Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་གི་མི་མང་འཐུས་མི་དང་སྲིད་གྲོས་ཚོགས་ཐོག་ཏུ་བོད་དོན་གླེང་སློང་།

གཞི་རྩའི་རྒྱ་ནག་གིས་འདི་ལོའི་ལོ་འཁོར་གྱི་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཟླ་བ་འདིའི་ཚེས་ ༤ ནས་ ༡༡ བར་སྐོང་ཚོགས་ཀྱིས། རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་བའི་རྒྱལ་ཡོངས་ཀྱི་ལས་འཆར་སྤྱི་དང་། རྒྱ་ནག་ནང་གི་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་དམིགས་འབེན་སོགས་ཀྱི་སྐོར་ནས་གླེང་སློང་བྱས་བའི་ཁྲོད། བོད་ནང་དུ་སྔར་ལྷག་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་ནན་བརྗོད་བྱས་འདུག ཁ་སང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་འདི་ལོའི་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཀྱི་སྐབས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་གཙོ་བློ་བཟང་རྒྱལ་མཚན་ཟེར་བ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཆེ་དགྲ་ལྷ་སོགས་ཀྱི་མཚོན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནས་ཚོགས་མི་ ༡༦ གིས་ཚོགས་ཞུགས་གནང་ཡོད་པ་ལུང་འདྲེན་དང་སྦྲགས། ཐེངས་འདིའི་ཚོགས་འདུའི་ཁྲོད། རྒྱ་ནག་གིས་སྔར་བཞིན་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རྩ་འཛུགས་དང་། བོད་ནང་དུ་སྔར་བཞིན་ཆབ་དཔལ་རིག་གསུམ་མཚུངས་བསྒྱུར་གྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་མ་ཟད། བོད་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཁ་གཡང་གི་འོག་ནས། བོད་བརྒྱུད་ནང་བསྟན་དེ་རྒྱ་བསྒྱུར་དང་ཕྱི་ཕྱོགས་ནས་བོད་དང་འབྲེལ་བའི་རྒྱལ་ནང་གི་གནད་དོན་ཐོག་ཐེ་གཏོགས་བྱེད་རྒྱུར་བཀག་སྡོམ། དེ་བཞིན་དམག་ཀྱི་སྟོབས་ཤུགས་བརྒྱུད་ནས་སྤྱི་ཚོགས་བརྟན་བརླིང་ལ་སྔར་ལས་ཤུགས་སྣོན་བྱེད་རྒྱུའི་ཐད་ནས་གླེང་སློང་བྱུང་ཡོད་པར་དགག་གཞག་གནང་སྟེ། རྒྱ་ནག་གིས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་དམར་ཤོག་གི་སྲིད་བྱུས་སྤྱི་དང་། སྒོས་སུ་ཆོས་ལུགས་རྒྱ་བསྒྱུར་བྱེད་བཞིན་པ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲིལ་བསྒྲགས་ཀྱི་རིགས་ཤིག་སྟེ། དྲིལ་བསྒྲགས་དེ་བརྒྱུད་ནས། རྒྱ་ནག་གི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག དེ་བཞིན་གཞུང་དང་ངོ་བོ་སོགས་ཡོངས་སུ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་འཇུག་ཐབས་ལ་རྩལ་འདོན་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གནང་འདུགདེ་བཞིན་ལས་འགུལ་ཁང་གིས་རྒྱ་ནག་གིས་ལོ་ལྔ་ཚན་ ༡༤ བའི་ལས་འཆར་བརྒྱུད་ནས་བོད་ཁུལ་དུ་ལག་བསྟར་བྱེད་རྒྱུའི་སྲིད་བྱུས་ལ་དགག་གཞག་གནང་བའི་ཁྲོད་དུ། རྒྱ་ནག་གིས་མུ་མཐུད་དུ་དབུལ་སྐྱོབ་ཀྱི་མིང་ཐོག་ནས་བོད་མི་སྟོང་ཕྲག་མང་པོ་གནས་སྤོར་བྱེད་རྒྱུ་དང་། གྲོང་བརྡལ་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་ནས་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་བརླག་ཐབས་བྱེད་རྒྱུ། གཞན་ཡང་བོད་ཁུལ་དུ་དཔལ་འབྱོར་གོང་མཐོར་གཏོང་ཐབས་ཀྱི་མིང་ཐོག་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ནང་འདྲེན་བྱེད་རྒྱུ། དེ་དང་དེ་བཞིན་རྒྱལ་ཁབ་ཀྱི་མཐའ་སྲུང་གི་མིང་ཐོག་ནས་བོད་ཁུལ་དུ་དམག་ཤུགས་ཀྱི་རྩ་འཛུགས་རྒྱ་བསྐྱེད་བྱེད་རྒྱུ་ཡིན་པ་སོགས་ཡོངས་གྲགས་ཀྱིས། རྒྱ་ནག་གིས་བོད་ཁུལ་དུ་དབུལ་སྐྱོབ་ཀྱི་ལས་གཞི་རྒྱ་བསྐྱེད་བྱས་ཡོད་པ་དྲིལ་བསྒྲགས་བྱས་བའི་ཁྲོད་དུ། བོད་མི་ ༦༢༨༠༠༠ དབུལ་ཐར་དུ་བཏང་ཡོད་པ་དང་། དེ་བཞིན་རྨ་འབྲི་རྫ་གསུམ་གྱི་མགོ་ཁོངས་སྲུང་སྐྱོབ་ཤུགས་ཆེར་བྱས་ཡོད་པར་དྲིལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གིས་ལས་གཞི་དེ་དག་བརྒྱུད་ནས་དོན་དངོས་ཀྱི་ཐོག་བོད་ཁུལ་གྱི་འབྲོག་ཁྱིམ་ས་ཡ་ལྷག་ཅིག་རང་གི་ཕ་མེས་ཡང་མེས་ཀྱི་གཞིས་ཀ་ནས་གནས་སྤོར་བཏང་བ་མ་ཟད། གནས་སྤོར་བྱས་པའི་ཁྱིམ་མི་དག་རང་ཁ་རང་གསོའི་འཚོ་བ་ལས་བསྒྱུར་ཏེ་རྒྱ་ནག་ལ་བརྟེན་དགོས་བ་ཞིག་ཏུ་སྒྱུར་ཡོད་པར་ལུང་འདྲེན་གྱིས། རྒྱ་ནག་གིས་དབུལ་སྐྱོབ་ཀྱི་མིང་ཐོག་ནས་བོད་མི་རྣམས་བཙན་གྱིས་གནས་སྤོར་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག དེ་བཞིན་ལས་འགུལ་ཁང་གིས། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་སྤྱིར་ཁྱབ་པ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གི་མགོ་ཁྲིད་ཚོས་ནམ་རྒྱུན་ནས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་པ་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བསྙད་ནས་ཕྱི་ཕྱོགས་ནས་ཐེ་གཏོགས་བྱས་མི་ཆོག་པར་བརྗོད་བཞིན་ཡོད་པར་སྐྱོན་བརྗོད་དང་། གཞན་ཡང་རྒྱལ་ཁབ་ཀྱི་བདག་དབང་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལས་གལ་འགངས་ཆེ་བ་ཞིག་ཏུ་རྩོད་སྒྲུབ་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་རྒྱ་ནག་གི་འཐུས་ཚོགས་དང་སྲིད་གྲོས་སྐབས་སུ་ཡང་རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་མི་ཆོག་པའི་ཐད་ནས་རྩལ་འདོན་བྱས་ཡོད་པ་ནི་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགེབ་ཐབས་བྱས་པ་ཞིག་ཡིན་པར་མངོན་གསལ་གནང་འདུག