Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

དོན་གྲུབ་དབང་ཆེན་ལགས་ཀྱིས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ།

ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་ཡོ་རོབ་རྒྱལ་ཁབ་ ༡༤ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་གནང་མཁན་གྱི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་གི་བོད་དོན་ཞུ་གཏུག་སྐོར་སྐྱོད་ལེགས་གྲུབ་ཟིན་ནས་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་ནང་བདེ་འབྱོར་གྱིས་ཕྱི་ཚེས་ ༢༥ ཉིན་ཁོང་ནས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་འདུག སྐབས་དེར་ཁོང་ནས་གྲོས་ཚོགས་འཐུས་མི་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་ནང་གི་གནས་སྟངས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ཞིག་མ་ཡིན་པར་རྒྱ་ནག་གཞུང་མི་རིགས་རྩ་མེད་བཟོ་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ཡོད་པ་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད། སྐབས་དེར་ཉན་ཞིབ་སྐབས་སུ་སྐད་སྒྱུར་གནང་མཁན་དང་ཐེངས་འདིའི་ས་གནས་སུ་ལས་རིམ་གོ་སྒྲིག་གནང་མཁན་ཡོ་རོབ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་དོན་གྲུབ་དབང་ཆེན་ལགས་ཀྱིས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ་དེ་གྲོས་ཚོགས་ཀྱི་ཡིག་ཆའི་ཐོག་འཇོག་ཐུབ་པའི་དམིགས་བསལ་གྱི་ལས་རིམ་ཞིག་ཆགས་ཀྱི་ཡོད་པར་གསུངས་སོང་པར་མ་ཟད། དོན་གྲུབ་དབང་ཆེན་ལགས་ཀྱིས་ཡོ་རོབ་བོད་དོན་ཞུ་གཏུག་སྐོར་སྐྱོད་བརྒྱུད་ནས་རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལམ་པིག་རྩེད་འགྲན་ཙམ་མ་ཟད་བོད་ཀྱི་གནད་དོན་ཡང་ས་གནས་སུ་་གོ་རྟོགས་རྒྱ་གང་ཆེར་སྤེལ་ཐུབ་པ་བྱུང་བ་ནི་དུས་ཀྱི་གནད་འགག་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། སྤྱིར་ཐེངས་འདིའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་ཡོ་རོབ་ཁུལ་གྱི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དེ་ནི་གཙོ་བོ་ནི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་ཀྱི་གློག་བརྙན་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། ཐེངས་འདིའི་བོད་དོན་སྐོར་སྐྱོད་ཁྲོད་དོན་གྲུབ་དབང་ཆེན་ལགས་ནས་གཙོ་བོ་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོག་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་ཡོ་རོབ་རྒྱལ་ཁབ་ཁྱོན་༡༤ ནང་ཟླ་གསུམ་མན་ཙམ་རིང་རྒྱལ་ཁབ་སོ་སོའི་གཞུང་སྒེར་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣར་མཇལ་མོལ་གྱིས་བོད་དོན་ཞུ་གཏུག་གནང་གི་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༢༦ ཉིན་དོན་གྲུབ་དབང་ཆེན་ལགས་ནས་ནི་ཐར་ལན་ཌི་རྒྱལ་ཡོངས་ཨོ་རྩལ་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་མོལ་གྱིས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་གློག་བརྙན་བཟོས་པའི་རྗེས་རྒྱ་གཞུང་གི་བཙོན་ཁང་བཅུག་པའི་མྱོང་བ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་འབྲེལ། ཕྱི་ལོ་ ༢༠༠༨ ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་ཚོགས་རྗེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ལ་ཁས་ལེན་བྱས་པའི་གནད་དོན་ཁག་བརྩི་མེད་བཏང་ཡོད་ཀྱང། སླར་ཡང་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པ་དེ་ནི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འགྲིག་པ་ཞིག་ལ་ངོས་འཛིན་གནང་བའི་སྣང་བརྙན་ཞིག་སྐྲུན་བཞིན་ཡོད་པར་གསུངས་ཏེ། ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་བསྡུ་འམ་ཡང་ན་ས་གནས་གཞན་ཞིག་ཏུ་གནས་སྤོ་ཡོང་བའི་འབོད་སྐུལ་ཞུས་འདུག

རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཁ་སང་ཕྱི་ཚེས་ ༢༥ ཉིན་བོད་རང་དབང་ཚོགས་པ་དང་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་གཙོས་བོད་མི་ལས་འགུལ་བ་ཁག་ཅིག་གིས་སླར་འདི་ག་སུད་སུ་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་འདས་མཆོད་ཀྱི་ལས་འགུལ་སྤེ་ཏེ་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་ཨོ་རྩལ་མཐུན་ཚོགས་རང་ཉིད་ཀྱི་རིན་ཐང་ལ་རྒྱབ་གཏོད་བྱས་སོང་ཞེས་པའི་འབོད་ཚིག་འོག་ཨོ་རྩལ་མཐུན་ཚོགས་ལ་ངོ་རྒོལ་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་ཕྲེད་དར་ཐོག་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པ་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་འདས་པའི་ལོ་ ༡༠༠ ལྷག་གི་ལོ་རྒྱུས་རྒྱུན་སྐྱོང་བྱེད་བཞིན་པའི་ཨོ་རྩལ་མཐུན་ཚོགས་ཀྱི་མི་རིགས་ཕན་ཚུན་དབར་མཛའ་འབྲེལ་དང་། གུས་བརྩི། དེ་བཞིན་ཁྱད་དུ་འཕགས་པའི་རིན་ཐང་སོགས་ལ་རྒྱབ་གཏོད་བྱས་པར་སྐྱོན་བརྗོད་བྱས་པར་མ་ཟད་ལས་འགུལ་དེའི་བརྒྱུད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་རྩེད་འགྲན་པ་ཚོས་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ལས་འགུལ་ཐོག་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་འདུག

