Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

སྤྱི་མང་ཐོབ་ཐང་གི་ཐེབས་རྩ་ཁང་གསར་འཛུགས་གནང་རྒྱུའི་གསལ་བསྒྲགས།

ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ཀྱིས་ཁོང་ནས་གང་མགྱོགས་རྒྱ་ནག་དང་ཊར་ཀི་ལྟ་བུའི་མང་ཚོགས་ཀྱི་ཐོབ་ཐང་རྩོད་ལེན་སླད་ཐེབས་རྩ་ཁང་ཞིག་གསར་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག སྐུ་ཞབས་ Enes Kanter Freedom ལགས་ཀྱིས་འཕྲུལ་སྒྲ་དྲ་ལམ་ཐོག་སྤྱི་མང་ཐོབ་ཐང་གི་ཐེབས་རྩ་ཁང་དེ་རྒྱལ་སྤྱིའི་ཁྲོད་རང་དབང་དང་ཞི་འཇགས། དབུལ་ཕོངས་ཀྱི་ངལ་བ་སེལ་ཐབས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གོང་མཐོར་བཅས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་གསུངས་འདུག་པ་དང་། རེས་གཟའ་ཕུར་བུ་ཉིན་ Capitol Hill དུ་གསར་འགོད་གསལ་བསྒྲགས་སྤེལ་བ་བརྒྱུད་ཐེབས་རྩ་ཁང་དབུ་འབྱེད་གནང་རྒྱུ་རེད་འདུག ཁོང་གིས་ Washington Times གསར་ཁང་ལ་མི་མང་པོ་ཞིག་གིས་ང་ལ་སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཡིན་ནམ་མང་གཙོ་ཚོགས་པའི་ཕྱོགས་གཏོགས་ཡིན་ནམ་ཞེས་བཅར་འདྲི་གནང་གི་འདུག་ཀྱང་། རང་ཉིད་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་ཕྱོགས་གཏོགས་གང་གི་ཁོངས་སུ་ཞུགས་འདོད་མེད། ལྷག་པར་དྲང་བདེན་གྱི་དོན་དུ་ཡོད་ཚོད་བློས་བཏང་དགོས་ཀྱང་དེ་ལྟར་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Enes Kanter Freedom ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་རིམ་པ་གནང་རྐྱེན་རྒྱ་གཞུང་ནས་དེ་སྔ་ཁོང་གི་རུ་ཁག་ Boston Celtics གི་རྩེད་མོ་ཡོངས་རྒྱ་ནག་དང་ཧོང་ཀོང་ནང་རྒྱང་བསྲིང་བཀག་སྡོམ་བྱས་ཡོད་པ་རེད།སིལ་སྤོལ་རུ་ཁག་ Boston Celtics གིས་ཁོང་ Houston Rockets རུ་ཁག་ལ་ཚོང་འབྲེལ་བྱས་པ་དང་མཐར་སིལ་སྤོལ་རུ་ཁག་དེས་ཀྱང་ཉར་མེད་པའི་གནས་ཚུལ་བྱུང་ཡོད།    ཁོང་གིས་གལ་ཏེ་ངས་ཊར་ཀིའི་གནད་དོན་གཅིག་པུ་བཤད་པ་དང་རྒྱ་ནག་གི་སྐོར་ལ་གང་ཡང་མ་བཤད་ཚེ་ད་ལྟའི་ཆར་སིལ་སྤོལ་རྩེད་འགྲན་ནང་མུ་མཐུད་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་ངེས་རེད་ཅེས་དང་། ལྷག་དོན་ཁོང་གིས་སིལ་སྤོལ་རྩེད་འགྲན་རུ་ཁག་གི་སྦྱིན་བདག་རྣམས་ནི་དངུལ་དང་ཚོང་ཁོ་ནར་དམིགས་པ་མ་གཏོགས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་དང་དོ་སྣང་གནང་གི་མེད་ཅེས་གསུངས་འདུག

ཨ་རི་གཞུང་གིས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་ཕྱག་བལྟར་གནང་རྒྱུ་དབུ་འཛུགས།  