ཚོགས་འདུའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྔོན་ཆད་ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་དུ་ས་འགུལ་བྱུང་མཚམས་སུ་ཁོང་ཁུལ་དེར་སྐྱོད་ཡོད་པ་དྲན་གསོ་བྱས་ཏེ། རྒྱ་ནག་སྲིད་གཞུང་གིས་བོད་རིགས་མང་ཚོགས་ལ་སེམས་ཁུར་ཡོད་པ་དང་། སྐབས་དེར་སྲིད་གཞུང་གིས་ཁུལ་དེར་ངལ་སེལ་གྱི་རོགས་དངུལ་སྤྲད་ནས་མི་མང་དཀའ་ངལ་ལས་གྲོལ་ཐབས་བྱས་ཡོད་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་ཀྱང་། ལས་འགུལ་ཁང་གིས་དོན་དངོས་སུ་སྐབས་དེར་ཡུལ་ཤུལ་མི་མང་གིས་སྲིད་གཞུང་གིས་ཁུལ་དེའི་གནོད་ཐེབས་ཀྱི་མི་མང་ལ་རོགས་རམ་བྱེད་དགོས་བའི་ཞུ་འབོད་རིམ་པ་བྱས་པ་དང་། མི་མང་གིས་སྐབས་དེར་སྲིད་གཞུང་གིས་བོད་མིའི་སྲོལ་རྒྱུན་གྱི་ཚོང་ལས་ཀྱི་ལྟེ་གནས་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ས་ཚིགས་ཤིག་ཏུ་སྒྱུར་བར་བློ་འཚབ་ཡོད་པར་བརྗོད་ཡོད་པ་ལུང་འདྲེན་གནང་འདུག གཞི་རྩའི་ཐེངས་འདིའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཀྱི་བསྡུ་སྐོང་བྱས་མ་ཐག རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྤྱི་ཚོགས་བརྟན་བརླིང་གི་མིང་ཐོག་ནས། བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་གང་སར་གོ་མཚོན་ཐོགས་པའི་དམག་མི་མང་པོ་ཞིག་དངོས་སུ་སྲང་ལམ་གང་སར་འགྲེམས་འཇོག་གིས་དམག་སྦྱོང་ཞིག་ལག་བསྟར་བྱས་ཡོད་པ་དང་། ཚོགས་དུས་ཀྱི་ཉིན་དང་པོའི་སྐབས་སུ་རྒྱ་ནག་གིས་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཞག་པར་སྐྱོན་བརྗོད་ཡོད་པར་བསྒྲགས་ཏེ་རྒྱ་ནག་ནང་སྲིད་ཀྱི་གནད་དོན་དེར་ཕྱི་ནས་ཐེ་གཏོགས་བྱེད་རྒྱུ་མེད་པའི་སྐོར་ནས་གླེང་མོལ་བྱས་འདུག

བོད་ཁུལ་གྱི་དགོན་པ་ཁག་ཡུལ་སྐོར་ལྟེ་གནས་སུ་སྒྱུར་བཞིན་པར་སེམས་འཚབ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱས་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་སྒེར་གྱི་Twitter དྲ་གནས་སུ་གངས་རིན་པོ་ཆེ་དང་དེའི་དབུས་སུ་ཆགས་པའི་རྒྱང་གྲགས་དགོན་པའི་འདྲ་པར་ཁག་ཅིག་བཀོད་པ་དང་འབྲེལ།  ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་ལ་རྡོག་རོལ་གྱིས་བོད་ཁུལ་གྱི་དགོན་སྡེ་ཁག་ཡུལ་སྐོར་ལྟེ་གནས་ཙམ་ཞིག་ལ་བསྒྱུར་བཞིན་ཡོད་སྐོར་བྲིས་འདུགདེའང་ཁོང་གིས་འདྲ་པར་དེ་དག་དང་ལྷན་འཕྲིན་ཐུང་ཞིག་སྤེལ་བའི་ནང་དུ། བོད་མིའི་སྲོལ་རྒྱུན་ལྟར་ན། གངས་རིན་པོ་ཆེར་སྐོར་བ་ ༡༣ བརྒྱབ་རྗེས་གཞི་ནས་ནང་སྐོར་དུ་ཕེབས་སྲོལ་ཡོད་པ་ལྟར།   གཞི་ནས་ཁུལ་དེར་རྟེན་གཞི་བྱས་པའི་གནའ་བོའི་རི་གྲོང་སྟེ་ལྷིང་འཇགས་ཀྱི་རྒྱང་གྲགས་དགོན་པ་མཇལ་སྲོལ་ཡོད་ཀྱང་།  ད་ཆ་གངས་རིན་པོ་ཆེའི་འདབས་སུ་བོད་ཀྱིིིི་རིག་གཞུང་དང་ལམ་སྲོལ་ལ་མ་བལྟས་པར་རྒྱ་རིགས་ཡུལ་སྐོར་སྤྲོད་འཆམ་པ་མང་པོས་ལྟ་སྐོར་གྱི་འཛིན་བྱང་ཉོས་རྗེས་གང་འདོད་དུ་སྤྲོ་འཆམ་ལ་འགྲོ་བཞིན་མ་ཟད།  རྒྱང་གྲགས་དགོན་པ་ནི་ཡུལ་སྐོར་བ་རྣམས་ཀྱིས་རྒྱང་ལྟ་བྱེད་སའི་གར་སྟེགས་ལྟ་བུ་ཞིག་ཏུ་སྒྱུར་ཡོད་པ་གསུངས་འདུག མ་ཟད་ཁོང་གིས་འདྲ་པར་དང་བཅས། དགོན་གྲོང་གི་འབྲེལ་ཡོད་ལས་བྱེད་ཀྱི་སྣེ་ལེན་འོག  དགོན་པའི་ཐོག་ཁར་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་ལ་དགའ་ཞེན་མཚོན་ཆེད་དུ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་མཐོང་རྒྱུ་ཡོད་སྐོར་གསུངས་འདུགརྩ་བའི་རྒྱ་ནག་གིས་བོད་མིའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་རིག་གནས་ལ་སྣང་མེད་བྱེད་བཞིན་པའི་ཐད་ནས་བོད་ཕྱི་ནང་གཉིས་ནས་སེམས་འཚབ་བྱེད་མཁན་ཡོང་གི་ཡོད་པ་དང་། དེའང་སྔོན་ཆད་བོད་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་རྒྱ་མིའི་ཡུལ་སྐོར་བ་བརྒྱ་ཁྲག་བརྒལ་བས་བོད་མིའི་སྲོལ་རྒྱུན་བྱ་གཏོར་གྱི་ལམ་ལུགས་ལ་ལྟད་མོ་ལྟ་བཞིན་པའི་འདྲ་པར་ཁྱབ་སྤེལ་བྱེད་བཞིན་པ་དང་འབྲེལ་ནས།  བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་དེ་ཡུལ་སྐོར་བའི་སྣང་བ་སྤྲོ་སྐྱིད་ཀྱི་ལྟད་མོ་ལྟ་སའི་ཚོང་གི་ལྟེ་གནས་ལྟ་བུར་འགྱུར་བཞིན་པར་སྐྱོན་བརྗོད་གནང་བ་ཡོད་པ་དང་། དེ་བཞིན་རྩོམ་པ་པོ་ཚེ་རིང་འོད་སེར་ལགས་ཀྱིས་ཀྱང་གསེར་རྟའི་དུར་ཁྲོད་དེར་སྐྱེ་བ་མི་རྟག་པ་མཚོན་ཆེད་ཀྱི་འཛུགས་སྐྲུན་རྒྱ་ཆེར་བྱས་ཏེ་ད་ཆ་དུར་ཁྲོད་དེ་གློག་བརྙན་ལྟ་བུ་ཞིག་ཏུ་བསྒྱུར་བ་མ་ཟད་ཁ་ཁུ་སིམ་པའི་དགོན་གྲོང་གི་འཚོ་བ་དེ་རྔོན་པའི་དམིགས་འབེན་དུ་ལྷུང་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།ད་དུང་རྒྱ་ནག་གི་ཡུལ་སྐོར་བ་མང་པོ་གང་འདོད་དུ་བོད་ཁུལ་གྱི་གནའ་བོའི་དགོན་གྲོང་དུ་འཆམ་ཉུལ་གྱིས། བོད་མི་རྣམས་ཀྱི་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་པར་དང་བརྙན་བླངས་ནས་དྲ་ལམ་དུ་འཇོག་བཞིན་ཡོད་པ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད།  ཐ་ན་བདག་ཅག་གི་སྟོན་པ་རིན་པོ་ཆེ་ཡི་སྐུ་འདྲའི་སྟེང་དུ་འཛེགས་ནས་པར་བརྒྱབ་སྟེ་དྲ་ལམ་དུ་བཀོད་པ་སོགས་ཀྱི་གནད་དོན་ཡང་དྲ་ལམ་དུ་ཐོན་ཏེ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་གླེང་སློང་མང་པོ་བྱུང་ཡོད་པ་མ་ཟད། སྔར་ལོ་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། མཚོ་སྔོན་ཞིང་ཆེན། མཚོ་སྔོན་པོའི་གཡས་གཡོན་དང་། དམིགས་བསལ་དུ་བྲག་དཀར་རྫོང་ཁོངས་སུ་རྒྱ་ནག་གིས་བཙན་བཀའ་བཏང་ནས། ལམ་འགྲམ་གྱི་མ་ཎི་དར་ལྕོག་དང་རྡོ་འབུམ།  དེ་བཞིན་མཆོད་རྟེན་སོགས་ཁོར་ཡུག་འབག་བཙོག་བཟོ་བྱེད་ཡིན་པར་བསྙད་ནས་གཙང་བཟོ་བྱེད་དགོས་བའི་བཀའ་བཏང་སྟེ་ཡོད་ཚད་གཙང་བཟོ་བྱས་ཟིན་པའི་གནས་ཚུལ་ཡང་ར་སྤྲོད་བྱུང་ཡོད།