ཡོ་རོ་པཱ་ཚོང་འབྲེལ་གླེང་སྟེགས་ཚོགས་རར་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཁ་སང་ཕྱི་ཚེས་ ༢༥ ཉིན་སུད་སི་གྲོང་ཁྱེར་ Lucerne ནང་ཚོགས་པའི་ ༢༠༢༡ ལོའི་ Europa Forum ཚོང་འབྲེལ་གླེང་སྟེགས་སྐབས་དབྱིན་ཡུལ་ནང་གི་ལོན་ཊོན་དཔལ་འབྱོར་རིགས་གནས་སློབ་ཆེན་གྱི་དགེ་རྒན་ Keyu Jin གྱིས་ཚོགས་འདུའི་ཐོག་སུད་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ཐོག་རྒྱ་ནག་གི་ལྟ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐད་ལ་གཏམ་བཤད་གནང་བཞིན་པའི་སྐབས་སུ་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་བ་བཞིས་ཚོགས་བཅར་བ་འདུ་འཛོམས་ཆེ་བའི་ཚོགས་ཁང་ནང་ཡར་བཞེངས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བ་དང། ཕྲེད་དར་ཐོག་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡོང་ཐབ་མེད། མི་གསོད་ལག་དམར་བ་དང་མཉམ་དུ་འབྲེལ་ལམ་མ་གནང་རོགས། བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་གནང་དགོས་ཞེས་སོགས་སྐད་འབོད་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞིས་རྩེ་ཚང་བཀྲིས་ལགས་ཀྱིས་རླུང་འཕྲིན་ཁང་ལ་གླེང་སྟེགས་ཀྱི་དྲ་ཚིགས་འདིའི་སྟེང་ནས་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་སུད་སི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་གསལ་འདོན་བྱས་ཡོད་ཀྱང། དོན་དངོས་ཐོག་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་གྲོས་གཞི་ཚོགས་འདུའི་གཞི་ཁོངས་སུ་མེད་པར་བརྟེན་ང་ཚོའི་ངོས་ནས་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་གུ་ཡངས་མེད་ཅེས་པའི་སུད་སི་རྒྱལ་ཁབ་གཞི་རྩའི་ལྟ་གྲུབ་དྲན་སྐུལ་ཞུ་རྒྱུ་དང་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་མི་གཙོས་མི་རིགས་གཞན་ཁག་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཀྱི་གོ་རྟོགས་སྤེལ་ཆེད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་ཡིན་པར་འགྲེལ་བརྗོད་གནང་སོང་། ཁ་སང་གི་གླེང་སྟེགས་ཐོག་ཡོ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་བ་འཇིགས་མེད་ལགས་ཀྱིས་སྐབས་དེར་ཚོགས་བཅར་བ་འདུ་འཛོམས་བྱུང་བའི་གླེང་སྟེགས་ཚོགས་རར་ཡར་བཞེངས་ཏེ་རྒྱ་ནག་གཞུང་གིས་བོད་མི་ཐོག་མནར་གཅོད་དང་འཆར་གཞི་ལྡན་པའི་དྲག་གནོན་སྤེལ་བཞིན་ཡོད་པར་མ་ཟད་ཡུ་གུར་མང་ཚོགས་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་པ་དང་། དེ་བཞིན་ཧོ་ཀོང་གི་ཞི་རྒོལ་བའི་ཐོག་དྲག་གནོན་བྱེད་བཞིན་པ་བཅས་ལུང་འདྲེན་གྱིས་དེ་ལྟ་བུའི་དྲག་གནོན་ཅན་གྱི་རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་བ་དེ་ནི་བཟང་སྤྱོད་ཀྱི་ཐོག་ནས་དྲང་བདེན་ཞིག་མ་རེད་ཅེས་གསུངས་པ་དང་ཆབས་ཅིག ངེས་པར་དུ་ཐེངས་འདིའི་གླེང་སྟེགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སླེང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།གཞི་རྩའི་འདི་ལོའི་ ༢༠༢༡ ལོའི་ Europa Forum ཚོང་འབྲེལ་གླེང་སྟེགས་དེ་ཟླ་ ༡༡ ཚེས་༢༤ དང་ ༢༥ བཅས་ཉིན་གཉིས་རིང་སུད་སི་དང་ཡོ་རོབ་གཉིས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་སྤེལ་ཕྱོགས་ཀྱི་གླེང་བརྗོད་ཐོག་ཚོགས་ཡོད་ཅིང། ཚོགས་འདུ་ཐོག་སུད་སི་གཞུང་འབྲེལ་མཐོ་རིམ་མི་སྣ་གཙོས་དཔལ་འབྱོར་དང་ཆབ་སྲིད་རྒྱབ་ལྗོངས་མི་འདྲ་བའི་འབྲེལ་ཡོད་མི་སྣ་ ༧༠༠ ནས་མཉམ་ཞུགས་གནང་ཡོད་པ་རེད།ཚོགས་འདུའི་ཉིན་དང་པོ་ཐོག The Society for Threatened Peoples ཞེས་པའི་ཚོགས་པའི་སྣེ་ཁྲིད་འོག་བོད་མི་དང་ཡུ་གུར་བ། ཧོང་ཀོང། དེ་བཞིན་ཐེ་ཝན་མང་ཚོགས་བཅས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ངོ་རྒོལ་དང་འབྲེལ། གླེང་སྟེགས་ཐོག་མཉམ་ཞུགས་གནང་མཁན་གྱི་ཆབ་སྲིད་དང་དཔལ་འབྱོར་འབྲེལ་ཡོད་མི་སྣ་རྣམས་ནས་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་ནམ་གནང་ཡིན་ལ་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོར་བཟུང་དགོས་པའི་སྤྱིར་བསྒྲགས་ཤིག་སྤེལ་འདུག་པ་མ་ཟད། གླེང་སྟེགས་ཚོགས་ཡུལ་ཕྱི་ཕྱོགས་སུའང་ལས་འགུལ་བ་ཚོས་སུད་སི་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་ངན་པ་ལག་འབྲེལ་བྱས་པའི་ཟུར་སའི་རི་མོ་བྲིས་པའི་ཕྲེད་དར་ཐོག་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡོང་ཐབ་མེད། མི་གསོད་ལག་དམར་བ་དང་མཉམ་དུ་འབྲེལ་ལམ་མ་གནང་རོགས། བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་གནང་དགོས་ཞེས་སོགས་སྐད་འབོད་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཐེ་ཝན་ལ་གཟིགས་སྐོར།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་སྐུ་ཞབས