འདོན་གནང་འདུག ཉེ་ལམ་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་སྐུ་ Arlene Getz ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་སྙན་ཐོར་འདི་ལོ་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༩༣ ཙམ་ཞིག་འཛིན་བཟུང་བཙོན་འཇུག་བྱས་པ་དང་དེ་བཞིན་ཉུང་མཐར་གསར་འགོད་པ་ ༢༤ ཙམ་ཞིག་དམར་གསོད་བཏང་བ། གསར་འགོད་པ་ ༡༨ ཙམ་གནས་སྟངས་ཁ་གསལ་མེད་པའི་ཐོག་རྐྱེན་འདས་སུ་གྱུར་ཡོད་པ་མངོན་གསལ་གནང་འདུག དེའི་ཁྲོད་འདི་ལོར་རྒྱ་ནག་གཞུང་གིས་གསར་འགོད་པ་ ༥༠ འཛིན་བཟུང་བཙོན་འཇུག་གིས་རྒྱ་ནག་དེ་ལོ་གསུམ་རིང་བསྟུད་མར་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་མངོན་གསལ་གནང་འདུག་པ་མ་ཟད། གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ལྔ་པོ་ཁོངས་སུ་འབར་མ་དང་ཨི་ཇིཔཊ། ཝིཏི་ནམ། དེ་བཞིན་སྦེ་ལ་ར་ས་བཅས་ཡིན་པ་རེད། སྙན་ཐོ་ནང་རྒྱ་ནག་གིས་གསར་འགོད་པར་སྙིང་རྗེ་མེད་པར་བཙོན་འཇུག་བྱས་པ་ནི་གནད་དོན་གསར་པ་ཞིག་མིན་ནའང་ད་ལན་ཧོང་ཀོང་ནང་གསར་འགོད་པ་འཛིན་བཟུང་བྱས་པའི་གནད་དོན་བྱུང་བ་ནི་ཐོག་མ་ཆགས་པ་མ་ཟད་དོན་རྐྱེན་དེའང་རྒྱ་ནག་གིས་འདས་ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ལག་བསྟར་བྱས་པའི་གྲུབ་འབྲས་ཞིག་ཀྱང་ཡིན་པར་གསུངས་འདུག ལྷག་པར་དུ་ཧོང་ཀོང་ནང་ Apple Daily གསར་ཁང་ཆེད་འཛུགས་གནང་མཁན་སྐུ་ཞབས་ Jimmy Lai ལགས་གཙོས་གསར་འགོད་པ་བདུན་འཛིན་བཟུང་བཙོན་འཇུག་བྱས་པ་ལུང་འདྲེན་གནང་བ་དང་སྦྲགས། ཁག་ཅིག་མི་ཚེ་གང་པོར་བཙོན་ནང་ལྷག་སྲིད་ཀྱི་རེད་ཅེས་གསུངས་འདུག་ལ། ཕྱོགས་མཚུངས་རྒྱ་ནག་སྐམ་ས་ཆེན་པོར་དེ་སྔ་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཡ་ལན་སྤྲད་ཕྱོགས་དང་འབྲེལ་གནས་ཚུལ་འགོད་པར་འཛིན་བཟུང་བཙོན་འཇུག་བྱས་པའི་སྐོར་དང་། རང་དབང་ཅན་གྱི་གསར་ཁང་དང་འབྲེལ་བ་ཡོད་མཁན་ཚོར་རྒྱ་གཞུང་ནས་དམིགས་འབེན་བཟུང་གི་ཡོད་པ་སོགས་ཐེར་འདོན་གནང་ཡོད།ལྕམ་སྐུ་ Arlene Getz ལགས་ཀྱིས་གསར་འགོད་པ་ ༢༩༣ ཙམ་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་ད་བར་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༥༠ ལྷག་བསྟུད་མར་འཛིན་བཟུང་བྱས་པའི་ལོ་དྲུག་པ་དེ་ཆགས་ཀྱི་ཡོད་པ་དང་ལྷག་པར་གནད་དོན་དེ་དག་གིས་གཞུང་གོ་ངོས་ནས་རང་དབང་ཅན་གྱི་གསར་འགོད་ལ་བཟོད་མ་ཐུབ་པའི་རྣམ་པ་ཆེས་ཆེར་ཡོད་པ་གསལ་སྐོར་གསུངས་འདུག ཕྱོགས་མཚུངས་ཉེ་ལམ་ Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ The Great Leap Backwards of Journalism in China ཞེས་རྒྱ་ནག་ནང་གསར་འགོད་དང་གནས་ཚུལ་མཁོ་སྒྲབ་ཀྱི་རང་དབང་ལ་དྲག་གནོན་སོགས་བྱས་པའི་ཤོག་གྲངས་ ༤༢ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་། དེའི་ནང་ད་ལྟའི་ཆར་ཉུང་མཐར་གསར་འགོད་པ་ ༡༢༧ ཙམ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་ལྷག་པར་རྒྱ་གཞུང་གིས་གསར་འགོད་པ་ནི་སྲིད་གཞུང་གི་དྲིལ་བསྒྲགས་སྤེལ་མཁན་གྱི་ལག་ཆ་ལྟ་བུར་ངོས་འཛིན་གྱི་ཡོད་སྐོར་ཆེས་གསལ་གནང་འདུག  སྙན་ཐོ་ནང་རྒྱ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་ལ་ཁ་གཡར་ཏེ་ཡུ་གུར་གསར་འགོད་པ་ཉུང་མཐར་ ༧༡ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་སུ་གསར་འགོད་པ་ཕྱེད་ཀ་ལྷག་རྒྱ་ནག་ནང་བཀག་ཉར་བྱས་ཡོད་པ་མངོན་གསལ་གནང་འདུག  ཆབས་ཅིག་ཏུ་རྒྱ་གཞུང་གིས་བོད་དང་ཐེ་ཝན། ལྐོག་ཟ་རུལ་སུངས་བཅས་ཀྱི་གནད་དོན་སྐོར་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པར་དེང་སྐབས་རང་བྱུང་གོད་ཆག་དང་། #MeToo movement ཞེས་ཆགས་སྲེད་བརྙས་བཅོས་འགོག་ཐབས་ཀྱི་ལས་འགུལ་སྐོར། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་སྲིད་གཞུང་ནས་ཡ་ལན་བྱེད་ཕྱོགས་སྐོར་སོགས་གནད་དོན་མང་དག་ཅིག་གི་ཐོག་ལའང་གནས་ཚུལ་འགོད་པ་དང་ཕྱི་ཕྱོགས་ལ་བཤད་མཁན་ཚོར་བཀག་སྡོམ་དང་དམ་དྲག་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག ལྷག་པར་རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཡ་ལན་སྤྲད་ཕྱོགས་དང་འབྲེལ་ཕྱི་ལོ་ ༢༠༢༠ ལོར་གསར་འགོད་པ་དང་དྲ་རྒྱའི་ཐོག་དེ་འབྲེལ་བཀའ་མོལ་གནང་མཁན་མི་བཅུ་འཛིན་བཟུང་བྱས་པའི་སྐོར་དང་དེའི་ཁྲོད་རང་དབང་ཅན་གྱི་བརྙན་པར་གསར་འགོད་པ་ Zhang Zhan དང་ Fang Bin གཉིས་ད་དུང་ཡང་འཛིན་བཟུང་བཀག་ཉར་འོག་ཡོད་པར་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་སྙན་ཐོར་གསར་འགོད་པའི་ངོ་སྤྲོད་ལག་འཁྱེར་བསྐྱར་བཟོ་སླད་གསར་འགོད་པ་རྣམས་ཞི་ཅིན་ཕིང་གི་ལྟ་གྲུབ་སོགས་ཀྱི་ཐད་ཆུ་ཚོད་ ༩༠ འི་ལོ་འཁོར་སྦྱོང་བརྡར་བརྒྱུད་འགྲོ་དགོས་པ་དང་ལྷག་པར་ Study Xi, Strengthen the Country ཞེས་ཞི་ཅིན་ཕིང་གི་ལྟ་གྲུབ་དང་འབྲེལ་མཉེན་ཆས་ངེས་པར་དུ་ཕབ་ལེན་གནང་དགོས་པ་དང་མཉེན་ཆས་དེའི་བརྒྱུད་རྒྱ་གཞུང་གིས་སྒེར་གྱི་གནས་ཚུལ་རྣམས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོར་གསང་མྱུལ་དང་མཐོང་མཆན་མ་སྤྲད་པའི་འཇིགས་སྐུལ་བྱས་ཏེ་ཕྱི་ལོ་ ༢༠༢༠ ལོར་གསར་འགོད་པ་ ༡༨ རྒྱ་ནག་བཞག་ནས་འགྲོ་དགོས་པ་བྱུང་སྐོར་སོགས་གསལ་འདོན་གྱིས་རྒྱ་ནག་ནི་འདི་ལོའི་གསར་འགོད་རང་དབང་ཐད་རྒྱལ་ཁབ་ ༡༨༠ མིང་འདོན་གནང་བའི་ཁོངས་སུ་ཆེས་སྡུག་ཤོས་གཤམ་འོག་ནས་རྩིས་པའི་ཨང་རིམ་བཞི་པ་སྟེ་ ༡༧༧ གྲས་སུ་བཞག་འདུག རྩ་བའི་རྒྱ་ནག་ལྟ་བུ་ལོ་ལྟར་ཆེས་རང་དབང་མེད་པ་དང་གསར་འགོད་པར་དམ་དྲག་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་དང་བྱེད་བཞིན་ཡོད་པ་ནི་ཡོངས་གྲགས་ཤིག་ཆགས་ཡོད། ལྷག་པར་དུ་ཉེ་ལམ་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་  Foreign Correspondents’ Club of China ཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་རྩེད་འགྲན་སྐོར་གནས་ཚུལ་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་པ་དང་། རྩེད་འགྲན་དང་འབྲེལ་བའི་བྱེད་སྒོ་ཁག་ཕྱི་གསལ་ནང་གསལ་བཟོ་ཡི་མེད་པ་མ་ཟད་ཕྱིའི་བརྒྱུད་ལམ་ཁག་ནས་རྩེད་འགྲན་སྐོར་གནས་ཚུལ་སྤེལ་ཆོག་དང་མི་ཆོག་སྐོར་ད་བར་གསལ་པོ་བཟོ་མེད་པ་སོགས་ལ་སྐྱོན་བརྗོད་གནང་ཡོད། ཉེ་ལམ་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་པེ་ཅིང་གི་དགུན་དུས་ཨོ་རྩལ་དང་འབྲེལ་གནས་ཚུལ་སྤེལ་མཁན་གྱི་གསར་ཁང་དང་གསར་འགོད་པ་ཚོས་རྒྱ་གཞུང་གི་གསང་མྱུལ་དང་ལྟ་སྲུང་ལས་རང་ཉིད་སྐྱོབ་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

ད་ལྟ་སུད་སི་རྒྱལ་ས་སྦན་དུ་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་སུད་སིའི་གྲོས་ཚོགས་ཚོགས་ཁང་ཞིག་ཏུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་བོད་མིའི་སྐུ་ཚབ་རྣམས་ལྷན་འཛོམས་ཐོག་བོད་ནང་གི་གནས་སྟངས་དང་མ་འོངས་ལས་འཆར་སྐོར་བཀའ་བསྡུར་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Nicholas Walder ལགས་ཀྱིས་གཙོ་སྐྱོང་གནང་སྟེ་གྲོས་ཚོགས་འཐུས་མི་ Fabian Molina ལགས་དང། Maya Graf ལགས། དེ་བཞིན་ Preliez-Huber ལགས་བཅས་ཀྱིས་དབུས་པའི་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་དོན་ཁང་གི་འབྲེལ་ཡོད་ལས་བྱེད། སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མི་ཚོགས་གཙོ། སུད་བོད་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་ལྷན་འཛོམས་གནང་འདུག ཚོགས་འདུ་ཐོག་གཙོ་བོ་ཉེ་བའི་ཆར་བོད་ནང་རྒྱ་ནག་གཞུང་གི་ངོས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་བོད་མིའི་སྐད་ཡིག་དང་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་དང་དང་སུད་སི་གཞུང་ནས་ཨ་རིས་གཙོས་པའི་རྒྱལ་ཁབ་གཞན་ཁག་དང་གཅིག་མཚུངས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ཐོག་གཞུང་འབྲེལ་དཔོན་རིགས་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་ཡོང་བའི་གནད་དོན་བཅས་གྲོས་ཚོགས་སུ་གླེང་སློང་གནང་བའི་ཞུ་འབོད་གནང་འདུག་པར་མ་ཟད། ད་ལྟའི་ཆར་སུད་སི་ནང་ཡིག་ཆ་མེད་པའི་བོད་མི་སྐྱབས་བཅོལ་བའི་ངལ་འཕྲད་དེ་སེལ་ཐབས་གནང་གལ་ཡིན་པ་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད། སུད་སི་སྐུ་ཚབ་དོན་གཅོད་འཆིེ་མེད་རིག་འཛིན་ལགས་ཀྱིས་ཁ་ཉིན་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་གྲོས་ཚོགས་འཐུས་མི་ཚོ་དང་ལྷན་དུ་ཉེ་ཆར་བོད་ནང་རྒྱ་ནག་གཞུང་གི་ངོས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་བོད་མིའི་སྐད་ཡིག་དང་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐོག་བཀའ་བསྡུར་དང་དེ་དོན་གྲོས་ཚོགས་སུ་གླེང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་ཁ་སང་སུད་སི་གྲོས་ཚོགས་སུ་གོང་གསལ་གནད་དོན་ཐད་ལ་བགྲོ་གླེང་བྱུང་ཡོད་པར་འགྲེལ་བརྗོད་གནང་སོང་།སྤྱིར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ལོ་ལྟར་ལོ་གཅིག་ནང་སུད་སི་དབུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམ་པ་དང་དང་བོད་མིའི་སྐུ་ཚབ་བཅས་ལྷན་འཛོམས་ཀྱི་ཐོག་ནས་ཚོགས་འདུ་ཐེངས་གཉིས་ཚོགས་སྲོལ་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༡ ལོའི་ལྷན་འཛོམས་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་ད་ཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་སུད་སི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་གྲངས་ ༢༥ ཙམ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཕྱི་ཚེས་ ༧ ཉིན་གྲོས་ཚོགས་འཐུས་མི་རྣམ་པའི་ཚོགས་འདུ་གྲུབ་འཚམས་སུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པས་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་ས་གནས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་རིང་མིན་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་དཔོན་རིགས་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཡང་བསྟན་འདུག

ཨོ་གླིང་དང་སི་ཁོཊ་ལན་ཌི་གཉིས་ཀྱིས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ལ་ཕྱི་འབྲེལ་མི་སྣ་གཏང་རྒྱུ་ཕྱིར་འཐེན།

ཉེ་ལམ་ཨ་རིའི་གཞུང་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་བྱེད་ཕྱོགས་ཁག་ལུང་འདྲེན་གྱིས་འཚོགས་ལ་ཉེ་བའི་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་སྐབས་ཨ་རིའི་ཕྱི་འབྲེལ་མི་སྣ་གགཏོང་རྒྱུམེད་པ་ཡོངས་གྲགས་གནང་བ་དང་། རྒྱ་ནག་གཞུང་ནས་དེར་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་ད་ཆ་ཨོ་གླིང་དང་དབྱིན་ཡུལ་ཁྱབ་ཁོངས་སུ་གཏོགས་པའི་སི་ཁོཊ་ལན་ཌི་གཞུང་ནས་ཀྱང་རྒྱ་ནག་གིས་བོད་མི་གཙོས་ཡུ་གུར་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྕིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་པ་དང་སྦྲགས། པེ་ཅིན་གྱི་དགུན་དུས་ཨོ་རྩལ་སྐབས་དེ་གའི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པར་གསུངས་འདུག དེ་རིང་ The Scotsman གསར་ཁང་གིས་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། སི་ཁོཊ་ལན་ཌི་ཡི་རྩེད་རིགས་བློན་ཆེན་ Maree Todd ལགས་ཀྱིས་ཁུལ་དེའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ Ross Greer ལགས་ཀྱིས་ཡིག་ཐོག་ནས་ཕུལ་བའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། སི་ཁོཊ་ལན་ཌི་གཞུང་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ཤིན་ཅང་ནང་གི་ཁ་ཆེ་མི་རིགས་གཞན་གཙོས་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་ཆེས་ཐུགས་འཚབ་ཡོད་པ་དང་སྦྲགས། སི་ཁོཊ་ལན་ཌི་གཞུང་དང་བློན་ཆེན་རྣམས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ལ་ཚོགས་ཞུགས་གནང་རྒྱུའི་འཆར་གཞི་མེད་ཅེས་གསུངས་འདུག སྐུ་ཞབས་ Ross Greer ལགས་ཀྱིས་ད་ལན་སི་ཁོཊ་ལན་ཌི་ཡིས་ཐག་གཅོད་དེ་ཡིས་རྒྱ་ནག་ལ་རྒྱ་གཞུང་ནས་བོད་མི་གཙོས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱེད་ཕྱོགས་ལ་ཁ་ཁུ་སིམ་མེར་བཞུགས་རྒྱུ་མིན་པའི་བརྡ་ལན་གསལ་པོ་སྤྲོད་ཐུབ་ཡོད་པ་གསུངས་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ Mercedes Villalba ལགས་ཀྱིས་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་ནང་ཚོགས་ཞུགས་བྱས་པ་དེས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་པ་་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྤྱིར་མི་ཚང་མར་བཙན་དབང་གི་ཉེས་ཆད་ཀྱི་ཞེད་སྣང་མེད་པའི་ཐོག་བསམ་བརྗོད་ཀྱི་རང་དབང་དགོས་ཀྱང་། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་གཙོས་གཞན་མི་རིགས་ཚོར་དེ་འབྲེལ་གྱི་རང་དབང་མེད་སྟབས། ང་ཚོས་གཞུང་ནས་པེ་ཅིན་གྱི་ཨོ་རྩལ་ལྟ་བུར་ཚོགས་ཞུགས་བྱེད་རྒྱུ་མེད་པ་དེ་ཧ་ཅང་གལ་ཆེན་ཆགས་ཡོད་ཅེས་གགསུངས་འདུག