བཟོ་ཚོང་ཁང་གིས་ཨོ་རྩལ་རྩེད་འགྲན་ལ་སྦྱིན་བདག་གནང་རྒྱུ་མེད་པའི་ཞུ་སྐུལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༥༠ ལྷག་གིས་མཉམ་འབྲེལ་སྒོ་ནས། དྲ་ཐོག་བརྒྱུད་མགྲོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཞབས་ཞུ་སྒྲུབ་མཁན་གྱི་ཚོང་ལས་ཁང་། Airbnb ཞེས་པར་ཞུ་སྐུལ་གྱི་ཡི་གེ་བཏང་སྟེ། བཟོ་ཚོང་ཁང་དེའི་ངོས་ནས་སང་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་ཚོགས་དེར་སྤྱིན་བདག་བྱེད་རྒྱུ་མེད་པའི་སྐུལ་མ་གནང་འདུགཨ་རིའི་ San Francisco གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Airbnb ཚོང་ལས་ཁང་ནི་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲ་ཚོགས་ལ་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་གཙོ་གྲས་ ༡༥ ཙམ་ཡོད་པའི་ཁོངས་ནས་གཅིག་ཡིན་པ་རེད། AP གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༥༠ ལྷག་གིས་ཚོང་ལས་ཁང་དེའི་གཙོ་འཛིན་ Brian Chesky ལགས་སུ་ཆེད་དུ་ཞུ་ཡིག་ཅིག་ཕུལ་བའི་ནང་དུ། ཚོང་ལས་ཁང་དེའི་རྩ་འཛིན་གྱི་ནང་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ཞེས་པ་ཡང་ཡང་གླེང་ཡོད་ནའང་། དེས་རྒྱ་ནག་གི་ནང་དུ་རང་དབང་སྒོ་ནས་འགྲུལ་སྐྱོད་བྱེད་ཐུབ་ཀྱི་མེད་པའི་བོད་མི་དང་ཡུ་གུར་མི་མང་རྣམས་ཀྱི་གནས་སྟངས་ལ་སྣང་མེད་དུ་བཞག་པའི་ཐོག་པེ་ཅིང་གི་ཨོ་རྩལ་ལ་སྦྱིན་བདག་བྱས་པ་བརྒྱུད་ནས་ཁུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སྣ་འདྲེན་བྱེད་ཐབས་གནང་གི་ཡོད་པའི་སྐྱོན་བརྗོད་གནང་འདུག གཞན་ཡང་ཞུ་ཡིག་གི་ནང་དུ། ཚོང་ལས་ཁང་གིས་རྒྱ་ནག་ཏུ་བསྡུ་རྒྱུའི་རྩེད་འགྲན་ལ་མ་དངུལ་མཁོ་འདོན་བྱས་པ་དེ་ཡིས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེར་ཆེར་བསྟོད་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་གིས་རྒྱ་ནག་ནི་ཧ་ཅང་གི་བཀག་རྒྱ་ཆེ་བའི་ས་ཁུལ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དེ་ཡང་མི་མང་གི་སྣང་ངོར་ཆེས་རྒྱུན་ལྡན་ཞིག་ཏུ་བསྒྱུར་བཞིན་ཡོད་པར་ལུང་འདྲེན་གྱིས། བཟོ་ཚོང་ཁང་གིས་བོད་མི་དང་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟོས་མེད་ཀྱིས་རྒྱ་ནག་གི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ནང་འདྲེན་བྱེད་རྒྱུར་སྐུལ་སློང་མི་བྱེད་རྒྱུའི་རེ་སྐུལ་ནན་པོ་གནང་འདུག རྩ་བའི་པེ་ཅིང་ཨོ་ལམ་སྤིག་རྩེད་འགྲན་ལ་སྦྱིན་བདག་གནང་མཁན་ཁོངས་སུ་ coca cola དང། Samsung, Toyota, Alibaba སོགས་ཚོང་ཁས་ཁང་ཆེ་གྲས་ ༡༥ ཙམ་ཡོད་པ་དེ་དག་གིས་ཨོ་སྩལ་ལྷན་ཚོགས་ལ་ཨ་སྒོར་ཐེར་འབུམ་གཅིག་ཙམ་གྱི་དངུལ་དངོས་སྤྲོད་ཟིན་པ་རེད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་གནོན་ཤུགས་དང་ལྷག་པར་ཨོ་རྩལ་གྱི་སྦྱིན་བདག་རྣམས་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་བརྒྱུད་ནས་རྒྱ་ནག་གི་ནང་དུ་བསྡུ་རྒྱུའི་སང་ལོའི་ཨོ་རྩལ་འགྲན་ཚོགས་དེར་མཉམ་བཞུགས་བྱ་རྒྱུ་མེད་པའི་འབད་བརྩོན་གནང་བཞིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧོང་ཀོང་བ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ཐུགས་སྣང་གནང་དགོས་བའི་རེ་འབོད་ཞུ་བཞིན་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ Zhao Lijian ཟེར་བས་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་གི་ཨོ་རྩལ་ལྷན་ཚོགས་ལ་ངོ་རྒོལ་བྱེད་བཞིན་པ་དེར་ཆབ་སྲིད་ཀྱི་དམིགས་འདུན་ཡོད་པར་བརྗོད་ཡོད་པ་མ་ཟད། འགྲོ་བ་མི་ཐོབ་ཐང་དང་སྦྱར་ནས་རྩེད་འགྲན་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པ་ཞིག་ཡིན་སྐོར་ཕྱིར་བསྒྲགས་ཀྱིས།  ཐོབ་ཐང་ཚོགས་པ་ཁག་གི་ལས་འགུལ་དེ་ནི་ཕམ་ཉེས་འབྱུང་ངེས་བ་ཞིག་རེད་ཅེས་བརྗོད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དེ་དག་གི་སྐུ་ཚབ་ནས་རྒྱ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་མཇའ་འཕྲད་ཞུས་ཡོད་ཀྱང་། ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་སྒྲིག་འཛུགས་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐད་ནས་བཏང་སྙོམ་གྱི་ངང་གནས་དགོས་སྐོར་གསུང་བ་དང་འབྲེལ། རྒྱ་ནག་གི་ངོས་ནས་ནས་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་ནས་ཁག་ཐེག་བྱས་ཡོད་ལུགས་ཀྱི་ལན་འདེབས་བྱས་ཡོད་ནའང་། ལྷན་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་བཞག་པའི་ཡིག་ཆ་ཁག་མངོན་གསལ་དོད་པའི་ཕྱི་ལ་བསྟན་མེད་པར་སྐྱོན་བརྗོད་བྱས་འདུག

མགོ་ལོག་རྨ་ཆེན་རྫོང་གི་བོད་མི་ཞིག་ལ་ལོ་གཅིག་གི་ཁྲིམས་ཆད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུགHuman defender  ཞེས་པའི་རྒྱ་ཡིག་གི་དྲ་རྒྱའི་ནང་དུ་གནད་དོན་འཁོད་པ་ལྟར་ན།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འབྲོག་མི་བཀྲ་ཤིས་རྒྱལ་ལགས་སྔར་ལོའི་ཟླ་བ་༥ བའི་ཚེས་ ༣༠ ཉིན་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་ སུ་ཟླ་བ་ ༡༠ བའི་ཚེས་ ༡༣ ཉིན་མགོ་ལོག་རྨ་ཆེན་རྫོང་གི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ཁོང་གིས་ཕྱི་ལོ་ ༢༠༡༤ དང་༢༠༡༥ ལོར་སྔ་རྗེས་སུ་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༸གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་བཞག་ཡོད་པ་མ་ཟད། ད་དུང་དྲ་ཐོག་ནས་ཁྲིམས་འགལ་རང་བཞིན་གྱི་པར་རིས་དང་མགོན་པོ་གང་གི་གསུང་བཤད་སོགས་ཕབ་ལེན་གྱིས་སྐད་འཕྲིན་གྱི་ནང་དུ་བརྒྱུད་སྤེལ་བྱས་ཡོད་པར་བསྙད་དེ། གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་ས་ཁོངས་ཀྱི་ཆིག་སྒྲིལ་བཅས་ལ་ཉེན་ཚབ་བཟོས་ཡོད་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་འདུག དྲ་གནས་སུ་འཁོད་པའི་ནང་།  