Chiu Kuo-cheng ལགས་སུ་མཇལ་འཕྲད་གནང་འདུགདེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གཙོ་བྱས་པའི་ལས་རོགས་ཁག་ཅིག་ཨ་རིའི་དམག་སྡེ་གནམ་གྲུ་བརྒྱུད་ནས་ཐེ་ཝན་དུ་ཕེབས་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཉེ་སྔོན་དྲ་ལམ་ནས་མཇལ་མོལ་བྱས་ཏེ་གླེང་མོལ་འདྲ་མིན་བྱས་པའི་ཁྲོད་ཐེ་ཝན་ནི་ཕྱོགས་གཉིས་བར་གྱི་རྙོག་གླེང་ཞིག་ཆགས་ཡོད་པའི་རྗེས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཆེད་དུ་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་།  ཐེ་ཝན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་མདང་དགོང་གནས་ཚུལ་སྤེལ་བའི་ནང་དུ་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་གཟིགས་སྐོར་དང་སྟབས་བསྟུན་གྱིས། ཨ་རི་དང་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ཐེ་ཝན་གྱི་བདེ་འཇགས། དེ་བཞིན་ཕྱོགས་གཉིས་བར་གྱི་གཉིས་མོས་ཀྱི་མངོན་འདོད་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བསྒྲགས་འདུགཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་ཀྱི་མགྲིན་ཚབ་པ་སྐུ་ཞབས Xavier Chang ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་དང་འབྲེལ་ནས་གསར་ལམ་ལ་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་དུ། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཟིགས་སྐོར་དུ་ཕེབས་པ་ནི་ཟླ་བ་འདིའི་ནང་དུ་ཨ་རིའི་གྲོས་འཐུས་ཁག་ཐེ་ཝན་དུ་ཕེབས་པ་ཐེངས་གཉིས་བ་དེ་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། གྲོས་ཚོགས་འཐུས་མིའི་གཟིགས་སྐོར་རིམ་པ་དེ་ནི་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཛའ་གྲོགས་མཚོན་པ་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་མཚོན་བྱེད་ཅིག་ཀྱང་ཡིན་ལུགས་ངོ་སྤྲོད་ཀྱིས། ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་སྣེ་ལེན་ཟབ་རྒྱས་གནང་ཡོད་པར་གསུངས་འདུགཁོང་གིས་ད་དུང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཐེ་ཝན་ལ་གཟིགས་སྐོར་གནང་བ་དེ་ཡིས་ཨ་རིའི་ངོས་ནས་ཐེ་ཝན་ལ་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་སྣ་མང་གི་ནང་དུ་ཐེ་ཝན་མཉམ་ཞུགས་བྱ་རྒྱུར་ཨ་རིའི་རྒྱབ་སྐྱོབ་བྱེད་བཞིན་པ་ཞིག་དང་།  དེ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བཞིན་པ་ཞིག་ཡིན་མ་ཟད། ཕན་ཚུན་གྱི་བདེ་འཇགས་ཀྱི་མཚོན་པའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་བྱེད་རྒྱུར་ཕན་རླབས་ཐོན་རྒྱུ་ཡིན་པར་བསྒྲགས་འདུག སྤྱིར་དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་པ་དང་བསྟུན་ནས།  རྒྱ་ནག་གིས་ཨ་རིའི་བྱེད་བབ་དེ་ནི་རྒྱ་ནག་ལ་ཁོང་ཁྲོ་སློང་བསླངས་བ་ཞིག་ཡིན་པར་ཕྱིར་བསྒྲགས་ཀྱིས། དེ་མ་ཐག་མཐའ་མཚམས་སུ་དམག་སྦྱོང་བྱས་ཏེ་ཨ་རིའི་བྱེད་བབ་དེ་ནི་ནོར་འཁྲུལ་རང་བཞིན་ཞིག་ཡིན་པའི་བརྡ་ལན་སྤྲད་ཡོད་ཀྱང་། ཨ་རིའི་ངོས་ནས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་འདྲིར་ཕེབས་པ་དེ་ནི་ཨ་རིའི་ངོས་ནས་ཐེ་ཝན་སྲུང་སྐྱོབ་ཐོག་ཉེན་ཁ་ཡོད་པར་ཐུགས་ཚབ་ཀྱིས་རྟོག་ཞིབ་གནང་བ་ཞིག་ཡིན་པར་བསྒྲགས་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་དེ་སྐུ་ཞབས Mark Takano ལགས་ཀྱིས་སྣེ་ཁྲིད་ཡོད་པ་དང་།  སྐུ་ཚབ་ཚོགས་པ་དེས་ཐེ་ཝན་གྱི་མཐོ་རིམ་དཔོན་རིགས་ལ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཁག་ཅིག་གི་ཐོག་ཏུ་གླེང་མོལ་བྱེད་རྒྱུ་ཡིན་པ་མ་ཟད། ཉིན་གཉིས་ཀྱི་རིང་ལ་གཟིགས་ཞིབ་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡང་རྟོག་ཞིབ་གནང་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཟླ་བ་རྗེས་མའི་ནང་དུ་རྒྱལ་སྤྱིའི་མང་གཙོའི་ཚོགས་ཆེན་གྱི་ཐོག་ཏུ་རྒྱལ་ཁབ་ ༡༡༠ ལྷག་མགྲོན་འབོད་གནང་ཡོད་པའི་ཁོངས་སུ་ཐེ་ཝན་ཡང་མགྲོན་འབོད་གནང་ཡོད་པ་སོགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་ཨ་རིའི་བྱེད་བབ་དེར་སྡང་སེམས་ཆེན་པོ་འཛིན་བཞིན་པ་རེད་འདུག

རྒྱ་ནག་གི་དཔོན་རིགས་ཁག་ཅིག་གི་སྲིད་དོན་ཉེས་ཆད་འཕར་འགྱངས་བྱས་པ།