གཞི་རྩའི་ཉེ་ལམ་ཨ་རིའི་གཞུང་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་བྱེད་ཕྱོགས་ཁག་ལུང་འདྲེན་གྱིས་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་སྐབས་ཨ་རིའི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མེད་པ་ཡོངས་གྲགས་གནང་ཡོད་པ་དང་། དེར་རྒྱ་ནག་གཞུང་གི་ཨ་རིའི་ཐག་གཅོད་ལ་འཁོན་ལན་ལོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་གཞུང་གིས་ཉེན་བརྡ་ལ་ལྟོས་མེད་དེ་རིང་ཨོ་སི་ཀྲོ་ལི་ཡ་སྲིད་བློན་ Scott Morrison མཆོག་ནས་ཀྱང་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་སྐབས་དེ་གའི་རྩེད་འགྲན་པ་མ་གཏོགས་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མེད་པ་གསལ་བསྒྲགས་གནང་འདུག སྲིད་བློན་ Morrison མཆོག་གིས་པེ་ཅིན་གྱི་ཨོ་རྕལ་འགྲན་ཚོགས་སུ་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་དེ་བཞིན་ཨོ་གླིང་ནས་རྒྱ་ནག་གཞུང་དང་ལྷན་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐད་གོ་བསྡུར་གནང་མ་ཐུབ་པ་དང་ཆབས་ཅིག ཚོང་འབྲེལ་ཐད་རྒྱ་གཞུང་གིས་ཨོ་གླིང་གི་ཚོང་ཟོག་རྣམས་རྒྱ་ནག་ནང་བཀག་སྡོམ་བྱས་པའི་རྐྱེན་གྱིས་དེ་ལྟར་གནང་བ་འགྲེལ་བརྗོད་གནང་འདུག གཞི་རྩའི་ཨོ་གླིང་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ 5G དྲྭ་རྒྱའི་ཚོང་ལས་ཐད་རྒྱ་ནག་གི་འཕྲུལ་ལས་ཚོང་གཉེར་ཁང་ Huawei བཀག་སྡོམ་བྱས་པ་མ་ཟད། དེའི་རྗེས་ཏོག་དབྱིབས་གཉན་རིམས་ ༡༩ བའི་བྱུང་རྐྱེན་རྒྱ་ནག་ནས་ཡིན་མིན་རྩད་ཞིབ་བྱེད་དགོས་པའི་ཐད་ཞུ་སྐུལ་གནང་ཡོད་པ་རེད། ཨོ་གླིང་གི་གནང་ཕྱོགས་དེར་རྒྱ་གཞུང་ནས་འཁོན་ལན་ཚུལ་དུ་ཨོ་གླིང་ནས་བྱུང་བའི་དངོས་ཟོག་རྡོ་སོལ་དང་། གླང་ཤ། དེ་བཞིན་ནས་དང་རྒུན་ཆང་སོགས་བཀག་སྡོམ་བྱས་ཡོད་པ་རེད། གནད་དོན་དེའི་རྐྱེན་གྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་ ལྷག་པར་ད་རེས་ཨོ་གླིང་གིས་པེ་ཅིན་ཨོ་རྩལ་འགྲན་ཚོགས་སྐབས་དེ་གའི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་དེས་སྔར་ཇེ་སྡུག་ཏུ་ཕྱིན་པའི་འབྲེལ་ལམ་དེ་ཛ་དྲག་ཏུ་འགྲོ་ངེས་ཡིན་པའི་ཉེན་འཚབ་ཡོད་པ་འཁོད་འདུག ཨོ་གླིང་གིས་ཨོ་རྩལ་འགྲན་ཚོགས་ཀྱིས་ད་ལན་གཞུང་ནས་པེ་ཅིན་གྱི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མེད་པའི་ཐག་གཅོད་དེས་པེ་ཅིན་གྱི་ཨོ་རྩེད་ནང་མཉམ་ཞུགས་གནང་མཁན་གྱི་ཨོ་གླིང་གི་རྩེད་འགྲན་པ་ཚོར་ཤུགས་རྐྱེན་གང་ཡང་ཡོང་གི་མ་རེད་ཅེས་གསུངས་འདུག ཨོ་གླིང་གི་ཐག་གཅོད་དེར་ཨོ་གླིང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་དགའ་བསུ་ཞུས་པ་དང་སྦྲགས། ད་ལན་སྲིད་བློན་མཆོག་གིས་ཐག་གཅོད་དེས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཚོར་གདུང་སེམས་མཉམ་སྐྱེད་གནང་བ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་ནས་ཀྱང་བློ་སྤོབས་ལྡན་པའི་ཐོག་ནས་དེ་ལྟར་གནང་དགོས་པའི་དཔེ་མཚོན་བསྟན་ཡོད་པས། རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ལ་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་པེ་ཅིང་གི་དགུན་དུས་ཨོ་རྩལ་གྱི་མཛད་སྒོར་ཞུགས་རྒྱུ་མིན་པར་བསྒྲགས་པ།

ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེར་བཏང་དང་གཏོང་བཞིན་པའི་གནས་སྟངས་འོག་ཨ་རི་སྲིད་གཞུང་ངོས་ནས་པེ་ཅིང་དུ་འཚོགས་རྒྱུའི་སང་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་དུ་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་སྐོར་གསལ་བསྒྲགས་སྤེལ་འདུག ཨ་རིའི་སྲིད་འཛིན་བྷ་ཊན Joe Biden མཆོག་གི་སྣེ་ཁྲིད་གནང་བའི་ཨ་རིའི་མང་གཙོ་ཚོགས་པ་དང་ཕྱོགས་འགལ་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་སོགས་ནས་སྲིད་འཛིན་བྷ་ཊན Biden མཆོག་ལ་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་མི་སྣ་ཆེད་གཏོང་མི་གནང་བར་ཕྱི་འབྲེལ་གྱི་ཐོག་ནས་ངོ་རྒོལ་གནང་དགོས་པའི་གནོན་ཤུགས་ཤུགས་ཆེར་སྤྲད་ཡོད་པའི་ཁྲོད་འདིར་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལྕམ་ Jen Psaki ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་གནང་སྟེ་ད་ལན་སྲིད་འཛིན་བྷ་ཊན་གྱི་གཞུང་འཛིན་ལྷན་ཁང་ནས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེའི་དབུ་འབྱེད་དང་མཇུག་སྡོམ་གྱི་མཛད་སྒོ་སོགས་ཀྱི་ཐོག་ཏུ་ཨ་རིའི་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་དང་འབྲེལ་ཐག་གཅོད་དེ་ནི་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེར་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་ཆེད་དུ་ཡིན་པ་གསུངས་འདུག ལྕམ་སྐུ་མཆོག་གིས་ཐེངས་འདིར་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གཞུང་འབྲེལ་མི་སྣ་ཆེད་གཏོང་གནང་རྒྱུ་མིན་ནའང་། ཨ་རིའི་རྩེད་འགྲན་པ་ཚོ་རྩེད་འགྲན་ཁག་ནང་མཉམ་ཞུགས་གནང་རྒྱུ་དང་ཁོང་རྣམ་པར་ཨ་རིའི་གཞུང་གིས་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་གསུངས་འདུག ད་རེས་སྲིད་འཛིན་ Biden གི་གཞུང་འཛིན་ལྷན་ཁང་གིས་གོང་ཞུས་ཐག་གཅོད་དེ་གསལ་བསྒྲགས་གནང་འཕྲལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་ཞུགས་རྒྱུ་མིན་པ་དེ་ནི་བཟང་སྤྱོད་དང་ཐབས་བྱུས་གཉིས་ཀ་ལྡན་པའི་ཐག་གཅོད་ཡང་དག་པ་ཞིག་ཡིན་སྟབས་དེ་ལྟའི་བུའི་བྱ་སྤྱོད་སྤེལ་རྒྱུ་དེས་ཨ་རིའི་ངོས་ནས་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་གཙོས་ཡུ་གུར་ཁ་ཆེ་དང་ནང་སོག དེ་བཞིན་ཧོང་ཀོང་བ་སོགས་ལ་རྒྱབ་སྐྱོར་གྱིས་བརྡ་ལན་གལ་འགངས་ཆེ་བ་ཞིག་སྤྲད་པ་དང་མཉམ་དུ་ལོ་རྒྱུས་ཀྱི་དྲང་བདེན་ཕྱོགས་སུ་རང་སོར་གནས་པ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་ཏེ་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་ཨ་རིའི་རྗེས་སུ་འབྲང་དགོས་པ་དང་དེ་བཞིན་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ངོས་ནས་རྒྱ་ནག་ལ་དེ་འབྲེལ་རྩེད་འགྲན་གོ་སྒྲིག་བྱེད་བཅུག་པར་འགན་ལེན་ཁུར་དགོས་པའི་ནན་བརྗོད་གནང་འདུག ལྷག་དོན་ཨ་རིའི་གཞུང་གིས་༢༠༢༢ ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སུ་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་གསལ་བསྒྲགས་ཐོག་ཏུ་ཨ་རིའི་གཞུང་གིས་བོད་དོན་ཁྲིམས་འཆར་གྱི་འབྲུ་དོན་བཞིན་ནུས་པ་ལྡན་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་དགོས་པའི་སྐུལ་མ་གནང་བ་བརྒྱུད་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་གསུངས་འདུག དེ་དང་ཆབས་ཅིག་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཨ་རིའི་སྲིད་འཛིན་ Joe Biden གཞུང་འཛིན་ལྷན་ཁང་གི་ཐག་གཅོད་ལ་དགའ་བསུའི་འཚམས་འདྲི་གནང་པ་དང་འབྲེལ་ནས་དབྱིན་ཡུལ་གཞུང་ངོས་ནས་ཀྱང་གང་མགྱོགས་ཡུལ་དེའི་གཞུང་འབྲེལ་མི་སྣ་ཚོ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་རྒྱུ་མིན་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། རྩ་བའི་ཁ་སང་ཨ་རིའི་ངོས་ནས་ཐག་གཅོད་དེ་གསལ་བསྒྲགས་མ་གནང་བའི་གོང་དུ་གནད་དོན་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིས་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་བཀག་སྡོམ་གྱི་འབོད་སྒྲ་དེ་ནི་རྒྱལ་སྤྱིའི་ཨོ་རྩལ་གྱི་སྙིང་སྟོབས་ལ་འགྲེལ་བརྗོད་ལོག་པ་དང་ཆབ་སྲིད་ཀྱི་རྣམ་པར་འགྱུར་སྟོན་ཐབས་བྱས་པ་མ་ཟད། རྒྱ་རིགས་མང་ཚོགས་ལ་ཕོག་ཐུག་གཏོང་གི་ཡོད་ལུགས་བརྗོད་ནས་གལ་སྲིད་ཨ་རིའི་གཞུང་གིས་ཤེས་བཞིན་ཏུ་དེ་ལྟར་ཁྱད་གསོད་ཀྱིས་ལམ་ཁར་མུ་མཐུད་བསྐྱོད་ཚེ་རྒྱ་ནག་གཞུང་གིས་བློ་ཐག་ཆོད་པོས་རྒོལ་ལན་སློག་རྒྱུ་ཡིན་པ་བརྗོད་འདུག

རྒྱལ་ཚོགས་ཀྱི་ཚོགས་འདུ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སེང་།

ཇི་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག་བཅས་པ་རྩ་མེད་བཟོས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་ཛ་དྲག་གནས་སྟངས་ཁག་སྙན་སེང་ཞུས་འདུག ཟླ་བ་འདིའི་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཙོ་འགན་བཞེས་ཐོག་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ དེ་དེང་སྐབས་འཛམ་གླིང་ནང་གི་གྲངས་ཉུང་མི་རིགས་ཁག་གི་ཁྲོད་འཕྲད་བཞིན་པའི་གཞི་རྩའི་རྩོད་རྙོག་གི་བྱུང་རྐྱེན་དང་དེ་དག་ཁྲིམས་སྒྲིག་གི་སྒྲོམ་གཞིའི་འོག་ནས་སྔོན་འགོག་བྱེད་སྟངས་དང་གྲངས་ཉུང་མི་རིགས་ཁག་གི་རང་དབང་སྲུང་སྐྱོབ་དང་གོང་འཕེལ་བཅས་ཀྱི་གཙོ་གནད་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vicnet