ཨ་རིའི་སྲིད་འཛིན་སྐུ་ཞབས་ Biden མཆོག་གིས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་རིགས་མཚམས་འཇོག་བྱ་རྒྱུར་དམིགས་པའི་ Uyghur Forced Labor Prevention Act ཞེས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་པ་ལྟར་ཨ་རིའི་གཞུང་གིས་ཁ་སང་ཚེས་ ༢༡ ནས་བཟུང་སྟེ་ཁྲིམས་གཞི་དེ་དངོས་སུ་ཕྱག་བསྟར་གནང་རྒྱུ་དབུ་འཛུགས་གནང་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony J. Blinken མཆོག་གིས་ཁ་སང་ཕྱི་ཚེས་ ༢༡ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཨ་རིའི་ཕྱི་ཚོང་དང་ས་མཚམས་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་ཀྱིས་ཤིན་ཅང་ཁུལ་ནས་ཐོན་པའི་དངོས་ཟོག་ཡོངས་རྫོགས་བཀག་སྡོམ་གནང་རྒྱུའི་ཁྲིམས་གཞི་དངོས་སུ་ཕྱག་བསྟར་དབུ་འཛུགས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་གཙོས་ཟུང་འབྲེལ་ཚོགས་སྡེ་ཁག་དང་ལྷན་དུ་མུ་མཐུད་མཉམ་ལས་གནང་སྟེ་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེར་དགག་བྱ་ནན་མོ་གནང་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གདལ་བཤིག་བཏང་བ་དེ་ལྟ་བུའི་དྲག་སྤྱོད་ལ་གདོང་ལེན་སླད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་རུབ་ཀྱིས་ནུས་ཤུགས་འདོན་རྒྱུ་ཡིན་སྐོར་བཀོད་འདུགཕྱི་སྲིད་དྲུང་ཆེ་མཆོག་གིས་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་འདྲ་ཞིག་ཏུ་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་གཙོས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གདལ་བཤིག་བཏང་བའི་ལས་དོན་རིགས་ལ་གདོང་ལེན་གནང་རྒྱུ་ནི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཁོང་གིས་དབུ་ཁྲིད་པའི་ཨ་རི་གཞུང་གཉིས་ལ་གལ་གནད་ཆེ་ཤོས་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། ང་ཚོས་ཤིན་ཅང་ནང་གི་ཡུ་གུར་བའི་ངལ་རྩོལ་གནས་སྟངས་ལ་གཞིགས་ཏེ་ད་བར་རྒྱ་ནག་ཐོག་ Magnitsky ཞེས་པའི་ཁྲིམས་གཞི་ལག་བསྟར་འོག་དཔོན་རིགས་ཁག་གཅིག་ལ་མཐོང་མཆན་བཀག་སྡོམ་དང་དཔལ་འབྱོར་གྱི་ཁྲིམས་བཅད། དེ་བཞིན་ཕྱི་ཚོང་དངོས་ཟོག་དམ་བསྒྲགས་གནང་རྒྱུ་སོགས་དོན་དམ་གྱི་འགན་ཁུར་ཐུབ་པའི་ལས་དོན་མང་དག་ཅིག་སྤེལ་ཡོད་པར་གསུངས་འདུགགཞན་ཡང་ཁོང་གིས་ང་ཚོས་བློ་མཐུན་ཟུང་འབྲེལ་ཚོགས་སྡེ་ཁག་དང་མུ་མཐུད་མཉམ་ལས་གནང་དགོས་པ་དང་ཁྲིམས་མཐུན་ཁ་དན་ཟིན་པའི་བཟོ་ཚོང་ཁག་ལའང་རྒྱ་ནག་གིས་ལོག་པར་སྤྱོད་པའི་བྱ་སྤྱོད་དག་ལས་ཁེ་འབབ་རྩ་བ་ནས་ལེན་རྒྱུ་མེད་པའི་དྲན་སྐུལ་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་པར་མ་ཟད། ང་ཚོའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་གནང་སྟེ་རྒྱལ་སྤྱིའི་ཁྲོམས་རའི་ཁྲོད་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ལས་བྱུང་བའི་དངོས་ཟོག་རིགས་མེད་པ་བཟོ་ཐབས་དང་། ཤིན་ཅང་ནང་དུ་རྒྱ་གཞུང་གིས་ཚབས་ཆེན་གྱི་བཙན་གནོན་བྱ་སྤྱོད་སྤེལ་ཁག་མཚམས་འཇོག་ཐུབ་ཐབས། ཁྱད་པར་དུ་རྒྱ་ནག་གཞུང་ལ་འཕྲལ་མར་ཉིད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