ཡུ་རོབ་མཐུན་ཚོགས་ཀྱིས་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་དང་འབྲེལ་ནས་སྔ་ལོའི་ལོ་འཇུག་ཏུ་རྒྱ་ནག་གི་དཔོན་རིགས་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་པ་དེ་དག་གི་ཉེས་ཆད་དུས་ཡུན་འཕར་འགྱངས་བྱས་འདུག་པ་མ་ཟད་ཨ་རི་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་ ༡༢ ཙམ་ཚོང་འབྲེལ་བཀག་སྡོམ་གྱི་མིང་གཞུང་ནག་པོའི་ཁོངས་སུ་བཞག་འདུགཤིན་ཅང་ནང་གི་ཡུ་གུར་དང་ཁ་ཆེའི་མང་ཚོགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མི་རིགས་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ། སྔ་ལོར་ཡུ་རོབ་མཐུན་ཚོགས་གཙོས་ཨ་རི་དང་ཁེ་ན་ཌ། དེ་བཞིན་དབྱིན་ཡུལ་བཅས་ཀྱི་ཤིན་ཅང་སྤྱི་དམངས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ Chen Mingguo དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཟུར་པ་ Zhu Hailun གཙོས་ལས་བྱེད་བགྲེས་པ་ Wang Junzheng དང་། Wang Mingshan བཅས་རྒྱ་ནག་དཔོན་རིགས་བཞི་དང་ Xinjiang Production and Construction Corps Public Security Bureau ཞེས་ཤིན་ཅང་བཟོ་སྐྲུན་དང་འཛུགས་སྐྲུན་སྤྱི་བདེ་ལས་ཁུངས་བཅས་སྒྲིག་འཛུགས་ཤིག་ལ་སྲིད་དོན་ཉེས་ཆད་བཏང་སྟེ་རྒྱ་ནག་གི་དཔོན་རིགས་དང་སྒྲིག་འཛུགས་དེར་ཡུ་རུབ་མཐུན་ཚོགས་ཀྱི་ས་ཁོངས་ནང་དུ་འགྲུལ་བཞུད་བྱེད་མི་ཆོག་པ་དང་རྒྱུ་དངོས་ཡོད་པ་དེ་དག་ལོངས་སུ་སྤྱོད་མི་ཆོག་པའི་ཉེས་ཆད་བཏང་ཡོད། སྐབས་དེར་རྒྱ་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ལས་བྱེད་པ་ཁག་ཅིག་ལ་སྲིད་དོན་ཉེས་ཆད་བཏང་ནས་འཁོན་ལེན་ལོག་ཐབས་ཀྱི་གནད་དོན་བྱུང་ཡོད་པ་རེད། དེ་རིང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ལྷག་པའི་ཉིན་ཡུ་རུབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་དཔོན་རིགས་བཞི་པོ་དང་སྒྲིག་འཛུགས་བཅས་ཀྱི་སྲིད་དོན་ཉེས་ཆད་ཀྱི་དུས་ཡུན་འཕར་འགྱངས་བྱས་ཡོད་པའི་སྐོར་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་གཉིས་ནས་འགྲེལ་བརྗོད་གནང་ཡོད། དབྱེ་ཞིབ་པ་རྣམས་ཀྱིས་ད་ལན་རྒྱ་ནག་གི་དཔོན་རིགས་ཀྱི་ཉེས་ཆད་འཕར་འགྱངས་བྱ་རྒྱུའི་ཐག་གཅོད་དེ་ཟླ་བ་རྗེས་མའི་ཟླ་མགོར་ལག་བསྟར་གནང་གི་ཡོད་པ་ལྟར་ཐག་གཅོད་དེས་སྔ་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ཏུ་རྒྱ་ནག་དང་ཡུ་རུབ་མཐུན་ཚོགས་གཉིས་དབར་ཚོང་འབྲེལ་གྱི་མ་འཛུགས་གྲོས་མཐུན་བཞག་པར་འགོག་རྐྱེན་བཟོ་སྲིད་པར་གསུངས་ཡོད་པའི་གནས་སྟངས་འདིའི་བར་ན་ཉེ་ཆར་ཡུ་རོབ་ནང་གི་རྒྱ་ནག་གཞུང་ཚབ་པ་ Zhang Ming ཟེར་བས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་བཏང་བ་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་མཚོན་གྱི་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་འགོག་རྐྱེན་བཟོས་ཏེ་ལོ་ངོ་ ༧ དང་གྲོས་མོལ་ཐེངས་ ༣༥ རྗེས་སུ་སྔ་ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་ཐོག་བཀའ་མོལ་གནང་ཐབས་ངལ་བ་ཡོད་སྐོར་བཤད་འདུག དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་སྤེལ་བར་འདས་པའི་ལོ་ཤས་ནང་དུ་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད་སྔ་ལོར་ཨ་རི་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་འཕྲུལ་ལས་དང་མཉེན་ཆས་ཚོང་ལས་ཁང་ཁག་ཅིག་མིང་གཞུང་ནག་པོའི་གྲས་སུ་བཞག་སྟེ་དེ་དག་ཨ་རི་ནང་དུ་ཚོང་འབྲེལ་བྱ་རྒྱུར་བཀག་སྡོམ་བྱས་ཡོད་པའི་ཐོག་ཁར་ཉེ་ཆར་ ཨ་རི་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་ ༡༢ ཙམ་ཚོང་འབྲེལ་བཀག་སྡོམ་གྱི་མིང་གཞུང་ནག་པོའི་ཁོངས་སུ་བཞག་འདུག ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གི་མཉེན་ཆས་ཚོང་ལས་ཁང་དེ་དག་གིས་ཨ་རིའི་བཅའ་དངོས་བེད་སྤྱོད་བཏང་ནས་ Quantum Computing Programme ཞེས་རྒྱ་དམག་གིས་མཉེན་ཆས་བཟོ་སྐྲུན་ལ་མཐུན་འགྱུར་སྦྱར་གྱི་ཡོད་པ་དང་འབྲེལ་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་འོག་བཀག་སྡོམ་བྱས་ཡོད་པར་འགྲེལ་བརྗོད་གནང་ཡོད། རྩ་བའི་དེ་སྔ་ཨ་རིའི་སྲིད་འཛིན་ཊམ་སྲིད་གཞུང་སྐབས་ནས་རྒྱ་ནག་གཙོ་བོར་གྱུར་པའི་པ་ཀིས་ཐན་སོགས་ཀྱི་མཉེན་ཆས་ཚོང་ལས་ཁང་ཁག་ཅིག་མིང་གཞུང་ནག་པོའི་ནང་དུ་བཞག་སྟེ་བཀག་སྡོམ་བྱས་ཡོད་པའི་ཁྲོད་ད་བར་རྒྱ་ནག་དང་པ་ཀིས་ཐན། ཉི་ཧོང་། སིངྒ་པུར། ཨུ་རུ་སུ་བཅས་ཀྱི་ཚོང་ལས་ཁང་ ༢༧ ཙམ་མིང་གཞུང་ནག་པོའི་ཁོངས་སུ་བཞག་སྟེ་དེ་དག་ལ་ཨ་རིའི་ས་ཐོག་ཏུ་ཚོང་འབྲེལ་བྱ་རྒྱུར་བཀག་སྡོམ་ནན་པོ་བྱས་ཡོད་པ་རེད། ཨ་རིའི་ཚོང་འབྲེལ་དྲུང་ཆེ་ Gina Raimondo ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བར་ ད་རེས་ཚོང་ལས་ཁག་ ༡༢ ཙམ་མིང་གཞུང་ནག་པོའི་ཁོངས་སུ་བཞག་པ་བརྒྱུད་ནས་ཨ་རིའི་འཕྲུལ་ལས་བེད་སྤྱོད་བཏང་ནས་རྒྱ་ནག་དང་ཨུ་རུ་སུ་སོགས་ཀྱི་དམག་དོན་མཉེན་ཆས་ཀྱི་ལས་གཞིར་མཐུན་འགྱུར་སྦྱར་རྒྱུར་བཀག་སྡོམ་གནང་བར་ཕན་ཐོགས་ཡོང་ངེས་སྐོར་གསུངས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ།