metten ལགས་ཀྱིས་ཚོགས་འདུ་ཐོག་འདས་པའི་ལོ་བདུན་ཅུ་ལྷག་གི་ནང་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང། སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་ལེགས་བྱང་གི་རང་དབང་བཅས་རྡོག་རོལ་བཏང་ཡོད་པར་མ་ཟད་ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་བོད་ནང་བོད་མིའི་ཐོག་ལྟ་སྲུང་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནད་དོན་དེས་བོད་ཡུལ་རྒྱ་ཡུལ་ལྟ་བུར་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཁག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་རྡོག་རོལ་བཏང་བའི་ཁར་རྩོད་རྙོག་ཆེ་རུ་གཏོང་བཞིན་པར་རྟེན་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་ཚོས་ཞི་བའི་ངང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད། ཁོང་གིས་ད་དུང་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་མཚམས་འཇོག་ནས་བོད་བརྒྱུད་ནང་བསྟན་ལམ་ལུགས་གཞིར་བཞག་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བོད་མིའི་རང་དབང་ལ་གུས་བརྩི་བྱེད་དགོས་པ་དང། བོད་རྒྱ་གཉིས་དབར་དཀའ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་མིའི་སྐུ་ཚབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་གྲོས་མོལ་བྱེད་དགོས་པ་དང། དེ་བཞིན་དེ་སྔ་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་སྡེ་ཁག་ ༥༠ ཡིས་ཆེད་བཏོན་གནང་བའི་བསམ་འཆར་གཞིར་བཞག་རྒྱ་ནག་གཙོས་བོད་དང་ཤར་ཏུ་ཀི་སི་ཐན། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་་ཐོག་རྟོག་ཞིབ་ཆེད་རྒྱལ་ཚོགས་ནས་རང་དབང་ཅན་གྱི་དམིགས་བསལ་ཚོགས་ཆུང་ཆེད་འཛུགས་དགོས་པ་བཅས་རེ་འདུན་ཆེད་བཏོན་གནང་འདུག ཕྱོགས་མཚུངས་སུ་ཚོགས་འདུ་ཐོག་ཇི་ནི་ཝ་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ནས་ Society for Threatened People གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཟུང་བྱེད་བཞིན་པའི་ད་ཡོད་སྤྱི་ཚོགས་སྒྲོམ་གཞི་དང་རྒྱ་རིགས་མི་འབོར་འཕེལ་རྒྱས་འཕོ་འགྱུར་ཁྲོད་བོད་མི་ཚོར་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་ཐོག་སློབ་གཉེར་བྱ་རྒྱུ་གོ་སྐབས་མེད་པ་བཟོ་བཞིན་པ་དང་། སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་ཁག་གི་ནང་ལ་ས་གནས་བོད་མི་དང་མཐོ་སློབ་ཐོན་མཁན་བོད་རིགས་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མེད་པ་སོགས། རྒྱ་གཞུང་གིས་མངོན་གསལ་མེད་པར་བོད་མིའི་ངོ་བོ་རྩ་མེད་གཏང་རྒྱུའི་སྲིད་བྱུས་ལ་བརྟེན་ནས་ད་བར་བོད་ནང་བོད་མི་ ༡༥༥ ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག ཁོང་གིས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ལ་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་མིའི་ངོ་བོ་རྩ་མེད་དུ་བཟོ་རྒྱུའི་ཉན་ཚབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྟབས་རྒྱལ་ཚོགས་ཀྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་རེ་འདུན་ཞུས་པ་དང་ཆབས་ཅིག ཐེངས་དེའི་གྲངས་ཉུང་མི་རིགས་ཀྱི་ཚོགས་འདུ་བརྒྱུད་བོད་ནང་བོད་མིའི་དཀའ་ངལ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་ནང་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག དེ་བཞིན་ལོ་རྒྱུས་ཐོག་གུས་བརྩི་ཞུ་དགོས་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མིའི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་འབྲེལ་མོལ་ཞུ་དགོས་པར་བསྐྱར་ནན་གནང་ཡོད།

ནི་ཐར་ལན་ཌིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་འཆར་གཉིས་གཏན་འབེབས། 