རྒྱ་ནག་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་སུ་ཉེས་འཛུགས་བྱས་པའི་ཁོངས་སུ་༸གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱི་སྐུ་པར་བརྒྱུད་འགོད་བྱས་པ་མ་ཟད། ལོ་གསར་དང་སྟབས་བསྟུན་གྱིས་བོད་རང་བཙན་དང་འབྲེལ་བའི་གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་དྲ་ཚོམས་སུ་སྐུར་བ་དང་། དེ་བཞིན་༸གོང་ས་མཆོག་བོད་ཏུ་ཕྱིར་ཕེབས་ཀྱི་རེ་སྒུག་སོགས་ཀྱི་བརྙན་སྐུར་བ་སོགས་ཀྱི་ཉེས་འཛུགས་ཀྱང་བྱས་ཡོད་པར་འཁོད་འདུག དེ་བཞིན་གསར་ཁང་གིས། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་ལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་གསང་བའི་སྒོ་ནས་ཐག་བཅད་ཡོད་སྟབས་མང་ཚོགས་ཀྱི་ཁྲོད་ནས་གནད་དོན་དེ་ཤེས་རྟོག་མ་ཐུབ་པར་ལུས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱི་བཀྲ་ཤིས་རྒྱལ་ལགས་ཀྱི་ལགས་ཀྱི་ཁ་པར་ཡང་གཞུང་བཞེས་བཏང་ཡོད་པར་འཁོད་འདུག གཞི་རྩའི་ས་བྱི་ལོའི་བོད་མིའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། རྒྱ་ནག་གིས་བོད་ཁུལ་ཡོངས་སུ་དམ་དྲག་གི་སྲིད་བྱུས་ཇེ་དོམ་དང་བཏང་བ་དང་། དེ་བཞིན་བོད་ཁུལ་དུ་དངུལ་དངོས་ཀྱི་བསླུ་བྲིད་ཀྱི་བོད་མི་ནང་ཁུལ་དུ་ཡང་གསང་མྱུལ་བ་རྩ་འཛུགས་ཀྱིས་བོད་དང་འབྲེལ་བའི་ལས་གཞི་ཁག་གམར་ཤོག་སྲིད་གཞུང་ལ་ཡར་ཞུ་བྱས་ཚེ་བྱ་དགའ་སྤྲོད་རྒྱུའི་ལས་གཞི་རྒྱ་བསྐྱེད་བྱས་པ་བརྒྱུད་ནས། བོད་ཁུལ་དུ་ཕྱོགས་གཅིག་ནས་བོད་དོན་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་ཁག་པོ་ཆགས་ཡོད་པ་དང་། དེ་བཞིན་གནད་དོན་གང་ཞིག་བྱུང་ཡང་ཕྱི་ལོག་ཏུ་གནད་དོན་བརྒྱུད་སྤྲོད་བྱེད་རྒྱུར་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། ཉེ་བའི་ལོ་འགའི་རིང་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་བོད་ཕྱི་ལ་རག་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། མཐའ་མཚམས་བཀག་རྒྱ་སོགས་ཀྱི་རྐྱེན་གྱིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྒྱུ་ཡང་ཧ་ཅང་དཀའ་ཁག་ཆེ་བའི་གནས་སུ་ལྷུད་ཡོད་པའི་ཁྲོད། བོད་ནང་གི་རང་ལས་མེར་བསྲེགས་ཀྱི་མཚོན་པའི་གནད་དོན་དང་འབྲེལ་བའི་ལས་འགུལ་ཆེ་འབྲིང་ཆུང་གསུམ་མི་མངོན་པའི་དབྱིངས་སུ་ལྷག་ཡོད་པ་རེད།

ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་འདུའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་མེད་པར་སྐྱོན་བརྗོད།

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་The Washington postཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཐོབ་ཐང་གི་ཚོགས་པ་མང་པོ་ཞིག་གིས་ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་ནང་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་ཚོགས་འདུ་བསྡུ་སྐོང་བྱས་ཏེ་རྒྱ་ནག་གིས་བོད་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་བསྒྱུར་འོག་གི་མི་རིགས་རྣམས་ལ་དྲག་གནོན་བྱེད་བཞིན་པར་སེམས་འཚབ་ཡོད་པའི་ཐོག   ཨོ་རྩལ་ལྷན་ཚོགས་ཀྱིས་ཚོགས་འདུའི་ཁྲོད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ནས་གླེང་སློང་བྱས་མེད་པར་སྐྱོན་བརྗོད་གནང་འདུགརྩ་བའི་བདུན་ཕྲག་སྔོན་མའི་ནང་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཉིན་གསུམ་གྱི་ཚོགས་ཆེན་བསྡུ་སྐོང་བྱས་པའི་ཁྲོད་དུ། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་གྲྭ་སྒྲིག་བྱེད་སྟངས་དང་། རྩེད་འགྲན་པ་རྣམས་ལ་ཏོག་དབྱིབས་སྔོན་ཁབ་བརྒྱག་རྩིས་སོགས་ལས། རྒྱལ་སྤྱིའི་ཐོབ་ཐང་ཚོགས་ཁག་གིས་ཞུ་སྐུལ་རིམ་པ་བྱས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་གླེང་མོལ་གཅིག་ཀྱང་བྱས་མེད་པ་ཟད། ཚོགས་ཁག་མང་པོའི་རྒྱ་ནག་ནང་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ས་གནས་བརྗེ་བསྒྱུར་བྱེད་དགོས་བའི་འབོད་སྒྲའི་ཐད་ནས་ཀྱང་གླེང་མོལ་གཅིག་ཀྱང་བྱས་མེད་པ་རེད།  སྐབས་དེར་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་ཁག་གིས་ཀྱང་མཉམ་རུབ་ཀྱི་ཐོག་ནས་ཚོགས་འདུ་ཞིག་ཚོགས་ནས་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ཏུ་སང་ལོའི་དགུན་དུས་ཀྱི་རྩེད་འགྲན་བསྡུ་རྒྱུའི་གོ་སྐབས་སྤྲོད་ཐབས་མེད་པའི་ཐད་ནས་འབོད་སྐུལ་བྱས་འདུག གནད་དོན་དེ་དང་འབྲེལ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ། Thomas Bach ཡིས་ཚོགས་འདུ་གྲོལ་མཚམས་སུ་གསར་འགོད་ལྷན་ཚོགས་ཐོགའགྲེལ་བརྗོད་བྱས་པ་ལྟར་ན། ཨོ་རྩལ་ལྷན་ཚོགས་ནི་རྒྱལ་སྤྱིའི་ནང་གི་སྟོབས་ཤུགས་ཆེས་ཆེར་ལྡན་པའི་གཞུང་ལྟ་བུ་ཞིག་མིན་པར་འགྲེལ་བརྗོད་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་། དེ་བཞིན་རྒྱལ་སྤྱིའི་ G7 དང་G20 སོགས་ཀྱིས་སེལ་མི་ཐུབ་པའི་གནད་དོན་ཞིག་ཨོ་རྩལ་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་པ་མ་ཟད། ལྷན་ཚོགས་ལ་ལྷན་ཚོགས་རང་གི་འགན་འཁྲིའི་ཁྱབ་ཁོངས་ཀྱི་འགན་ཡོད་པ་ལྟར། སྲིད་གཞུང་ལ་སྲིད་གཞུང་རང་གི་འགན་ཡོད་སྟབས། ང་ཚོས་ལོ་རྒྱུས་ནས་བསླབ་བྱ་ལེན་དགོས་བའི་སྐུལ་མ་གནང་རྒྱུ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་དེས་དོན་དག་གང་ཡང་འགྲུབ་ཀྱི་མ་རེད་ཅེས་བརྗོད་འདུག སྐབས་དེར། རྒྱ་ནག་གི་བཙན་བྱོལ་གྱི་ཁྲིམས་རྩོད་པ། སྐུ་ཞབས་ Teng Biao ལགས་ཀྱིས་ཀྱང་གསར་ལམ་ཁག་ཏུ་བརྡ་ལན་ཕུལ་བའི་ནང་དུ། རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ཀྱིས་རང་ཉིད་ཀྱི་སྟོད་གོས་ཀྱི་སྟེང་དུ་རྒྱ་ནག་ནང་གི་ཨོ་རྩལ་འགྲན་ཚོགས་ལ་ངོས་ལེན་མེད་པའི་འབོད་སྒྲ་འཁོད་པའི་ཐོག་ནས། སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་གྱིས། རྒྱ་ནག་དང་རྒྱལ་སྤྱིའི་སྒང་ལ་བརྡ་ལན་གསར་བ་ཞིག་སྤྲོད་ཐུབ་པའི་རེ་བ་ཡོད་པར་གསུངས་འདུགརྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་ལྕམ་ Zumretay Arkin