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་CECCཞེས་པས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bach ལ་སང་ལོའི་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་རྒྱ་ནག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུགདེ་ཡང་ཁ་སང་ཨ་རིའི་ནང་དུ་The Hill ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཉེ་སྔོན་ཟླ་བ་གཅིག་གི་གོང་དུ་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་སུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཚུལ་མིན་ཆགས་སྤྱོད་སྤེལ་བའི་དོན་རྐྱེན་ཕྱི་ལ་གྱར་བ་དང་བསྟུན་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཐད་སེམས་འཚབ་ཆེ་རུ་འགྲོ་བཞིན་པའི་ཁྲོད། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་ CECC ངོས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ལ་ཞུ་སྐུལ་ཕྱག་བྲིས་ཞིག་བཏང་ཡོད་པ་རེད་འདུགཞུ་སྐུལ་དེའི་ནང་དུ། དེ་སྔོན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ངོས་ནས་ཚོགས་ཆུང་དེར་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐེ་གཏོགས་བྱ་ཐབས་མེད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང་། ད་རེས་ལྷན་ཚོགས་དེས་རང་ཉིད་ཀྱི་དབང་ཤུགས་སྤྱད་ནས་རྒྱ་ནག་གིས་བཀག་སྡོམ་འོག་གནས་བཞིན་པར་ཚོད་དཔག་བྱེད་བཞིན་པའི་ལྕམ་ Peng Shuai ལགས་སུ་བརྙན་ལམ་ནས་དངོས་སུ་གླེང་མོལ་བྱས་ཏེ་ཁོ་མོའི་གནས་བབ་ལ་རྒྱུས་ལོན་བྱ་ཐབས་ཡོད་སྟབས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ངོས་ནས་དེ་མཚུངས་རྒྱ་ནག་ནང་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་འགོ་མ་བཙུགས་པའི་སྔོན་དུ་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྔར་ལྷག་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུར་གནོན་ཤུགས་སྤྲོད་རྒྱུའི་ནུས་པ་ཡོད་དང་དེ་ལྟར་ངེས་པར་དུ་གནང་དགོས་པའི་ཞུ་སྐུལ་ནན་མོ་གནང་འདུགཞུ་སྐུལ་དེའི་ནང་ད་དུང་། ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bachལགས་ཀྱིས་ལྕམ་Peng Shuai ལགས་ལ་དངོས་སུ་བརྙན་ལམ་ནས་ཁ་པར་བཏང་སྟེ་རང་དབང་ལྡན་པའི་གསར་འགོད་པ་རྣམས་ཀྱིས་ཁོང་མོའི་གནས་བབ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་བའི་སྐུལ་མ་གནང་བ་མ་ཟད། ཨོ་རྩལ་ལྷན་ཚོགས་ཀྱི་རྩེད་འགྲན་པའི་ཚོགས་པར་ཡང་ཞུ་སྐུལ་ཡི་གེ་ཞིག་བཏང་སྟེ་རྩེད་འགྲན་ཚོགས་པའི་ངོས་ནས་ཀྱང་རྒྱ་ནག་ནང་གི་དབང་ཤུགས་ཀྱི་ཆགས་སྤྱོད་མྱོང་མཁན་ལྕམ Peng Shuai ལགས་ལ་སྲུང་སྐྱོབ་ཀྱི་ལས་འགན་ཤུགས་ཆེར་བཞེས་དགོས་བའི་སྐུལ་མ་ཞུས་ཡོད་པ་ཡང་ཡོངས་གྲགས་གནང་འདུགགཞན་ཡང་ཞུ་སྐུལ་གྱི་ཡི་གེ་ནང་དུ། ཉེ་སྔོན་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་དང་ལྕམ་Peng Shuai གཉིས་ཀྱི་བར་དུ་བརྙན་ལམ་ནས་གླེང་མོལ་བྱས་པར་གཞིགས་ན་ཁོ་མོ་བདེ་ཐང་ཡིན་པར་བསྒྲགས་ཡོད་ཀྱང་། མི་སྒེར་གྱིས་བསྒྲགས་པའི་གནས་ཚུལ་ཁྲོད་ཁོ་མོ་བདེ་འཚམས་ཡིན་པར་བསྒྲགས་པ་དེ་ཆ་འཇོག་བྱས་ན་འོས་འཚམས་ཤིག་ཡིན་མིན་དྲི་བ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་ལྕམ་Peng Shuaiལགས་ཀྱིས་དེ་སྔོན་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཁོ་མོར་བཙན་དབང་གི་ཚུལ་མིན་ཆགས་སྤྱོད་སྤེལ་ཡོད་པའི་གནས་ཚུལ་ཕྱིར་བསྒྲགསགནང་རྗེས། ཁོང་དུས་ཡུན་གང་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་བཀོད་པའི་འབྲེལ་ཡོད་གནས་ཚུལ་དེ་ནག་བསུབ་བཏང་རྗེས། ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁོང་རྒྱ་ནག་གིས་བཀག་སྐྱིལ་བྱས་པའི་གླེང་སློང་ཤུགས་ཆེ་རུ་ཕྱིན་པའི་ཁྲོད། Thomas Bach ལགས་ཀྱིས་ཁོང་མོར་དངོས་སུ་ཁ་པར་བཏང་པའི་བརྙན་ལམ་ཕྱིར་བསྒྲགས་བྱས་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཤུགས་ཆུང་དུ་གཏོང་ཐབས་ཤིག་ཡིན་པར་བརྗོད་མཁན་མང་པོ་བྱུང་ཡོད་པ་མ་ཟད། བུད་མེད་ཊེ་ནི་སི་རྩེད་འགྲན་ཚོགས་པའི་ངོས་ནས་ཀྱང་བསྒྲགས་གཏམ་ཞིག་སྤེལ་ཏེ། Thomas Bachལགས་ཀྱིས་ཁོ་མོར་ཁ་པར་བཏང་བ་ཙམ་གྱིས་ཁོ་མོ་རང་དབང་དང་བདེ་འཚམས་ངང་གནས་ཡོད་པར་སྒྲུབ་དཀའ་བ་ཞིག་ཡིན་པར་ཡོངས་གྲགས་ཀྱིས་ཁོ་མོའི་གནས་སྟངས་ལ་སེམས་འཚབ་ཡོད་པར་ཕྱིར་བསྒྲགས་བྱས་ཡོད་པ་རེད། དེའི་བར་ན་ཁ་སང་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་བྲེལ་ཚན་པའི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་ལྕམ་ Peng Shuai ལགས་བདེ་ཐང་ཡིན་པའི་དཔང་རྟགས་ཁུངས་བདེན་དང་རང་དབང་ལྡན་པ་ཞིག་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག ལྕམ་Peng Shuai ལགས་བརྙན་ལམ་དུ་ཉེ་ཆར་ཐོན་ཡོད་ཀྱང་། ཁོང་ལ་རྒྱ་ནག་གི་དཔོན་རིགས་ཤིག་གིས་ཆགས་སྤྱོད་སྤེལ་བའི་གནས་ཚུལ་དང་། དེ་བཞིན་ཁོང་ཉིན་ཤས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལ་ད་ལྟའི་ཆར་ལན་འདེབས་གསལ་བཤད་གང་ཡང་བྱུད་མེད་པ་དེ་ནི་སེམས་འཚབ་ཅན་ཞིག་ཡིོན་པ་གསུངས་འདུག