དང་དེ་བཞིན་ངལ་རྩོལ་བསྒྱུར་བཀོད་ཀྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ཞུ་འབོད་གནང་བཞིན་ཡོད་པ་གསུངས་འདུགགཞི་རྩའི་འདས་ལོ་ནང་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་གིས་ཤིན་ཅང་ཁུལ་དུ་མི་མང་བཀག་སྐྱིལ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པར་སྐྱོན་བརྗོད་གནང་སྟེ་ཁུལ་དེ་ནས་ཐོན་པའི་དངོས་ཟོག་ཡོངས་རྫོགས་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གསར་པ་ཞིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཡོད་པར་མ་ཟད། སྐབས་དེའི་གྲོས་འཆར་འདོན་མཁན་སྐུ་ཞབས་ Marco Rubio ལགས་དང་ Jeff Merkley ལགས་རྣམ་གཉིས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཤིན་ཅང་དང་འབྲེལ་བའི་དངོས་ཟོག་བཀག་སྡོམ་གྱི་གྲོས་ཆོད་དེས་རྒྱ་ནག་དང་སྒོས་ཤིན་ཅང་གི་ངལ་རྩལ་བསྒྱུར་བཀོད་ལས་ཁེ་འབབ་བྱུང་མཁན་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་དང་། ལྷག་དོན་ཨ་རིའི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་རིགས་ལ་ནག་ཉེས་འགེལ་བཞིན་པ་དག་ལ་མིག་ལོང་བ་ལྟར་སྡོད་རྒྱུ་མེད་པར་བཟོ་ཚོང་ཁང་གཞན་ལའང་ཚུན་མིན་གྱི་བྱ་སྤྱོད་ཚབས་ཆེན་དག་ལས་ཁེ་འབབ་ལོངས་སུ་སྤྱོད་འཇུག་རྒྱུ་མིན་སྐོར་ནན་བརྗོད་གནང་ཡོད།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་དོན་ཞུ་གཏུག་གནང་བ།

བོད་མིའི་ལས་འགུལ་བ་སརྒྱས་སྐྱབས་ལགས་དང་རབ་དགའ་ལགས་རྣམས་གཉིས་ཁེ་ན་ཌའི་རྒྱལ་ས་ Ottawa ལ་འབྱོར་རྗེས་ཁ་སང་ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌའི་དབུས་གཞུང་གི་གྲོས་ཚོགས་སུ་མཇུག་སྒྲིལ་གནང་བ་དང་བསྟུན་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་གྲོས་ཚོགས་ཀྱི་ར་བར་མཇལ་འཕྲད་བརྒྱུད་བོད་དོན་ཞུ་གཏུག་གནང་འདུགདེ་ཡང་ཟླ་བ་འདིའི་ཚེས་ ༡༡ ཉིན་ཁེ་ན་ཌར་གནས་བཞུགས་བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་ཨ་རི་ Minnesota གནས་བཞུགས་བོད་མི་ལས་འགུལ་བ་རབ་དགའ་ལགས་རྣམ་པ་གཉིས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་བ་ལྟར་ཕྱི་ཚེས་ ༢༠ འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་ཁོང་རྣམ་གཉིས་ Ottawa ལ་འབྱོར་རྗེས་ཕྱི་ཚེས་ ༢༡ ཉིན་གྲོས་ཚོགས་ར་བར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Elizabeth May ལགས་དང་མཇལ་མོལ་གནང་སྟེ་བོད་དོན་ཞུ་གཏུག་གནང་འདུག་པར་མ་ཟད། སྐབས་དེར་ལྕམ་སྐུ་མཆོག་གིས་ལས་འགུལ་བ་གཉིས་ལ་མཇལ་དར་སྒྲོན་ནས་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་བཞིན་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་Arif Virani ལགས་དང་སྐུ་ཞབས་ Garnett Genius