ཁ་ཉིན་ཚེས་ ༣༠ ཉིན། ཡུ་རོབ་ཀྱི་ནི་ཐར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་དུ་ཐེ་ཝན་དང་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཉིས་མང་མོས་ཀྱིས་གཏན་འབེབས་བྱས་ཏེ་རྒྱ་ནག་ནག་ལ་ཁ་གཏད་གཅོག་རྒྱུར་གྲོས་འཆམ་བྱུང་འདུག གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ནི་ཐར་ལན་ཌིའི་གྲོས་ཚོགས་ཀྱི་ནང་དུ། གྲོས་ཚོགས་ཀྱི་འཐུས་མི་ Raymond de Roon ལགས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ད་ལྟའི་ཆར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་དངངས་འཚབ་ཀྱི་ཁྲོད་གནས་བཞིན་པའི་སྐབས་འདིར། ནི་ཐར་ལན་ཌིའི་སྲིད་གཞུང་གིས་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ཐེ་ཝན་ལ་མངོན་སུམ་གྱིས་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་ཆོད་ཅིག་རྒྱབ་སྐྱོར་བ་ ༡༢༠ དང་ཁ་གཏད་པ་ ༣༠ ཐོག་ནས་མང་མོས་ཀྱིས་གཏན་འབེབས་གནང་འདུགདེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Ruben Brekelmans དང་ Agnes Mulderལགས་གཉིས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ལི་ཐོ་ནི་ཡའི་རྒྱལ་ནང་དུ་ཐེ་ཝན་གྱི་གཞུང་ཚབ་ཁང་ཞིག་བཙུགས་རྗེས་རྒྱ་ནག་གིས་རྒྱལ་ཁབ་དེར་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་བཞིན་པའི་ཁྲོད། ནི་ཐར་ལན་ཌིའི་སྲིད་གཞུང་གི་ངོས་ནས་རྒྱལ་ཁབ་དེར་རྒྱབ་སྐྱོར་དང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པའི་གྲོས་གཞི་ཞིག་གྲོས་ཚོགས་འཐུས་མི་ ༡༧༧ གྱིས་རྒྱབ་སྐྱོར་དང་འཐུས་མི་ ༣༣ གྱིས་དགག་གཞག་བྱས་ཏེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་འདུགསྤྱིར་ནེ་ཐར་ལན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས Ben Knapen ལགས་ཀྱིས་དེ་སྔོན་ནེ་ཐར་ལན་ཌིའི་ངོས་ནས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ཛ་དྲག་གི་འབྲེལ་ལམ་དེ་ཚད་དམའ་རུ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིར་གྲོས་ཚོགས་ནང་དུ་ཡུ་རོབ་རྒྱལ་མཐུན་ཚོགས་ཀྱིས་དེ་སྔོན་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ལངས་ཕྱོགས་གསལ་བོར་བཟོས་ཟིན་པར་བརྟེན། ཐེངས་འདིའི་ནི་ཐར་ལན་ཌིའི གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་དེ་མངོན་གསལ་བཟོས་ཡོད་པར་བསྒྲགས་འདུགནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱས་མ་ཐག   ཁུལ་དེར་རྟེན་གཞི་བྱས་པའི་ཐེ་ཝན་གྱི་ཆེས་མཐོ་གཞུང་ཚབ་པ་སྐུ་ཞབས Chen Hsin-hsin ལགས་ཀྱིས་ཐེ་ཝན་མི་མང་གི་ཚབ་བྱས་ཏེ་ནི་ཐར་ལན་ཌིའི་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐེངས་འདིར་ཐེ་ཝན་དང་འབྲེལ་བའི་གྲོས་ཆོད་གཉིས་གཏན་འབེབས་བྱས་པ་དེ་ཡིས་ནི་ཐར་ལན་ཌིའི་སྲིད་གཞུང་ལ་ཚད་མཐོ་བའི་རྒྱབ་སྐྱོར་ཡོད་པ་མཚོན་ཡོད་པར་མངོན་གསལ་གནང་བ་བརྒྱུད་ནས། གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་དག་གིས་ཀྱང་ཐེ་ཝན་གྱི་བདེ་འཇགས་དང་ཞི་བདེ་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་སྐུལ་གནང་འདུགགཞི་རྩའི་བདུན་ཕྲག་གཅིག་གི་སྔོན་དུ། ནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་སྐུ་ཚབ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་ཞུགས་རྒྱུར་རྒྱབ་སྐྱོར་ཀྱི་གྲོས་ཆོད་བཞག་ཡོད་པ་དང་ཁ་སང་སྔར་བཞིན་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་ཆོད་གཉིས་བཞག་ཡོད་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་མཚོ་འགག་ནས་འཇིགས་སྐུལ་རིམ་པ་བྱེད་བཞིན་པའི་དུས་སྐབས་འདིར། བདུན་ཕྲག་སྔོན་མའི་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་ལྕམ Chiu Kuo-chengལགས་སུ་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མངོན་འདོད་ལ་གྲོས་བསྡུར་བྱས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མར་ Magnitsky ལྟ་བུའི་ཁྲིམས་གཞི་གསར་པ་སྤྱི་མོས་གཏན་འབེབས།

འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ལ་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne ལགས་ཀྱིས་ སྲིད་བློན་སྐུ་ཞབས་ Scott Morrison ལགས་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གི་ངོས་ནས་དེ་སྔ་ཨ་རི་གཞུང་གིས་གཏན་འབེབས་བྱས་པའི་ Magnitsky Act ཞེས་པའི་རྒྱལ་སྤྱིའི་ཁྲིམས་ལྟ་བུ་ཞིག་གཏན་འབེབས་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད་པ་དང་། ཁ་སང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མར་སྤྱི་མོས་ཐོག་ནས་ Magnitsky ལྟ་བུའི་ཁྲིམས་གཞི་དེ་གསར་དུ་གཏན་འབེབས་གནང་འདུགདེ་རིང་ཨོ་སི་ཊོ་ལི་ཡའི་ ABC གསར་ཁང་དང་ Sydney