རྩ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་རྡོག་རོལ་གྱི་གནས་བབ་དང་འབྲེལ་ནས། བོད་མི་དང་ཡུ་གུར་བའི་ཚོགས་སྐྱིད་ཁག་གི་གཙོ་བྱས་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་སྔར་ལོ་ནས་རྒྱ་ནག་གི་ནང་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་དེ་ཕྱིར་འཐེན་བྱེད་དགོས་བའི་ལས་འགུལ་རིམ་པ་སྤེལ་ཏེ་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་ཡང་དེ་འབྲེལ་གྱི་གནས་ཚུལ་ཡར་ཞུ་བྱས་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡང་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་རྒྱུའི་འོས་བབ་མེད་པར་གཟིགས་ནས་སྐྱོན་བརྗོད་བྱེད་མཁན་རིམ་པ་བྱུང་ཡོད་པའི་ཁྲོད། ཨ་རིའི་ངོས་ནས་གཞུང་འབྲེལ་གྱི་མི་སྣ་རྒྱ་ནག་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་མི་གཏོང་རྒྱུའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་དང་། ད་ཆ་ཨོ་གླིང་གི་ནང་དུ་ཡང་ཆབ་སྲིད་ཀྱི་ཚོགས་པ་ཁག་བརྒྱུད་གཞུང་འབྲེལ་གྱི་མི་སྣ་རྒྱ་ནག་ནང་གི་རྩེད་འགྲན་ལ་མི་ཞུགས་རྒྱུའི་སྐུལ་མ་གནང་མོས་རེད་འདུག  

རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལ་ཐེར་འདོན་ཞུ་གཏུག་ངོས་བཞེས།

རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལམ་སྟོན་དང་འགལ་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པར་སྐྱོན་བརྗོད་ཀྱི་ཞུ་གཏུག་ལ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ངོས་བཞེས་གནང་འདུགའདི་ལོའི་ཕྱི་ཟླ་བདུན་པའི་ནང་སུད་སིར་རྟེན་གཞི་བྱས་པའི་སུད་བོད་མཛའ་འབྲེལ་ཚོགས་པས་སྣེ་ཁྲིད་དེ་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང། དེ་བཞིན་སུད་སི་ས་གནས་བུད་མེད་ལྷན་ཚོགས་བཅས་གཞུང་འབྲེལ་མིན་པའི་ཚོགས་བཞིས་མཉམ་འབྲེལ་ཐོག་སུད་སི་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྩ་བའི་ལམ་སྟོན་དང་འགལ་ཏེ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ཏུ་འཚོགས་རྒྱུར་ཐག་གཅོད་བྱས་པ་ནི་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ཅིག་ཡིན་པའི་བདེན་དཔང་རྒྱབ་ལྗོངས་བཅས་པའི་སྐྱོན་བརྗོད་ཀྱི་ཞུ་གཏུག་སྙན་ཞུ་ཞིག་སུད་སིར་རྒྱལ་ས་སྦན་ལ་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་འབྲེལ་མཐུད་ལས་ཁུངས་ལ་ཕུལ་ཡོད་པ་རེད། ཉེ་ཆར་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ནས་ཁོང་རྣམ་པའི་ཞུ་གཏུག་ལ་དང་ལེན་གནང་སྟེ་རིང་མིན་ཞུ་གཏུག་བྱེད་མཁན་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་དབར་ལ་འདུམ་འགྲིག་གི་བྱ་རིམ་གཞིར་བཞག་གནང་རྒྱུ་ཡིན་པར་ངོ་བཞེས་གནང་འདུག ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་ཐག་གཅོད་ལ་དགའ་ཚོར་དང་འདོད་བློ་འཁེངས་པ་བྱུང་སོང་། ཐག་གཅོད་འདིས་ང་ཚོས་སེམས་འཚབ་བྱེད་བཞིན་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་རྩེད་འགྲན་གནད་དོན་ལ་སྐྱོན་བརྗོད་བྱས་པ་དེ་དོན་སྙིང་ལྡན་པ་ཞིག་གྱུར་ཡོད་ལ། ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གནད་ཡོད་མི་སྣ་ཚོ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཕྱིེར་འཐེན་གནང་དགོས་པའི་ཞུ་གཏུག་གནང་བ་དེ་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་བཞིས་ད་ལན་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ནས་ཁོང་རྣམ་པའི་ཞུ་གཏུག་ལ་ངོ་བཞེས་གནང་བ་དང་འབྲེལ་དེ་མཉམ་འབྲེལ་གྱིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་གསལ་བར་སང་ལོ་ཕྱི་ཟླ་གཉིས་པ་ནང་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་ཨོ་རྩལ་འགྲན་ཚོགས་བར་གྱི་དུས་ཡུན་ཐུང་ངོ་འདིའི་ནང་རྒྱལ་སྤྱིའི་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་གཙོ་འགན་འོག་ཞུ་གཏུག་བྱེད་མཁན་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་དབར་ལ་འདུམ་འགྲིག་གི་བྱ་རིམ་ཁྲོད་དུ་གླེང་སློང་བྱ་རྒྱུའི་གནད་དོན་ཁག་ནི། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་མགྲོན་བདག་སྤྲད་པ་ལས་བྱུང་བའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཞུས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཤུགས་རྐྱེན་ངན་པ་ཁག་རྩེད་འགྲན་སྐབས་ཇི་ལྟར་ཚབས་ཆུང་དུ་གཏང་ཐབས་དང་ཐབས་ལམ་གང་ཡོད། མ་འོངས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ལྡན་པ་ཇི་ལྟར་བཟོ་རྒྱུ། དེ་བཞིན་ཐེངས་འདིའི་བར་འདུམ་བརྒྱུད་ནས་རྒྱལ་སྤྱིའི་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་རྩ་བའི་ལམ་སྟོན་འོག་མ་འོངས་པར་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་གྱིས་མཚོན་པའི་མཐུར་འགྱུར་མཁོ་སྤྲོད་བྱེད་མཁན་འབྲེལ་ཡོད་ཚོང་ལས་སྡེ་ཁག་གི་ནུས་པ་དང་འགན་འཁྲི་ལ་དབྱེ་ཞིབ་གནང་བར་རོགས་རམ་གནང་ཕྱོགས་བཅས་དོན་ཚན་གསུམ་གྱི་ཐོག་གླེང་སློང་བྱ་རྒྱུ་རེད་འདུགསུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་ཀྱིས་ད་ལན་གྱི་ཁོང་རྣམ་པའི་ཞུ་གཏུག