Tibetan Royal Year of 2151 | Year of the Wood Dragon

བོད།

ནང་ཆེན་ཆུ་སྨད་གྲོང་ཚོའི་ནང་རྔམ་སྟོན་ཁྲོམ་སྐོར་ཁྲོད་བོད་མི་ཅུ་ཙམ་འཛིན་བཟུང་བྱས་འདུག

བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་ཐོན་པའི་གནས་ཚུལ་ལྟར་ན།  དེ་རིང་ཕྱི་ཟླ་ ༨ ཚེས ༢༦ ཉིན་མཚོ་སྔོན་ཞིང་ཆེན་ཁོངས་སུ་དབྱེ་བའི་བོད་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་ནང། མང་ཚོགས་ཁག་གཅིག་གིས་ས་གནས་གཞུང་ལ་ཞུ་གཏུགས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང། རྒྱ་གཞུང་ཉེན་རྟོགས་པའི་དེའི་ཁྲོད་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་རེད་འདུག ད་རེས་ཁུལ་དེའི་ནང་གི་བོད་མི་ཚོས་རྔམ་སྟོན་བྱེད་དགོས་དོན་གཙོ་བོ་དེ་ནི། ནང་ཆེན་རྫོང་དབུལ་སྐྱོར་ལས་ཁུངས་ཀྱིས་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་ནང་གི་བོད་མི་རྣམས་ལ་་འཛུགས་བསྐྲུན་གྱི་ལས་གཞི་དང་སློབ་ཡོན་སོགས་ཀྱི་རོགས་དངུལ་སྤྲོད་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་ཀྱང། གྲོང་ཚོ་འདི་ནས་ས་གནས་གཞན་དུ་གནས་སྤོས་ཟིན་པའི་དུད་ཁྱིམ་བརྒྱ་ལྷག་ལ་ཐོབ་ཐང་དེ་རག་གི་མེད་སྟབས།དེ་རིང་ས་གནས་དེའི་ཕྱི་ཕྱོགས་སུ་རང་གི་བུ་ཕྲུག་ནང་མི་བཅས་ཡོད་པའི་བོད་མིའི་ཁྱིམ་ཚང་བརྒྱ་ལྷག་ཙམ་ནས་རྔམ་སྟོན་བརྒྱུད་རྫོང་སྲིད་གཞུང་ལ་ཞུ་གཏུགས་བྱས་ཡོད་པ་རེད་འདུག བོད་མིའི་སྒྲིགས་འཛུགས་ལ་འདྲ་དཔར་དང་བཅས་པ་གནས་ཚུལ་འབྱོར་བ་ནང་གསལ་ལྟར་ན། བོད་མི་དེ་དག་ནས་སྐབས་དེར་ཕྱག་ཏུ་མང་གཙོ་དང་ དཔལ་ཡོན། དྲང་བདེན། ཁྲིམས་སྐྱོང་སོགས་ཀྱི་འབོད་ཚིག་བཀོད་པའི་ཤོག་བྱང་བསྣམས་ཡོད་པ་དང། ད་ལྟའི་འར་རྒྱ་གཞུང་ཉེན་རྟོགས་མི་སྣས་ལས་འགུལ་སྤེལ་མཁན་མི་མང་སྣེ་ཁྲིད་པ་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་ལས་དེ་མིན་གནས་ཚུལ་ཐོན་མིན་འདུག

རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང་བྱས་འདུག

བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་རྡོ་རྗེ་སྒྲོལ་མ་ཞུ་མཁན་བེུད་གཅིག་གིས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་གྱི་རྔམ་སྟོན་གནང་རྗེས་བཙོན་འཇུག་བྱས་འདུག ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༨།༣༠ ཡས་མས་ཙམ་ལ་རྔ་པ་རྫོང་ཐོག་གི་གྲོང་ཁྱེར་དཀྱིལ་ལམ་ཞེས་པར་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་མ་ཐག་རྒྱ་གཞུང་ཉེན་རྟོག་མི་སྣ་ ༡༠ གྲངས་ལྷག་འབྱོར་ནས་ཁོ་མོ་བཙན་ཁྲིད་བྱས་ཡོད་པ་རེད་འདུག རྡོ་རྗེ་སྒྲོལ་མ་ལགས་ནས་ཞི་རྒོལ་གནང་བའི་སྐབས་ཞོགས་པ་སྔ་པོ་ཡིན་སྟབས། ཁྲོམ་གཞུང་ཐོག་ལ་ཁོ་མོས་སྐད་འབོད་བྱས་པ་མཐོང་མཁན་མི་སྣ་ཧ་ཅང་ཉུང་ཉུང་ཡིན་པས་ཁོང་བཙན་ཁྲིད་བྱས་ནས་ད་བར་ཉིན་ལྔ་ལྷག་ཕྱིན་ཡོད་ནའང་ ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད། གཞི་རྩའི་བོད་མདོ་སྨད་རྔ་བ་རྫོང་དུ་ཞི་རྒོལ་བྱས་ནས་བཙན་ཁྲིད་བྱས་པ་རྡོ་རྗེ་སྒྲོལ་མ་ལགས་ཙམ་མ་ཟད། ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༣ ཙམ་ལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་རྨེའུ་རུ་མ་ཡུལ་ཚོའི་གཞུང་ལམ་ཐོག་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། གཞན་ཡང་ཟླ་ ༧ ཕྱི་ཚེས་ ༡༥ ཉིན་མདོ་སྨད་རྔ་བ་རྫོང་རྨེའི་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་བེུད་དབང་མོ་ལགས་ཀྱིས་ཀྱང་༸གོང་ས་མཆོག་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བཞིན་ཁྲོམ་སྐོར་བྱས་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོ་མོ་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་པ་བཅས་ཟླ་བ་གཉིས་ནང་ཚུད་ལ་བོད་མདོ་རྔ་བ་ནས་བེུད་གསུམ་ནས་ཞི་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་རེད།

རྒྱ་གཞུང་གིས་བློ་བཟང་ཐུབ་བསྟན་ལགས་ལི་ཐང་དུ་རྫོང་དུ་བཀག་ཉར་བྱས་འདུག

ཉེ་སྔོན་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་ལི་ཐང་རྫོང་དུ་ཞི་བའི་སྐད་འབོད་བྱས་པར་བརྟེན་ནས་རྒྱ་གཞུང་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་མི་གཞིན་སྐྱེས་དེའི་མིང་ལ་བློ་བཟང་ཐུབ་བསྟན་ཡིན་པ་དང། རྒྱ་གཞུང་གིས་ཁོང་ད་ལྟའི་ཆར་ལི་ཐང་རྫོང་དུ་བཀག་ཉར་བྱེད་བཞིན་འདུག བློ་བཟང་ཐུབ་བསྟན་ལགས་ལ་དུས་རྒྱུན་ཐུབ་སྦེ་ཞེས་ཀྱང་འབོད་སྲོལ་ཡོད་པ་དང་། ད་ལྟ་ཁོང་རང་ལོ་ ༡༧ སོན་ཡོད་པ་རེད་འདུག རྩ་བའི་ཆར་ཁོང་ནི་མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ནང་རྟེན་གཞི་བྱས་ཀྱི་ཡོད་པ་དང། སྐྱེས་ཡུལ་ནི་ལི་ཐང་གཡོན་རུའི་འབྲོག་སྡེ་ཡི་དཔོན་སྐོར་སྡེ་པ་དང་། དཔོན་སྐོར་སྡེ་པར་མཉམ་ལས་སྡེ་ཁག་བརྒྱད་ཡོད་པའི་ནང་སྡེ་པ་དང་པོ་འཐོར་རུག་སྡེ་པ་ནས་ཡིན་འདུག ཁོང་གི་ཕའི་མིང་ལ་བྱིས་འཕག་མིས་མིས་དང་མའི་མིང་ལ་བསྟན་ལོ་ཟེར་བ་དང། ཁོང་ལ་ནང་མི་ ༡༡ ཡོད་པ་དང་ཉེ་སྐོར་འབྲོག་སྡེ་དེའི་གྲས་ནས་འཚོ་བའི་མཐུན་རྐྱེན་ཡག་གྲས་ཤིག་ཡིན་འདུག ཁོང་གིས་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༤༠ སྟེང་མདོ་ཁམས་ལི་ཐང་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་མཁའ་དབྱིངས་སུ་འཕྱར་ནས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས། དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་ལི་ཐང་རྫོང་དུ་བཀག་ཉར་བྱས་ཡོད་པ་རེད། སྤྱིར་ལི་ཐང་རྫོང་ཐོག་གི་ས་ཚུགས་གལ་ཆེ་བ་ཁག་ཏུ་རྒྱ་གཞུང་བརྙན་ལེན་ལྐོག་མིག་གྲངས་ལས་འདས་པ་བཙུགས་ཡོད་པ་དང་། བོད་ཀྱི་ས་ཁུལ་སྤྱི་མཚུངས་ལྟར་དྲག་ཆས་དམག་མིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁར། བློ་བཟང་ཐུབ་བསྟན་ལགས་ཀྱིས་ཞི་རྒོལ་རྔམ་སྟོན་གནང་རྗེས། ལི་ཐང་གི་ས་ཁུལ་ཁྱོན་ཡོངས་སུ་རྒྱ་ནག་གི་ཞི་བའི་ཉུལ་ཞིབ་རུ་ཁག་མི་སྣ་དང་དྲག་ཆས་དམག་མི་སོགས་ཀྱིས་མངོན་གསལ་དོད་པོ་ཐོག་དམ་དྲག་སྔར་བས་ཤུགས་ཆེ་རུ་བཏང་བ་མ་ཟད། ཉེ་སྔོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་བཀྲོངས་པ་དང་། བརྒྱད་གཅིག་དམག་མིའི་དུས་ཆེན་སྲུང་བརྩིའི་ཆེད་བཀག་འདོམས་ལྟ་རྟོག་བྱས་པ། རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་བཙོན་གྲོལ་བཏང་ནས་ཡུན་རིང་སོང་མེད་པ་སོགས་ཀྱི་རྐྱེན་པས་ ད་སྐབས་མདོ་ཁམས་ལི་ཐང་རྫོང་གི་ས་ཁུལ་ཁག་ཏུ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་རེད་འདུག

རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་དགོན་གྱི་གྲྭ་བཙུན་ལ་ཚོད་འཛིན་བྱས་བཞིན་འདུག

ཞིང་གཤེགས་དམ་པ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་བཏབ་པའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དུ་དེང་སྐབས་རྒྱ་གཞུང་གིས་དེར་དགེ་འདུན་པའི་གྲངས་འབོར་མང་དྲག་སོགས་བསྙད་ནས་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་བྱས་བཞིན་ཡོད་པ་རེད་འདུག སློབ་གླིང་དེར་སློབ་སྦྱོང་གནང་མཁན་ཚོར་གྲངས་འབོར་མང་དྲག་པ་དང་ནང་གནས་ཕྱིར་འགྱར་ཚུལ་སོགས་བསྙད་ནས་ཚོད་འཛིན་བྱས་པ་མ་ཟད། ཕྱིར་ནས་སློབ་གཉེར་ཆེད་ཡོང་མཁན་རྣམས་ཕྱིར་སློག་བྱ་དགོས་པའི་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པ་དང། སློབ་གླིང་དེར་སློབ་སྦྱོང་གནང་མཁན་དགེ་འདུན་པ་རྣམས་བླ་རུང་སྒར་ནས་མར་ཡོང་སྐབས་དེའི་ཉེ་འདབས་སུ་སུ་རྒྱ་གཞུང་གིས་རྒས་གསོ་ཁང་ཞིག་བཙུགས་ཡོད་པར་གསེར་རྟ་བླ་རུང་སྒར་དགོན་གྱི་གྲྭ་བཙུན་ ༡༠༠༠ ལྷག་སླེབས་ནས་རྒྱ་གཞུང་གིས་ཆེད་དུ་གནས་སྤོས་བྱེད་པ་ཞིག་ཡིན་པ་དང། འབྲི་རུ་ནས་ཡིན་པའི་གྲྭ་བཙུན་རྣམས་ཀྱི་ནང་མིར་འཇིགས་སྐུལ་གྱི་ཉེན་བརྡ་བཏང་སྟེ་བླ་རུང་སྒར་ནས་ཁ་བྲལ་གཏོང་བ་མ་ཟད། དེ་བཞིན་བཙུན་མ་ཁག་ཅིག་ལ་ལོག་གཡེམ་བྱས་པ་དང་དེ་སྔ་བོད་ཀྱི་ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་ཁག་ཅིག་ཕྱིར་ཕུད་བཏང་ཟིན་པ་དང་ད་དུང་ཡང་དེ་ལྟར་བྱས་མུད་རེད་འདུག་ཅེས་འགྲེལ་བརྗོད་གནང་འདུག དེང་ཆར་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་བཙུན་གྱི་གྲངས་འབོར་ཐད་ཚོད་འཛིན་བཟོ་སྟེ་བསུན་གཙིར་སྔར་ལྷག་བྱས་དང་བྱེད་མུས་ཡིན་པ་སོགས་གསུངས་འདུག

རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད་སྐོར་

ཟླ་ ༨ ཕྱི་ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་ཨ་མྱེ་བྲག་རྫོང་དུ་རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱས་པར་ས་གནས་མང་ཚོགས་ཀྱིས་གནས་རི་བྲག་རྫོང་སྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་། ཁོར་ཡུག་ལ་གནོད་པ་ཆེ་ཚུལ་སོགས་བསྙད་ནས་མི་འགྲིག་ཚུལ་ནན་བརྗོད་བྱས་ཀྱང། རྒྱ་གཞུང་གི་གཏེར་འདོན་ཚན་པས་གནས་རིའི་འདབས་སུ་གཏེར་འདོན་འཕྲུལ་ལས་མང་པོ་འོར་འདྲེན་གྱིས་གཏེར་འདོན་འགོ་འཛུགས་ཀྱི་གྲ་སྒྲིག་བྱས་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་པ་མ་ཟད།ད་རེས་རྒྱ་གཞུང་གིས་གཏེར་འདོན་ལས་གཞི་སྤེལ་ཡུལ་གྱི་ཨ་མྱེ་བྲག་རྫོང་ཞེས་པའི་གནས་རི་དེ་ནས་ Uranium ཞེས་པའི་རྡུལ་ཕྲན་མཚོན་ཆར་མཁོ་བའི་ལྕགས་རིགས་རྫས་ཤིག་ཡིན་འདུག བོད་མིའི་སྒྲིག་འཛུགས་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ནས་Uranium ཞེས་པའི་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་གཏེར་འདོན་གྱི་ལས་གཞི་དེ་ནི་གཏེར་འདོན་གྱི་ལས་གཞི་གཞན་དང་མི་འདྲ་བས་གཟབ་ནན་བྱ་དགོས་པའི་ལས་གཞི་ཞིག་ཡིན་པ་དང། Uranium གཏེར་འདོན་ལས་གཞི་དེས་ས་གནས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ངེས་ཡིན་པ་མ་ཟད། དེང་སྐབས་རྒྱ་གཞུང་གིས་དཔལ་འབྱོར་ཡར་རྒྱས་ཁེ་ཕན་ཆེད་དུ་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་སྔ་ལས་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་ཁོར་ཡུག་སྙན་ཐོ་ནང། ཕྱི་ལོ་༡༩༩༠ བར་རྒྱ་གཞུང་གིས་བོད་ནང་གི་ས་ཁུལ་༢༠༠ ལྷག་ཙམ་ཞིག་ལ་ Uranium སྔོག་འདོན་བྱས་ཡོད་པ་འཁོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཀྱང་ད་ལན་རྒྱ་གཞུང་གི་གཏེར་འདོན་ཚན་པས་བཙན་བཤེད་ཀྱི་གཏེར་ཁ་སྔོག་རྩིས་བྱས་པར་སྐྱོན་བརྗོད་དང་སྦྲགས། ལས་གཞི་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས་བཅས་རྡོག་རོལ་གཏོང་བའི་བྱ་སྤྱོད་ཞིག་ཆགས་ཀྱི་ཡོད་ལུགས་གསུངས་པ་པ་ཟད། ལྷག་པར་དུ་རྒྱ་གཞུང་གཏེར་འདོན་ཚན་པའི་ངོས་ནས་བོད་མི་རྣམས་ཀྱི་འཚོ་གནས་བདེ་སྡུག་དང་། ཆོས་ལུགས་དད་མོས་དང་། རིག་གནས་གོམ་སྲོལ་བཅས་པར་བརྡལ་བཤིག་དང་རྩ་གཏོར་བྱ་རྒྱུ་མཚམས་འཇོག་དགོས་པའི་ནན་སྐུལ་སོགས་གསུངས་འདུག

རྒྱ་གཞུང་གིས་བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་ལ་དམ་དྲག་བྱས་འདུག

བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་ཞེས་པ་སྲུང་བརྩི་ཞུ་ལ་ཉེ་བ་དང་བསྟུན་རྒྱ་གཞུང་གིས་སྤྱི་བདེ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ནས་དམ་དྲག་བྱེད་བཞིན་འདུག དེ་རིང་ཟླ་ ༨ ཕྱི་ཚེས་ ༢༤ ནས་འགོ་འཛུགས་ཐོག་རྒྱ་གཞུང་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཆུས་ཀྱི་ཁོངས་གཏོགས་བྱང་རྭ་སྒྲེང་དགོན་པར་ཉིན་གྲངས་དགུའི་རིང་སྲོལ་རྒྱུན་ལྟར་དམིགས་བསལ་གྱི་བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་སྲུང་བརྩི་ཞུ་ཉེ་དང་བསྟུན་དམ་དྲག་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༧ ཚེས་ ༩ ནས་ ༡༨ བཅས་སུ་ལོ་འཁོར་བཅིུས་བར་ཐེངས་རེ་སྲུང་བརྩི་བྱེད་སྲོལ་ཡོད་པའི་མཚམས་དེར་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཀྱིས་དུས་ཆེན་ལ་ཡོང་མཁན་བོད་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་མེད་ན་འཕྲལ་མར་འཛིན་བཟུང་བྱེད་རྒྱུ་དང་ཞགས་སྡོད་བྱ་མི་ཆོག་པ། དེ་བཞིན་ཁ་ལོ་བ་ཡིན་རིགས་ཁ་ལོ་བའི་ལག་འཁྱེར་མཉམ་ཁྱེར་མེད་ཚེ་རླངས་འཁོར་འཕྲོག་རྒྱུ་ཡིན་པ་བཅས་བཙན་བཀའ་བཏང་འདུག དེ་བས་ཀྱང་དུས་ཆེན་དེ་ཚོགས་ལ་ཉེ་བའི་སྐབས་གནས་དེར་བསྐྱོད་མཁན་མང་ཚོགས་རྣམས་དགག་སྒོ་ལྔ་བརྒྱུད་ནས་འགྲོ་དགོས་པ་དང་། དགག་སྒོ་དེ་དག་ལ་སྤྱི་བདེ་ཉེན་རྟོག་མི་སྣ་དང་དམིགས་བསལ་ཉེ་རྟོག་པ། གཞུང་གི་ལས་བྱེད་མི་སྣ་བཅས་འགྲེམས་འཇོག་བྱས་ནས་དམ་དྲག་སྔ་ལྷག་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་དུས་ཆེན་དེ་ནི་རྭ་སྒྲེང་ཕ་ཕོང་དགོན་པའི་ཆོས་ལུགས་ཀྱི་དམིགས་བསལ་དུས་ཆེན་ཞིག་དང་། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཐོག་མར་སྲོལ་སྟོན་གནང་བ་ཞིག་ཡིན་འདུག  

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་བོད་མིར་དམ་དྲག་ཤུགས་ཆེ་བྱས་པ།

རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་སྔར་ལྷག་ཞིབ་བཤེར་བཀག་སྡོམ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལ་དོ་དམ་ནན་པོ་བྱེད་བཞིན་འདུག དྷ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་མནར་གཅོད་དང་འཛམ་གླིང་ལ་བསླུ་བྲིད་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་གཙོ་བོ་ཟླ་ ༨ ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དབུས་གཞུང་སྦྲགས་སྲིད་ལས་ཁུངས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་ནང་བཀའ་ཁྱབ་ཞིག་བཏང་སྟེ། ཟླ་བ་འདིའི་ཚེས་ ༢༠ ནས་ཕྱི་ཟླ་༩པའི་ཚེས་༡༢ བར། བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་རིང་། བོད་དང་ཕྱི་ཕྱོགས་དབར་གྱི་སྦྲགས་ལམ་དང་ཏར་འཕྲིན་འགྲོ་འོང་ཐོག་དོ་དམ་བཀག་སྡོམ་ནན་པོ་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྦྲགས་ལམ་བརྒྱུད་ནས་བོད་ལ་ཡིག་ཆེའི་རིགས་དང་ གྲི དེ་བཞིན་འབར་རྫས་སོགས་ཉེན་ཁ་ཡོད་པའི་རྫས་འགྱུར་རིགས། ཐ་ན་ཆབ་སྲིད་ཀྱི་ནང་དོན་ལྡན་པའི་དེཔ་དེབ་རིགས་ཡོངས་རྫོགས་བཙོང་མི་ཆོག་པའི་བཀག་སྡོམ་བྱས་པ་མ་ཟད། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་སྐོར་སོགས་འཁོད་འདུགད་རེས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ། སྤྱི་ཡོངས་ནས་ཁུལ་དེའི་ནང་གི་ཁྲོམ་གཞུང་དང་ཟ་ཁང་། དེ་བཞིན་སློབ་གྲྭ་སོགས་མང་ཚོགས་འདུ་འཛོམས་ཀྱི་གནས་གང་སར་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་ཕོན་ཆེ་འགྲེམས་འཇོག་གིས་ཞིབ་བཤེར་བྱས་ནས་བོད་རིགས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་ཤུགས་ཆེ་བྱས་བཞིན་པ་མ་ཟད། སྤྱི་ལེ་ ༨༠༠༠ མཚམས་ལ་མཐའ་གཅིག་ཏུ་དམག་རྒྱབ་ཐུབ་པ་དང་ཉིན་ ༦༠ རིང་དཀའ་སྡུག་འཐབ་འཛིང་བྱེད་ཕོད་པ་ཟེར་བའི་འབོད་ཚིག་འོག དུས་ཆེན་སྐབས་བདེ་འཇགས་ཁས་ལེན་དགོས་པའི་ཐད་ཚོགས་ཞུགས་དམག་དཔོན་སྟོང་ཕྲག་ལྷག་ལ་དམ་བཅའ་ཕུལ་བཅུག་སྟེ། བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མཐའ་དག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏོང་རྒྱུ་རེད་འདུག དེར་མ་ཟད་ད་ལན་གྱི་བསྒྲགས་གཏམ་དེའི་ནང་ད་དུང་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱིས་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་ད་བར། བོད་མི་ཚོའི་སུམ་བཅུའི་སྒེར་ལངས་དང་རང་ལུས་མེར་བསྲེགས་ལ་སོགས་པའི་ཞི་བའི་ངོ་རྒོལ་འདྲ་མིན་སྣ་ཚོགས་ཤིག་རྒྱུན་ཆད་མེད་པར་བྱུང་ཡོད་མུད་ཁར། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་སྒྱུར་ཡོད་པ་མ་ཟད། ལྷག་དོན་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་ད་བར་རང་བསྲེགས་གནང་མཁན་ཁྱོན་བོད་མི་ ༡༤༢ བྱུང་ཡོད་པ་དང། དེ་བཞོན་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག

རྒྱ་གཞུང་གིས་ལི་ཐང་ནས་བོད་མི་གཅིག་འཛིན་བཟུང།

ཁ་སར་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༤༠ སྟེང་མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ནང་རྟེན་གཞི་བྱས་པའི་བོད་མི་ཞིག་གིས་ཁུལ་དེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་མཁའ་དབྱིངས་སུ་འཕྱར་ནས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས། དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག སྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་མེད་པས་རྒྱ་གཞུང་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་ཞི་འབོད་གནང་མཁན་ཁོང་གློ་བུར་ལས་སླ་པོའི་ཐོག་སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དམ་དྲག་རྐྱེན་པས་ཁོང་གི་མིང་དང། ལོ་ན་ཇི་སོན། དེ་བཞིན་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད་པ་རེད་འདུག

རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་འོད་དཀར་སྐྱིད་ཞུ་མཁན་བེུད་གཅིག་གིས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་གྱི་རྔམ་སྟོན་གནང་རྗེས་བཙོན་འཇུག་བྱས་འདུག ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༣ ཙམ་ལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་རྨེའུ་རུ་མ་ཡུལ་ཚོའི་གཞུང་ལམ་ཐོག་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས།དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད། ཁོང་གི་ནང་མི་གཙོས་གཉེན་འབྲེལ་རྣམས་ནས་འོད་དཀར་སྐྱིད་ལགས་ཀྱི་གནས་སྟངས་ཇི་ཆགས་ཐད་ཐུགས་འཚབ་ངང་གནས་ཡོད་པ་རེད་འདུག རྩ་བའི་ཁོང་ནི་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པ་དང། ཕ་ཀུན་པོ་དང་མ་འཕགས་པ་རྣམ་གཉིས་ཀྱི་མཉམ་དུ་འབྲོག་སར་འཚར་ལོངས་བྱུང་ཞིང་སློབ་སྦྱོང་གི་གོ་སྐབས་ཐོབ་མྱོང་མེད་པ་ཞིག་དང། བཟའ་ཟླའི་མིང་ལ་ལ་བཀྲ་ཤིས་ཡིན་པ་དང་། ཁོང་གཉིས་ལ་བུ་ལོ་ན་ ༤ སོན་པ་གཅིག་འདུག

Latest news