སྔ་དྲོའི་ཚགས་ཤོག་སོགས་ཀྱི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཉིན་རྒྱབ་ཡུལ་དེའི་གྲོས་ཚོགས་མའི་ནང་ལ་ཨ་སི་ཊོ་ལི་ཡའི་གནས་བབ་དང་འཚམས་པའི་ Magnitsky Act ཞེས་པའི་ཁྲིམས་འཆར་དེ་སྤྱི་མོས་གཏན་འབེབས་གནང་སྟེ་དེ་རིང་ཡུལ་དེའི་གྲོས་ཚོགས་འོག་མར་མཐའ་མའི་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་རྒྱུ་ཡིན་པ་བཀོད་འདུག གལ་སྲིད་ཁྲིམས་འཆར་དེ་ཕྱོགས་ཡོངས་ནས་གཏན་འབེབས་ལེགས་གྲུབ་བྱུང་ཚེ་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གི་ངོས་ནས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་མཁན་རྒྱ་ནག་གི་འགོ་ཁྲིད་ཁག་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཨོ་སི་ཊོ་ལི་ཡའི་བདེ་འཛགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་མི་བྱེད་མཁན་དང་རུལ་སུངས་བྱས་པའི་གནས་ཚུལ་ཡོད་མཁན་རུ་སུའི་སྲིད་འཛིན་ Vladimir Putin གཙོས་འབྲེལ་ཡོད་རྒྱལ་སྤྱིའི་མི་སྣ་སུ་འདྲ་ཞིག་ཡིན་ཀྱང་ཨོ་སི་ཊོ་ལི་ཡར་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་དང་ཨོ་སི་ཊོ་ལི་ཡར་ཡོད་པའི་མི་སྣ་དེ་དག་གི་དཔལ་འབྱོར་དང་ཚོང་ལས་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུ་ཡིན་པ་གསལ་འདུག དེ་བཞིན་ཨོ་སི་ཀྲོ་ལི་ཡའི་ Magnitsky Act ལྟ་བུའི་ཁྲིམས་དེའི་ནང་ལ་དུས་ཀྱི་དགོས་མཁོ་དང་སྟུན། ཕྱི་ནང་གི་མི་སྣ་སུ་འདྲ་ཞིག་ནས་དྲ་རྒྱའི་བརྒྱུད་ལམ་ཁག་བེད་སྤྱོད་ལོགས་པར་སྤྱོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་ལྷིང་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་བ་ར་འཕྲོད་བྱུང་ཚེ། ཁྲིམས་འཆར་དེའི་ནང་འཁོད་པའི་བཀག་སྡོམ་སོགས་ཀྱི་ཉེ་ཆད་ཁག་བསྐལ་རྒྱུ་ཡིན་པ་ཡང་གསལ་ཡོད་པ་རེད་འདུགད་རེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མས་ Magnitsky Act ལྟ་བུའི་ཁྲིམས་འཆར་དེ་གཏན་འབེབས་གནང་མ་ཐག་དེ་སྔ་ཨ་རི་ནང་ལ་ Magnitsky Act ཞེས་པ་དེ་གཏན་འབེབས་གནང་དགོས་པའི་ཞུ་སྐུལ་གནང་མཁན་ཆབ་སྲིད་ལས་འགུལ་བ་སྐུ་ཞབས་ Bill Browder ལགས་ཀྱིས་དགའ་བསུ་གནང་བ་དང་སྦྲགས། ཁྲིམས་འཆར་དེས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏང་མཁན་རྣམས་རང་དབང་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲོ་སྐྱོད་བྱ་རྒྱུ་དང་ལྷག་པར་དུ་དཔལ་འབྱོར་གྱི་ཁེ་ཕན་སྣ་ཚོགས་སྒྲུབ་བཞིན་པའི་ལས་དོན་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པར་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨོ་སི་ཊོ་ལི་ཡའི་སྡེ་ཚན་གྱི་འགན་འཛིན་ Elaine Pearson ལགས་ནས་ཁྲིམས་འཆར་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་འགན་ཁུར་བཞེས་དགོས་པའི་བརྡ་ལན་ཞིག་ཡིན་པར་མ་ཟད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེན་པོ་ཡིན་པའི་རྣམ་པ་གསལ་པོ་བསྟན་ཐུབ་ཡོད་ཅེས་གསུངས་ཡོད།གྲོས་ཚོགས་འཐུས་མི་ James Paterson ལགས་ཀྱིས་ཁྲིམས་འཆར་གསར་པ་དེའི་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁོ་ན་ཙམ་མིན་པར་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་ཁག་ཁ་གསལ་བཀོད་ཐུབ་པ་དེ་ནི་སྤོབས་པ་བྱ་འོས་པ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ Magnitsky Act ཞེས་པའི་ཁྲིམས་འཆར་དེ་དེ་སྔ་ཨུ་རུ་སུའི་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐེར་འདོན་གནང་མཁན་ཡུལ་དེའི་ཁྲལ་བསྡུའི་སློབ་སྟོན་པ་ Sergei Magnitsky ལགས་ཕྱི་ལོ་ ༢༠༠༩ ལོར་ཨུ་རུ་སུའི་བཙོན་ཁང་ཞིག་གི་ནང་དུ་སྐུ་གྲོངས་པའི་དོན་རྐྱེན་ལ་དྲན་གསོ་མཚོན་ཆེད་དུ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Obama མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་ཨ་རི་ནང་དུ་ Magnitsky Act ཞེས་པ་ཞིག་གཏན་འབེབས་ཐོག་ཨུ་རུ་སུས་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་མཁན་དཔོན་རིགས་ཚོར་ཉེས་ཆད་གཏོང་བཞིན་ཡོད་པ་དང་། རིམ་བཞིན་ཁེ་ན་ཌ་དང་དབྱིན་ཡུལ། ཨིས་ཊོ་ནིཡ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ཀྱིས་དེ་མཚུངས་ཁྲིམས་འཆར་གཏན་འབེབས་ཐོག་ནས་ཕྱག་བསྟར་གནང་མུས་ཡིན་པ་རེད།

Latest news