་ལ་ངོ་བཞེས་གནང་མཁན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་འབྲེལ་མཐུད་ལས་ཁུངས་དེ་སུད་སི་ཀྱི་གཞུང་འབྲེལ་གྱི་ལྷན་ཁང་གི་ཁྱབ་ཁོངས་ཞིག་ཆགས་ཀྱི་ཡོད་སྟབས་ད་ལན་ངོ་བཞེས་གནང་བའི་ཞུ་གཏུག་འདི་གཞི་རྩར་བཟུང་ནས་ང་ཚོའི་ངོས་ནས་སུད་སི་དབུས་གཞུང་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་གནད་ཡོད་མི་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་དགོས་པ་དང་སུད་སི་རྒྱལ་ཁབ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཡོངས་སུ་ཕྱིེར་འཐེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གནད་དོན་དེའི་ཐོག་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོས་ཀྱང་ང་ཚོར་རྒྱབ་སྐྱོར་གནང་གི་རེད་ཅེས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་རྒྱུའི་གནད་དོན་དང་འབྲེལ་ནས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། དེ་བཞིན་ནི་ཐར་ལན་ཌི་ལ་སོགས་པའི་རྒྱལ་སྤྱིའི་གཞུང་ཚོགས་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་བཅས་གྲངས་ཉུང་མི་རིགས་ཐོག་གཉེར་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཡིན་པར་སྐྱོན་བརྗོད་ཀྱིས་སྔ་རྗེས་སུ་འགྲེལ་བརྗོད་གནང་བའི་ཐོག་ནས་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་འཞོགས་རྒྱུའི་གནས་བབས་མེད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ། དེ་བཞིན་གོ་སྒྲིག་གནང་མཁན་ཡོངས་ནས་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་ཞེས་བསྒྲགས་གཏམ་རིམ་ཁག་སྤེལ་ཡོད་པར་མ་ཟད་ལྷག་པར་དུ་ཉེ་ཆར་ཨ་རིའི་སྲིད་འཛིན་ Joee Biden མཆོག་དང་ཨ་རིའི་གཞུང་འབྲེལ་མི་སྣ་སུ་འདྲ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཚོགས་ཞུགས་གནང་གི་མེད་པ་དང་། ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་མགྱོགས་མྱུར་དེའི་ཐད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་རེད། དེ་བཞིན་དེ་སྔོན་ཡུ་རོབ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་དང་དབྱིན་ཡུལ་གྲོས་ཚོགས་སུ་སྤྱི་མོས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་དང་འབྲེལ་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་སྐུལ་ཡང་གནང་ཡོད།

ལྕམ་ PengShuai ཡི་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས།

ཉེ་ཆར་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་རྣམ་གཉིས་དབར་བརྙན་འཕྲིན་བརྒྱུད་གླེང་མོལ་བྱུང་སྟེ་ཁོ་མོ་བདེ་ཐང་ཡིན་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱུང་བའི་ཁྲོད་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་སྔ་གར་སོང་ཆ་མེད་དུ་གྱུར་བའི་ལྕམ་ Pen Shuai ལགས་ཀྱི་གནས་སྟངས་དང་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གཉིས་མཚུངས་བསྡུར་གྱིས་རིན་པོ་ཆེ་མཆོག་ཀྱང་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་ནན་བརྗོད་གནང་བཞིན་འདུག ལྕམ་ Peng Shuai ལགས་ཀྱིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤིག་གིས་ཁོ་མོར་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པའི་བྱ་སྤྱོད་ཐེར་འདོན་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་རྗེས་སུ་ཁོང་བདུན་ཕྲག་གསུམ་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་ནས་བེུད་ཀྱི་ཊེ་ནི་སི་ཚོགས་པ་གཙོས་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་པ་བཅས་ནས་ཁོ་མོའི་བདེ་འཇགས་དང་གར་ཡོད་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཐད་ཆེས་བློ་འཚབ་གནང་བཞིན་པའི་འཚམས་འདིར་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Thomas Bach ལགས་དང་ལྕམ་ Peng shuai དབར་རེས་གཟའ་ཉི་མའི་ཉིན་བརྙན་འཕྲིན་བརྒྱུད་ཚོུད་ཕྱེད་ཀ་ལྷག་གི་རིང་གླེང་མོལ་བྱུང་ཡོད་པ་དང་སྐབས་དེར་ Peng Shuai ལགས་ཀྱིས་ཁོང་བདེ་ཐང་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁོ་མོའི་དོན་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་ཆུང་གིས་བློ་འཚབ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། ཁོང་ད་ཆ་རྒྱལ་ས་པེ་ཅིང་གི་རང་ཁྱིམ་དུ་བདེ་ཐང་ངང་གནས་ཡོད་པས་མང་ཚོགས་ཀྱི་ངོས་ནས་ཁོང་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་རེས་ལྕམ་ Peng Shuai ལགས་ཀྱིས་གློ་བུར་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་ལ་ཁོང་བདེ་ཐང་ངང་རང་ཁྱིམ་དུ་གནས་ཡོད་སྐོར་གསུངས་པའི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱུང་ཡོད་པའི་གནས་ཚུལ་ཐོན་འཕྲལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཚོགས་སྒེར་ཁག་གིས་གནད་དོན་དེར་མུ་མཐུད་དོགས་གཞི་ཆེན་པོ་གནང་བཞིན་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྕམ་ Peng Shuai ཡི་གནད་དོན་དང་འབྲེལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་སོང་སྟེ་མི་ལོ་ ༢༦ ཧྲིལ་པོ་འཁོར་བ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་འབུར་བཏོན་གནང་སྟེ་རྒྱ་གཞུང་ལ་རིན་པོ་ཆེ་མཆོག་བདེ་ཐང་ངང་བཞུགས་ཡོད་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་ད་རེས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་གར་སོང་ཆེད་དུ་ཕྱིན་པའི་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་གནད་དོན་བཏང་འཛིན་བྱེད་ཕྱོགས་དེས་རྒྱ་གཞུང་གི་བཙན་གནོན་འོག་ལོ་ངོ་སུམ་ཅུའི་རིང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་གཅིག་མཚུངས་ཡིན་པར་མངོན་གསལ་གྱིས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་དང་ལྕམ་ Peng Shuai གཉིས་ད་ཆ་གང་དུ་ཡོད་མེད་ཀྱི་འདྲི་རྩད་གནང་འདུག ལྷག་དོན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐུ་ཞབས་ Bach ལགས་དང་ལྕམ་ Peng Shuai དབར་བྱུང་བའི་བཀའ་མོལ་དེའི་ནང་ཁོ་མོ་བདེ་ཐང་ཡིན་པ་ཙམ་མ་གཏོགས་བརྙན་འཕྲིན་གྱི་ལས་རིམ་དེ་གོ་སྒྲིག་གང་འདྲ་་གནང་མིན་སྐོར་ལ་གང་ཡང་འཁོད་མེད་ཅེས་གསུངས་ཏེ་རྒྱ་གཞུང་ནས་ཁོ་མོའི་གནད་དོན་ཐད་རང་དབང་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་གནང་འཇུག་དགོས་ཞེས་གསུངས་འདུག

ལི་ཐོའུ་ནེ་ཡ་ནང་ཐེ་ཝན་གཞུང་ཚབ་ལས་ཁུངས་དབུ་འབྱེད་ལ་རྒྱ་གཞུང་གིས་ངོ་རྒོལ།

ཁ་སང་ཤར་ཡོ་རོབ་ Lithuania རྒྱལ་ས་ Vilnius ནང་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་དབུ་འབྱེད་གནང་བ་མ་ཟད་ལས་ཁུངས་ཀྱི་མིང་སྦྱང་ཐོག་ཐེ་ཝན་ཞེས་མིང་དངོས་སུ་བེད་སྤྱོད་གནང་བ་དེ་ནི་ཡོ་རོབ་གྱི་ཡུལ་གྲུའི་ཁོངས་ནས་དེ་ལྟར་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ Tweeter དྲ་གནས་ཐོག་ད་རེས་རྒྱལ་ས་ Vilnius  ནང་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་ཤིག་དབུ་འབྱེད་གནང་ཡོད་པའི་གནས་ཚུལ་ཡོངས་གྲགས་གནང་སྟེ་ལི་ཐོའུ་ནེཡ་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་དྲན་ཞེས་གསུངས་འདུག གཞུང་ཚབ་ལས་ཁུངས་དབུ་འབྱེད་གནང་མཁན་ Latvia ནང་གི་ཐེ་པེ་ལས་ཁུངས་ཀྱི་སྐུ་ཚབ་སྐུ་ཞབས་ Eric Huang ལགས་གདན་ཞུ་གནང་ནས་ཁོང་ལི་ཐོའུ་ནེཡ་ནང་གི་ཐེ་ཝན་གྱི་གཞུང་ཚབ་པར་ཆེས་ཐོག་མར་བསྐོ་གཞག་གནང་ཡོད། ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ Vilnius ནང་གསར་འཛུགས་གནང་བའི་གཞུང་ཚབ་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་ཐེ་ཝན་དང་ཡུ་རོབ་བྷལ་ཊིས་མངའ་ཁུལ་གྱི་ཚོགས་མི་རྒྱལ་ཁབ་ཁག་གི་དབར་འབྲེལ་ལམ་གོང་སྤེལ་དང་བསམ་ཚུལ་བརྗེ་རེས་ཀྱིས་རྒྱ་སྐྱེད་ཐོག་གུ་ཡངས་དང་གྲ་སྒྲིག་ཨང་སར་ཡིན་སྐོར་གསུངས་བའི་ཁྲོད་འདིར་ཐེ་ཝན་ལས་ཁུངས་གསར་པའི་ངོས་ནས་ཐེ་ཝན་དང་ Baltic མངའ་ཁུལ་གྱི་ཡུལ་གྲུ་ཁག་གི་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་སྤེལ་གྱི་ལམ་བུ་གསར་པ་ཞིག་བཏོན་རྒྱུ་དང་ལྷག་པར་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་ཉེ་བའི་རྒྱུད་རྫས་དང་གློག་ཀླད་སོགས་ཀྱི་སྡེ་ཚན་འདྲ་མིན་ཐོག་མཐུན་རྐྱེན་སྦྱོར་རྒྱུ་མ་ཟད། ལས་ཁུངས་ཀྱི་ལས་དོན་ཁག་འཕྲལ་མར་བཀོལ་སྒྲིག་དང་འབྲེལ་ལི་ཐོའི་ནེ་ཡ་ནང་ཡོད་པའི་ཐེ་ཝན་མི་སེར་རྣམས་ཀྱི་དགོས་མཁོ་བསྒྲུབ་རྒྱུ་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག སྤྱིར་འདི་ལོ་ཕྱི་ཟླ་ ༨ ནང་ལི་ཐོའུ་ནེ་ཡ་དང་ཐེ་ཝན་གཉིས་ཀྱིས་རང་སོ་སོའི་རྒྱལ་སར་གཞུང་འབྲེལ་སྐུ་ཚབ་ལས་ཁུངས་ཆེད་འཛུགས་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ལྟར་རྒྱ་གཞུང་གིས་ལི་ཐོའུ་ནེ་ཡ་ལ་སྐྱོན་བརྗོད་ཀྱིས་གྲོས་མཐུན་དེ་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲད་དེ་དཔལ་འབྱོར་གྱི་ཉེས་ཆད་བཏང་པ་དང་དེ་བཞིན་པེ་ཅིང་ནང་ཡོད་པའི་ Lithuania གཞུང་ཚབ་ཆེན་མོ་ཕྱིར་འཐེན་དགོས་པ་སོགས་ཀྱི་ནན་བརྗོད་བྱས་ཡོད་པ་མ་ཟད་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་པ་བརྒྱུད་ནས་ཐེ་ཝན་དང་འབྲེལ་ལམ་མཚམས་འཇོག་དགོས་པའི་ཉེན་བརྡ་སོགས་བཏང་ཡོད་པ་རེད། འོན་ཀྱང་ལི་ཐོའུ་ནེ་ཡ་གཞུང་གིས་གནོན་ཤུགས་དེ་དག་ལ་ལྟོས་མེད་ཡུལ་དེའི་ནང་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་ཉིན་ཐེ་ཝན་གྱི་ལས་ཁུངས་དངོས་སུ་དབུ་འབྱེད་གནང་ཡོད་སྟབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ Lithuania ནང་ཐེ་ཝན་གྱི་སྐུ་ཚབ་ལས་ཁུངས་དབུ་འབྱེད་གནང་བ་དེ་ནི་ཧ་ཅང་གི་བྱ་སྤྱོད་ངན་པ་ཞིག་ལ་འགྲེལ་བརྗོད་དང་བཅས་ལིཐོའུ་ནེ་ཡ་གཞུང་གི་ངོས་ནས་རང་ཉིད་ཀྱི་ཐག་གཅོད་ནོར་བར་གང་མགྱོགས་ཡོ་བསྲང་བྱེད་དགོས་ཀྱི་རེད་ཅེས་ནན་བཤད་བྱས་འདུག

Latest news