ལགས་ཀྱིས་གསར་ཁང་ལ་འགྲེལ་བརྗོད་གནང་དོན། ཁོང་གིས་ཟླ་བ་འདིའི་ཟླ་སྟོད་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་ཞུ་ཡིག་ཅིག་ཕུལ་ནས་རྒྱ་ནག་གི་ནང་དུ་སང་ལོའི་ཨོ་རྩལ་འཚོགས་རྒྱུར་ཐུགས་བསམ་བཞེས་དགོས་བའི་དགོངས་ཚུལ་བཏོན་ཡོད་ནའང་། ཨོ་རྩལ་ལྷན་ཚོགས་ཀྱིས་ཁོང་གི་འབོད་སྒྲ་ལ་སྣང་མེད་བྱས་པར་འགྲེལ་བརྗོད་ཀྱིས། སྔར་ལོའི་ཟླ་བ་བཅུ་བའི་ནང་དུ་ཁོང་དང་ཐོབ་ཐང་གི་ལས་འགུལ་བ་རྣམས་ཨོ་རྩལ་ལྷན་ཚོགས་དང་ཐུག་འཕྲད་ཀྱིས་རྒྱ་ནག་གི་ནང་དུ་ཨོ་རྩལ་འགྲན་ཚོགས་བསྡུ་སྐོང་མི་བྱེད་རྒྱུའི་རེ་ཞུ་ནན་མོ་བྱས་ཡོད་ཀྱང་། ལྷན་ཚོགས་ཀྱིས་ཁོང་ཅག་གི་སྡུག་མྱོང་དང་དཀའ་སྡུག་ལ་ཉན་རྒྱུའི་ཚབ་ཏུ་རྩིས་མེད་བཏང་ཡོད་པར་འགྲེལ་བརྗོད་གནང་འདུགཁོང་གིས་ད་དུང་། ཨོ་རྩལ་ལྷན་ཚོགས་ཀྱིས་བསྐྱར་ཟློས་ཡང་ཟློས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ལྷན་ཚོགས་ཀྱི་དམིགས་ཡུལ་ནི་དབྱེ་འབྱེད་མེད་པར་སྔར་ལས་ལྷག་པའི་འཇིག་རྟེན་ཞིག་གསར་སྐྲུན་བྱེད་རྒྱུ་དེ་ཡིན་པར་བརྗོད་ཡོད་པ་ལྟར། ཁོང་ཚོར་མཚོན་ན། སྔར་ལས་ལྷག་པའི་འཇིག་རྟེན་ནི་རང་དབང་དང་མང་གཙོའི་འཇིག་རྟེན་ཞིག་སྟེ། བཀག་སྐྱིལ་ཁང་དང་ངལ་རྩོལ་བསྒྱུར་བཀོལ་ཁང་། དེ་བཞིན་རིག་གཞུང་དང་ཆོས་ལུགས་ལ་དྲག་གནོན་མེད་པ་ཞིག་ལ་གོ་དགོས་བར་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་གནད་དོན་དང་ཐུག་དུས། ལྷན་ཚོགས་ཀྱིས་སྟབས་བདེ་བའི་སྒོ་ནས་ཆབ་སྲིད་ཀྱི་བར་གནས་རྒྱབ་རྟེན་དུ་བཅོལ་བཞིན་ཡོད་པར་མངོན་གསལ་གྱིས། ཁོང་ཚོའི་ཞུ་སྐུལ་ནི་མི་རིགས་སྡེབ་གསོད་ཀྱི་བྱ་བཞག་ཆེས་ཆེར་གཉེར་བཞིན་པའི་རྒྱལ་ཁབ་ཅིག་གི་ནང་དུ་ཨོ་རྩལ་ལྷན་ཚོགས་ཀྱིས་འགྲན་བསྡུར་བསྡུ་སྐོང་བྱེད་རྒྱུ་ཡིན་ནམ་ཞེས་པ་དེ་ཡིན་ནའང་། ལྷན་ཚོགས་ཀྱི་དྲིས་ལན་དེ་བསྡུ་རྒྱུ་ཡིན་པ་ཞེས་པ་དེ་རེད་འདུག་ཅེས་ངོ་སྤྲོད་གནང་འདུག གསར་ཁང་གིས་ལས་འགུལ་བ་གཞན་ཁག་ཅིག་གི་འབོད་སྐུལ་ལུང་འདྲེན་གནང་བའི་ནང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལྕམ་ Gloria Montgomery ལགས་ཀྱིས་ཉེ་སྔོན་རྒྱ་ནག་གི་ནང་གི་སང་ལོའི་རྩེད་འགྲན་དང་འབྲེལ་ནས། ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༨་ལོའི་རྒྱ་ནག་ནང་གི་ཨོ་རྩལ་འགྲན་ཚོགས་ལས་ནོར་འཁྲུལ་མང་པོ་ཞིག་ངོས་འཛིན་བྱེད་མ་ཐུབ་པར་ལྷག་ཡོད་པར་ངོ་སྤྲོད་ཀྱིས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱབ་རྒྱ་ཆེ་བའི་སྒང་ནས་རྒྱ་ནག་ནང་གི་རྩེད་འགྲན་དེར་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱེད་རྒྱུ་དཀའ་ནའང་། རྩེད་འགྲན་པ་མང་པོས་རྒྱ་ནག་ནང་གི་ཨོ་རྩལ་དང་འབྲེལ་བའི་ལས་འགུལ་ཆེས་ཆེར་སྤེལ་བཞིན་པ་དང་འབྲེལ་ནས་རྩེད་འགྲན་དེར་ཁྱད་པར་ཅུང་ཙམ་བཟོ་ཐུབ་པར་འགྲེལ་བརྗོད་གནང་ཡོད་པ་འཁོད་འདུགདེ་བཞིན་སྐབས་དེར་གསར་ཁང་གིས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་ལ་དྲག་གནོན་བྱས་ཏེ། མི་མང་བཀག་སྐྱིལ་དང་བྱིས་མ་མངལ་ནས་གསོད་པ། དེ་བཞིན་ནང་མི་ཁ་བྲལ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པ་སོགས་ཀྱི་གནད་དོན་རིམ་པར་ཐོན་བཞིན་པ་དང་འབྲེལ་ནས། རྒྱ་ནག་གིས་ཧོང་ཀོང་ནང་གི་ངོ་རྒོལ། དེ་བཞིན་བོད་དང་ཐེ་ཝན་སོགས་སོགས་སོགས་ལ་སྲིད་བྱུས་རང་བཞིན་གྱིས་དྲག་གནོན་བྱེད་བཞིན་ཡོད་པ་ཡོངས་གྲགས་གནང་འདུག  

བསྟན་འཛིན་དོན་འགྲུབ་ལགས་ཀྱིས་སླར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དབུ་འཛུགས།

བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཟླ་བ་གསུམ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བྱང་ཤར་འབྲས་ལྗོངས་ཀྱི་རྣ་ཐོས་ལ་བར་དུ་ཉིན་གྲངས་ ༩༤ ལྷག་གི་རིང་ལ་སྤྱི་ལེ་ ༢༣༠༠ ལྷག་གི་གོམ་བགྲོད་ཀྱི་ལས་འགུལ་གྲུབ་མཚམས་སུ་དེ་རིང་སླར་ཡང་ཁོང་གིས་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་ནས་དབུ་འཛུགས་ཀྱིས་གྲོང་ཁྱེར་ཆེ་ཁག་རྒྱལ་ས་ལྡི་ལི་དང་མཱོན་བྷེ་གསུམ་གྱི་ནང་དུ་སླར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་རྒྱུ་རེད་འདུགགསར་འགོད་པས་ཁོང་ལ་ཞལ་པར་བརྒྱུད་ནས་ཁོང་གི་དྲིལ་བསྒྲགས་ཀྱི་ལས་གཞིའི་སྐོར་ནས་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་བོད་མི་རྣམས་རྒྱ་གར་དུ་བསྡད་ནས་མི་ལོ་ཧྲིལ་བོ་དྲུག་ཅུ་ལྷག་འགོར་ཡོད་ཀྱང་། ད་དུང་རྒྱ་གར་དུ་ནང་དུ་བོད་མི་ཆོས་དང་རིག་གཞུང་དང་འཐབ་རྩོད་སོགས་ཀྱི་སྐོར་ནས་གོ་རྟོག་ཞན་པོ་ཡིན་པར་འགྲེལ་བརྗོད་ཀྱིས་ཐེངས་འདིའི་ཁོང་གི་དྲིལ་བསྒྲགས་ཀྱི་ལས་འགུལ་གྱི་ནང་དུ་གཙོ་བོ་དགོས་འདུན་གསུམ་རྩལ་འདོན་བྱས་ཡོད་པ་ནི། བོད་ཀྱི་ཁོར་ཡུག་གི་གལ་གནད་དང་སྲུང་སྐྱོབ། དེ་བཞིན་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་མི་མང་གིས་ཤེས་རྟོག་བྱེད་ཐབས་དང་། རྒྱ་གར་མི་མང་གིས་རྒྱ་ནག་གིས་ཐོན་སྐྱེད་བྱས་པའི་དངོས་ཟོག་རིགས་བཀག་སྡོམ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ལས་གཞི་རྩ་འཛུགས་བྱེད་རྒྱུ་ཡིན་པར་གསུངས་སོང་།དེ་བཞིན་ཁོང་ལ་ཉེ་ཆར་རིང་ཟླ་བ་གསུམ་ལྷག་གི་རིང་ལ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཚར་ཙམ་ཡིན་སྟབས། ད་ཆ་ཡང་ཟླ་གསུམ་གྱི་རིང་ལ་སླར་ཡང་གྲོང་ཁྱེར་ཆེ་ཁག་ཏུ་ལས་འགུལ་སྤེལ་རྒྱུར་ཁོང་ལ་འཕྲོད་བསྟེན་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་གྱི་གོམ་བགྲོད་ཀྱི་ལས་འགུལ་སྐབས་སུ་གཞུང་ལམ་རྐྱང་བརྒྱུད་ནས་སོང་ཡོད་སྟབས་ལམ་བར་ནས་མི་མང་ལ་ཐུག་འཕྲད་བྱུང་བའི་མི་མང་པོ་ཞིག་སློབ་སྦྱོང་མེད་མཁན་རིགས་ཡིན་སྟབས་ཁོང་གི་སྦྱར་ཡིག་བཀྲམ་རྒྱུའི་ལས་གཞིའི་ཐད་ནས་འདོད་བློ་ཁེངས་བ་ཞིག་ཡོང་མེད་སྟབས་སླར་ཡང་དྲིལ་བསྒྲགས་ཀྱི་ལས་གཞི་དེ་གྲོང་ཁྱེར་ཆེ་ཁག་ནང་གི་སློབ་སྦྱོང་ཡོད་མཁན་གྱི་མི་མང་ལ་དམིགས་ནས་འགོ་འཛུགས་ཞུ་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་ནི་ཉེ་ཆར་སྤེལ་བའི་ལས་འགུལ་དང་བསྡུར་ན་དཀའ་ལས་ཆེན་པོ་མེད་པར་མ་ཟད། ལྷོ་ཕྱོགས་ཀྱི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ལགས་ཀྱི་མཐུན་འགྱུར་གྱི་འོག་ཏུ། བྷང་ལོར་གྱི་ལས་གཞི་ཁག་མ་གྲུབ་བར་དུ་ཁོང་གི་མགྲོན་ཁང་དུ་གནས་སྡོད་བྱེད་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་སོང་།དེ་བཞིན་ཁོང་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་མི་མང་ལ་རེ་སྐུལ་ཞུ་དོན། ལྷོ་ཕྱོགས་ཀྱི་མངའ་སྡེ་ཀཱརནཱ་ཊཀ་ནི་བོད་མི་བཙན་བྱོལ་བ་རྣམས་ཀྱི་སེར་འབྲས་དགའ་གསུམ་གྱི་ཆོས་སྡེ་ཆེ་ཤོས་ཀྱི་གདན་ས་དང་། དེ་བཞིན་བོད་མི་འདུས་སྡོད་ཀྱི་གཞིས་ཆགས་ཆེ་ཤོས་གསུམ་གྱི་ས་ཁུལ་ཞིག་ཆགས་ཡོད་སྟབས། ཐེངས་འདིར་ཁོང་གི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དང་འབྲེལ་ནས་མི་མང་གིས་མཉམ་ཞུགས་ཀྱིས། ཉིན་གཅིག་གི་རིང་ལ་སྦྱར་ཡིག་བཀྲམ་རོགས་བྱེད་ཐུབ་ནའང་སྤྱི་བའི་ལས་དོན་གྱི་ཆ་ཤས་ཤིག་ཏུ་འགྱུར་རྒྱུ་ཡིན་སྟབས། བོད་མི་མང་ཚོགས་ཀྱིས་ཁོང་གི་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་འཛུལ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་སོང་། གཞི་རྩའི་ཁོང་གི་ཐེངས་འདིའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་ནི་རྒྱ་གར་གྱི་གྲོང་ཁྱེར་ལྡི་ལི་དང་བྷང་ལོར། དེ་བཞིན་མཱོ་བྷེ་སོགས་ཀྱི་ནང་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཐོ་སློབ་ཁག་དང་། དེ་བཞིན་མང་ཚོགས་ཀྱི་འདུར་རྒྱུགས་རྒོད་པའི་གྲོང་ཁྱེར་གྱི་ཚོར་ར་ཆེན་པོ། དེ་བཞིན་ས་འོག་གི་མེ་འཁོར་ལྕགས་ལམ་སོགས་སུ་ཆེད་དམིགས་ཀྱིས་སྐོར་སྐྱོད་བྱེད་རྒྱུ་རེད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པའི་ཐོག  འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་བོད་དོན་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་པ་ལྟར།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་གི་ལས་འགུལཞིག་སྤེལ་འདུགདེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་གི་སྣེ་ཁྲིད་གནང་སྟེ་བེུད་གྲངས་བཞི་དང་། སྐྱེས་པ་མི་གྲངས་ ༤༦ བཅས་ཁྱོན་ལས་འགུལ་བ་མི་གྲངས་ ༥༠ ཐམ་པས་རྒྱལ་ས་ལྡིའི་རྒྱ་མིའི་གཞུང་ཚབ་མདུན་དུ་།   བོད་ཀྱི་རྒྱལ་དར་དང་།   འབོད་ཚིག་སྣ་ཚོགས་འཁོད་པའི་སྦྱར་ཡིག་མཉམ་ཁྱེར་དང་འབྲེལ་སོ་སོའི་ངོ་གདོང་ལ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་བཅས་བྲིས་ཏེ།   བོད་ལ་རང་བཙན་དགོས་པ་དང་།    རྒྱ་མི་བོད་ནས་ཕྱིར་སྐྲོལ་བྱེད་དགོས་པ་སོགས་ཀྱི་སྐད་འབོད་དང་སྦྲགས།   གཞུང་ཚབ་ཕྱོགས་སུ་རྒོལ་མཆོང་བྱས་འདུག  སྡེ་ཚན་གཉིས་བྱས་ཏེ་རྒྱ་མིའི་གཞུང་ཚབ་ཏུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་ངོ་རྒོལ་སྐད་འབོད་དང་།  རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་དཀའ་སྡུག་སྐོར་ཞུ་འབོད་སོགས་བྱས་པའི་རྗེས། ས་གནས་སུ་སྔ་ས་ནས་སྐོར་སྲུང་བ་ཕོན་ཆེན་ཞིག་འགྲེམས་འཇོག་གནང་འདུག་པས།    ལས་འགུལ་བ་རྣམས་Mandir Marg ས་གནས་སྐོར་སྲུང་ལས་ཁུངས་ནང་བཀག་སྐྱིལ་བྱས་ཡོད་པ་རེད་།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱི་གསུངས་དོན་བྱས་ན།  དེ་རིང་གི་ལས་འགུལ་དེའི་ནང་བདེ་སྐྱིད་གླིང་དང་།   སྤོན་ཏྲ།  སྤུར་ཝ་ལ།  སིམ་ལ།  ལྡི་ལི།  ཧར་སྤེ་སྤུར་བཅས་ས་གནས་ཁག་དྲུག་ནས་ལས་འགུལ་བ་མི་གྲངས་ལྔ་བཅུ་ཡོད་པ་དང་།   དེ་ཡང་མི་གྲངས་ལྔ་བཅུ་འཇོག་དགོས་དོན་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་ཏེ་ལོ་གྲངས་ ༥༠ འཁོར་བའི་གྲངས་ཀའི་རང་བཞིན་གྱི་མཚོན་དོན་ཞིག་དང་།  གཉིས་ནས་ད་རེས་གནས་སྟངས་ཀྱི་ཆ་ནས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་གྱིས་གྲངས་ཚད་ལ་ཚད་བཀག་བྱས་པ་སོགས་ཀྱི་འགྲེལ་བརྗོད་དང་སྦྲགས།   རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་།   དགོན་སྡེ་ཁག་དྲུག་སྟོང་ལྷག་གཏོར་བཅོམ་བྱས་པ་མ་ཟད།   བོད་ནང་ད་དུང་ཡང་བོད་མི་ཚོ་གནས་སྟངས་ཛ་དྲག་འོག་གནས་ཡོད་པར་ལྟོས་མེད།   སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་སྟབས་།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་པའི་བོད་པའི་ཚོགས་པ་ཁག་ནས་བོད་ལ་རང་བཙན་མ་བྱུང་གི་བར་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་སོགས་གསུང་འདུག

རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་སྟོབས་ཤུགས་ལ་གདོང་ལེན་བྱེད་དགོས།

དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་རྒྱ་ནག་དབང་འཛིན་གྱི་དྲག་པོའི་བཙན་བཟུང་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༢ འཁོར་བའི་དུས་དྲན་ཉིན་མོ་ཆགས་ཀྱི་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་བསྟན་སྲིད་སླད་སྐུ་ལུས་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་ཞུམ་པ་མེད་པར་ཡི་རངས་བསྔགས་བརྗོད་དང་མྱ་ངན་གུས་འདུད་ཞུས་པའི་ཐོག་གཞུང་འབྲེལ་གྱིས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་སྲུང་བརྩི་ཞུས་སོང་།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་མཛད་གཙོ་རྣམ་པ་དང་། སྲིད་ཞུའི་ལས་བྱེད་དྲུང་གཞོན་ཡན་དང་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྐུ་ཚབ་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཡོངས་ཁྱབ་གསུང་འཕྲིན་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་མྱ་ངན་གུས་འདུད་ཞུས་པ་དང་། བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་ཡོངས་ལ་གདུང་ཤུགས་དྲག་པོས་ཐུགས་གསོ་དང་སྦྲགས། ཉེ་ལམ་རྒྱ་གཞུང་གིས་གཅར་རྡུང་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་གྲྭ་བསྟན་འཛིན་ཉི་མ་ལགས་དང་། སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་ཀྱིས་གནད་དོན་ལུང་འདྲེན་གྱིས་ཁོང་རྣམ་གཉིས་ཀྱིས་གནས་དོན་དེའི་རྒྱ་གཞུང་གིས་བོད་མིའི་ཐོག་བཟོད་དུ་མེད་པ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་འདོན་གནང་གི་ཡོད་པ་གསུངས་སོང་། དེ་བཞིན་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གསང་མྱུལ་ལྟ་ཞིབ་དང་དམ་དྲག་ཇེ་ཆེར་བྱས་པའི་ཐོག་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མ་ཟད། ལྷག་པར་དུ་ད་ཆ་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་འོག་བོད་ཙམ་མིན་པར་གོ་ལ་སྤྱིའི་མང་གཙོར་ཉེན་ཚབས་བཟོ་བཞིན་ཡོད་པས། འཛམ་བུ་གླིང་གི་མང་གཙོའི་རྒྱལ་ཁབ་ཡོངས་ནས་མཉམ་རུབ་ཀྱིས་དེར་གདོང་ལེན་བྱེད་དགོས་སྐོར་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་འདས་ལོར་ཨ་རིའི་ངོས་ནས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་། དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཚང་མར་ཐུགས་རྗེ་ཞུས་སོང་། ཕྱོགས་མཚུགས་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་འབྲེལ་ནས། རིང་མིན་ཟླ་ ༤ པའི་ཚེས་ ༡༡ ཉིན་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོ་ཡིན་སྟབས། བོད་མི་ཡོངས་ཀྱིས་སྤྱི་དོན་སླད་ནུས་པ་མཉམ་སྤུངས་དང་རྡོག་རྩ་ཆིག་སྒྲིལ་གནང་དགོས་པ་མ་ཟད། སྤྱི་ཚོགས་དྲ་ལམ་བེད་སྤྱོད་ལོག་པར་བཏང་ནས་ཆིག་སྒྲིལ་ལ་གནོད་པའི་གཏམ་ཉོག་སྤེལ་རྒྱུ་མེད་པ་དང་། གལ་ཏེ་དེ་ལྟར་གྱི་བྱ་སྤྱོད་སྤེལ་མཁན་རིགས་ཤེས་ཚེ་བོད་མིའི་སྒྲིག་འཛུགས་ངོས་ནས་ཐེར་འདོན་བྱ་རྒྱུ་ཡིན་སྐོར་གསུངས་སོང་། མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོངས་ཐབས་ལ་འབད་རྩོན་བྱེད་བཞིན་པ་དེ་ལྟར་ཡང་། རྒྱ་གཞུང་ནས་ད་བར་དེའི་ཐད་ཚུལ་མཐུན་གྱི་ཡ་ལན་གང་ཡང་བྱུང་མེད་པའི་ཁར། རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་གཏོར་བཤིག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་གཏོང་བཞིན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་གཞུང་ལ་གདོང་ལེན་དང་། དེ་བཞིན་ད་ཆ་བཙོན་འོག་ཏུ་ཡོད་པའི་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་མགྱོགས་མྱུར་གློད་བཀྲོལ་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་ད་བར་གར་སོང་ཆ་མེད་དུ་སོང་བ་རྣམས་ཀྱིས་གནས་སྟངས་གསལ་བཤད་དགོས་བར་རྒྱལ་ཚོགས་བརྒྱུད་རྒྱ་གཞུང་ལ་ནན་བརྗོད་ཞུས་སོང་།  དེ་བཞིན་ཚོགས་གཙོ་མཆོག་གིས་ཨ་རི་ནས་བོད་ནང་ཕར་འགྲོ་ཚུར་འོང་དང་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཉིས་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་ནང་བོད་དོན་གླེང་སློང་སོགས་སྔར་ལྷག་བྱུང་བཞིན་སྟབས། ཁྲིམས་ཡིག་དང་བགྲོ་གླེང་དེ་དག་བརྒྱུད་བོད་དོན་དཀའ་རྙོག་སེལ་བར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གྱི་གསུང་བཤད་གནང་སོང་།དེ་རིང་གི་གཞུང་འབྲེལ་མཛད་སྒོ་གྲུབ་པ་དང་བསྟུན། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རླངས་འཁོར་འབབ་ཚུགས་སུ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་གི་འོག གསུམ་བཅུའི་དུས་དྲན་གྱི་མཛད་སྐོང་ཚོགས་ཀྱིས་མང་ཚོགས་ལ་ཚོགས་པ་ལྔའི་མཉམ་འབྲེལ་གྱི་བསྒྲགས་གཏམ་སྤེལ་བ་མ་ཟད། བཞུགས་སྒར་ཁུལ་ནས་རྡ་ཤོད་ཀ་ཅ་རཱིའི་མདུན་ཐང་གི་བར་དུ་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་བྱས་བའི་ཁྲོད། ས་གནས་བོད་མི་རྒན་དར་གཞོན་གསུམ་དང་སྐྱ་སེར་ཕོ་མོ་ཡོངས་ཀྱི་འཛུལ་ཞུགས་བྱས་པ་མ་ཟད། བཞུགས་སྒར་ཁུལ་གྱི་རྒྱ་གར་གྱི་ཡུལ་མི་དང་མི་རིགས་གཞན་ཁག་ཅིག་གིས་ཀྱང་འཛུལ་ཞུགས་གནང་སོང་། ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ལགས་ཀྱིས་གཏམ་བཤད་གནང་སྐབས། ནམ་རྒྱུན་ནས་བོད་མི་རྣམས་ཀྱིས་བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པ་ལྟར། རྒྱ་གར་བྱང་ཤར་འབྲོག་ལམ་གྱི་ཁུལ་དང་དེ་བཞིན་ལ་དྭགས་ Galwan ཁུལ་གྱི་རྒྱ་ནག་གི་སུམ་འཛུལ་གྱི་དོན་རྐྱེན་དྲན་གསོ་གནང་བ་བརྒྱུད་ནས། དོན་དངོས་ཀྱི་ཐོག་ནས་བོད་ཀྱི་རང་དབང་དེ་རྒྱ་གར་གྱི་བདེ་འཇགས་ཡིན་པར་ར་སྤྲོད་བྱས་ཡོད་པ་དྲན་གསོ་གནང་བ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷག་པར་རྒྱ་གར་གཞུང་གོས་ནས་རང་ཉིད་ཀྱི་ཕྱི་འབྲེལ་གྱི་སྲིད་བྱུས་སྤྱི་ཡོངས་ཀྱི་མཚོན་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་བསྐྱར་ཞིབ་གནང་དགོས་བའི་འབོད་སྐུལ་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་ནག་གི་བོད་ས་བཙན་བཟུང་བྱས་པ་ནས་ད་བར་རིག་གནས་གསར་བརྗེ་ཆེན་མོ་དེ་མུ་མཐུད་དུ་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་ཡོད་སྟབས། བོད་མི་རྣམས་ཀྱིས་གཞུང་འབྲེལ་དང་གཞུང་མིན་པའི་སྡིངས་ཆ་སྣ་མང་བརྒྱུད་ནས་བོད་དོན་གྱི་ཕྱིར་ཏུ་ལས་འགུལ་སྤེལ་རྒྱུ་དང་། ཨ་རི་བཞིན་རྒྱལ་ཁབ་གཞན་ནང་དུའང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་ཡོང་ཐབས་སླད་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་པར་དྲན་སྐུལ་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་པོའི་སྐུ་ཚབ་སོ་སོ་ནས་གཏམ་བཤད་ཁྲོད་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ལ་རྗེས་དྲན་ཞུས་པ་མ་ཟད། རྒྱ་ནག་གིས་ཇི་ཙམ་གྱི་དྲག་གནོན་བྱས་པ་དེ་ཙམ་གྱིས་བོད་མིའི་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་རྒྱུ་ཡིན་པ་བསྐྱར་ནན་དང་འབྲེལ། བྱེས་ཀྱི་བོད་མི་རྣམས་ཀྱིས་གཞིས་ལུས་མི་མང་གི་ཚབ་བྱས་པའི་ཐོག་ནས་རང་རེའི་རྩ་དོན་གྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པར་ཞུ་སྐུལ་གནང་སོང་།

རྒྱ་ནག་གིས་ཨང་རྟགས་༠༥༥ ཅན་གྱི་དམག་གྲུར་ལྷ་ས་ཞེས་པའི་མིང་བཏགས་པར་སྐྱོན་བརྗོད།

ཁ་ཉིན་གཟའ་ཉི་མའི་ཉིན་རྒྱ་ནག་གི་གཞུང་འབྲེལ་གྱི་བརྙན་འཕྲིན་ཁང་།  CCTV ཞེས་པའི་ནང་ཉེ་ཆར་རྒྱ་ནག་གིས་ shandong ཞིང་ཆེན་གྱི་ Qingdao ཞེས་པའི་མཚོ་ཐོག་ཏུ། ༠༥༥ རྟགས་ཅན་གྱི་མཚོ་དམག་གི་གྲུ་གཟིངས་ཐོན་གཉིས་བ་ཞིག་འགྲེམ་འཇོག་བྱས་ཡོད་པ་དང་།  དམག་གྲུ་དེིའི་མིང་ལ་ལྷ་ས་ཞེས་བཏགས་པ་མ་ཟད། ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པས་དེར་གཟིགས་ཞིབ་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Freetibet ཞེས་དབྱིན་ཡུལ་བོད་རང་དབང་ཚོགས་པའི་ངོས་ནས་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་ལྗིད་ཚད་ལ་ཏོན་ཆིག་ཁྲི་ལྷག་ཡོད་པའི་མཚོ་དམག་གནམ་གྲུ་འབོར་འདྲེན་བྱེད་སྤྱད་ཀྱི་དམག་གྲུ་དེར་བོད་ཀྱི་རྒྱལ་ས་ལྷ་སའི་མིང་འདོགས་བྱས་པར་སྐྱོན་བརྗོད་ཀྱིས། གནད་དོན་དེ་ནི་རྒྱ་ནག་གིས་བོད་མིར་བརྙས་བཅོས་བྱས་པའི་སྐྱུག་བྲོ་བའི་བྱེད་བབ་ཅིག་ཡིན་པར་མངོན་གསལ་དང་འབྲེལ། རྒྱལ་ས་ལྷ་ས་དང་རྒྱ་ནག་གི་དམག་གྲུ་དེ་གཉིས་ཀྱི་བར་དུ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་ནི་གཉིས་ཀའི་ནང་རྒྱ་ནག་གི་དམག་མིས་ཁེངས་ཡོད་པ་དེ་རེད་ཅེས་གསུང་འདུག ཚོགས་པ་དེའི་ལས་འགུལ་དང་དྲིལ་བསྒྲགས་ཀྱི་འགན་འཛིན་སྐུ་ཞབས་ John Jones  ལགས་ཀྱིས། རྒྱ་ནག་གི་བྱེད་བབ་དེ་ཡིས་ཞི་ཅིན་ཕེན་གྱི་དབང་བསྒྱུར་འོག་གི་དྲག་ཤུགས་ལྡན་པའི་ཕྱི་འབྲེལ་གྱི་སྲིད་བྱུས་དེ་ཕྱི་ལ་མངོན་གྱི་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་དང་བཅས། རྒྱ་ནག་གི་བོད་མིར་དབང་བསྒྱུར་བྱས་པར་དུས་རྒྱུན་ནས་བོད་མིའི་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་པར་དྲག་གནོན་གྱིས་བསྡམས་ནས་ཡོད་པའི་རྒྱལ་ས་ལྷ་སའི་མིང་དེ་རྒྱ་ནག་གི་མཚོ་དམག་གི་མཐར་སྐྲོད་དམག་གྲུར་བཏགས་པ་ནི་བོད་མི་རྣམས་ལ་བརྙས་བཅོས་བྱས་པ་ཞིག་ཡིན་སྐོར་མངོན་གསལ་གནང་འདུག དེ་བཞིན་ཁོང་གིས། རྒྱ་ནག་གི་བྱེད་བབ་དེ་ལས་གསལ་བོར་ཤེས་རྟོགས་བྱུང་བའི་གནད་དོན་གཞན་ཞིག་ནི། རྒྱ་ནག་སྲིད་གཞུང་གིས་རྒྱལ་སྤྱིའི་བཀག་རྒྱ་མེད་པར་འགྲོ་བ་མིའི་ཐོབ་ཐང་ལ་སྤོབས་པ་ཆེན་པོའི་རྡོག་རོལ་གཏོང་བཞིན་པའི་རྣམ་པ་ཞིག་མཚོན་པར་ངོ་སྤྲོད་ཀྱིས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དེའི་ཐོག་ངེས་པར་དུ་ཐུགས་སྣང་གནང་སྟེ་དོན་དམ་པའི་ཕྱག་བསྟར་སྒོ་ནས་རྒྱ་ནག་ལ་གནོད་ཤུགས་སྤྲོད་དགོས་པ་མ་ཟད། དེའང་ཐོག་མར་ཤིན་ཅང་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ Chen Quango ལ་སྲིད་དོན་ཉེས་ཆད་གཅོད་རྒྱུ་དབུ་འཛུགས་གནང་དགོས་ཀྱི་ཡོད་སྐོར་རེ་ཞུ་གནང་འདུག སྤྱིར་རྒྱ་ནག་གི་དཔྱད་བརྗོད་པས་བརྗོད་པ་ལྟར་ན། ཨང་རྟགས་ ༠༥༥ ཅན་གྱི་བཅིངས་གྲོལ་དམག་མིའི་དམག་གྲུ་དེ་ནི་འཛམ་གླིང་ནང་དམག་འཐབ་ཁྲོད་སྟོབས་ཤུགས་ཆེ་བའི་དམག་ཆས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཐེངས་འདིར་མཐར་སྐྲོད་ཀྱི་དམག་གྲུ་དེ་ལྟ་བུ་ཞིག་བཟོ་ཐུབ་པ་དེ་ནི་རྒྱ་ནག་མི་མང་བཅིངས་གྲོལ་དམག་མིའི་འཐབ་བྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དམག་གྲུ་དེ་བརྒྱུད་ནས་རྒྱ་ནག་གིས་རྒྱལ་ཁོངས་ཀྱི་བདག་དབང་དང་ས་ཁོངས་ཀྱི་ཆིག་སྒྲིལ་སོགས་ལ་ཕན་ནུས་ཆེན་པོ་སྐྲུན་ཐུབ་པར་འཁོད་འདུག གཞི་རྩའི་རྒྱ་ནག་གིས་སྤྱི་ལོ་ ༢༠༡༧ ལོར་ཨང་རྟགས་༠༥༥ ཅན་གྱི་མཚོ་དམག་ཁུལ་དུ་གནམ་གྲུ་འབོར་འདྲེན་གྱི་གྲུ་གཟིངས་དང་པོ་དེ་བཟོ་སྐྲུན་བྱས་ཡོད་པ་དང་། སྔར་ལོའི་ལོ་མཇུག་བར་དུ་ཨང་རྟགས་ ༠༥༥ ཅན་གྱི་དམག་གྲུ་རིགས་ལྔ་གསར་བྱས་ཡོད་པ་དང་། མཚོ་གྲུ་དེ་དག་ནི་རྒྱ་ནག་གི་གནམ་དམག་གི་དམག་ཆས་སྐྱེལ་འདྲེན་བྱེད་པར་བཟོས་ཡོད་པ་ཞིག་ཡིན་པ་རེད།  ད་ལྟའི་ཆར་རྒྱ་ནག་གིས་ལེ་ཉིང་( Liaoning) དང་ཧྲན་ཏོང་ (Shandong) ཞེས་མཚོ་དམག་གནམ་གྲུ་སྐྱེལ་འདྲེན་གྱི་གྲུ་གཟིངས་ཆེ་ཁག་གཉིས་བཟོས་ཡོད་པ་དང་། དམག་གྲུ་གསུམ་པ་དངོས་སུ་བཟོ་བཞིན་པ་རེད་འདུག རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་།  བོད་མིའི་ཆོས་རིག་རྩ་གཏོར་དང་ཁོར་ཡུག་འབག་བཙོག  དེ་བཞིན་མི་རིགས་རྩ་གཏོར་གྱི་ལས་གཞི་སྣ་མང་སྤེལ་བཞིན་པའི་ཁྲོད།  ཉེ་བའི་ལོ་འགའི་རང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བོད་ཁུལ་དུ་ཡོང་ནས་བོད་མིའི་དད་རྟེན་གྱི་སངས་རྒྱས་ཀྱི་སྐུ་རྟེན་གྱི་ཐོག་ཏུ་རྡོག་བརྫུས་བྱས་ཏེ་པར་བརྒྱབས་པ་དང་། ཐ་ན་བོད་མིའི་དུར་འཇུག་གི་ས་ཁུལ་མང་པོ་དང་། སྒོས་སུ་གསེར་རྟ་བླ་རུང་ཆོས་སྒར་གྱི་བོད་མིའི་འདུས་མཆོད་སྒྲུབ་སའི་དུར་ཁང་དུ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཕྱིན་ཏེ། བྱ་རྒོད་ཀྱིས་བེམ་པོ་ཟ་བཞིན་པར་པར་བརྙན་བླངས་ནས་དྲ་ཐོག་ཏུ་བཀྲམས་པ་སོགས་ལ་བོད་མི་རྣམས་ཀྱིས་བཟོད་བརླགས་བྲལ་བའི་ངང་ནས་སྡུག་དམོད་བྱེད་བཞིན་ཡོད་པ་ལྟར།  ད་ཆ་ཡང་བོད་མིའི་ཆོས་རིག་གི་སྟེ་བའི་རྒྱལ་ས་ལྷ་སའི་མཚན་གནས་དེ་དམག་འཐབ་ཀྱི་གྲུ་གཟིངས་ཤིག་ལ་མིང་འདོགས་བྱས་པ་དེ་ཡིས་ཀྱང་རྒྱ་ནག་གིས་བོད་མི་རྣམས་ཀྱི་རིག་གནས་དང་དད་མོས་ལ་རྡོག་བརྫིས་གཏོང་གི་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

Latest news