ལགས་རྣམ་གཉིས་དང་མཇལ་མོལ་བརྒྱུད་བོད་དོན་ཞུ་གཏུག་གནང་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ལས་འགུལ་བ་གཉིས་དང་མཇལ་མོལ་གནང་བ་དང་། སྐབས་དེར་ཁོང་རྣམ་གཉིས་ནས་ལས་འགུལ་འདི་གང་གི་ཕྱིར་སྤེལ་བ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་བརྙན་ཞིག་ཆེད་བཀོད་གནང་འདུག་པ་དང་། སྐུ་ཞབས་ Arif Virani ལགས་ཀྱིས་སརྒྱས་སྐྱབས་དང་རབ་དགའ་ལགས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་སླད་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་ཉིན་ལྟར་གོམ་བགྲོད་གནང་སྟེ་ལམ་བར་ན་བོད་དོན་གོ་རྟོགས་སྤེལ་བ་དང་དེ་བཞིན་གྲོས་ཚོགས་ལ་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག ཁོང་རྣམ་པ་གཉིས་ཀྱིས་དེ་ལྟར་རྒྱུན་སྲིང་ནས་ལས་འགུལ་སྤེལ་དོན་གང་ཡིན་ཞེས་བཀའ་འདྲི་ཞུས་པར་སརྒྱས་སྐྱབས་ལགས་ཀྱིས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཉིན་རེ་ལས་མ་འདས་པར་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ནང་གི་གནས་སྟངས་གོ་རྟོགས་སྤེལ་རྒྱུ་དང་ལྷག་པར་དུ་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་གང་ཡང་མེད་པའི་རྒྱུ་མཚན་དུ་བྱས་ནས་རྒྱལ་སྤྱིའི་དབུ་ཁྲིད་དང་མི་མང་ཡོངས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་དེ་ཡིན་པ་གསུངས་འདུགདེ་བཞིན་སརྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་ཁེ་ན་ཌའི་རྒྱལ་ས་ Ottawa ལ་འབྱོར་ཏེ། གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་སྐབས་བོད་དོན་ཞུ་གཏུག་ཞིབ་ཚགས་གནང་རྒྱུ་བྱུང་བར་གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀོད་འདུགགཞི་རྩའི་ཨ་རི་དང་ཁེ་ན་ཌ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཙོས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ལ་རོགས་པ་དགོས་པ། བོད་མི་སྐུ་མེར་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོའི་སྐུ་པར་སོགས་ཕྱག་ལ་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བར་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ལྔའི་སྒོ་ནས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་ Ottawa དང་ཕྱིར་ Ottawa ནས་ Toronto བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།བོད་མིའི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཕྱི་ལོ་ ༢༠༢༠ དང་ ༢༡ སོ་སོར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་རྗེས་སུ་བོད་དོན་ལས་འགུལ་སྤེལ་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་བོད་ནམ་ཡང་མ་བརྗེད་ཅེས་གསུངས་འདུག

ཁ་སང་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྲོད་སྐྱབས་བཅོལ་བའི་མི་མང་ཚོས་རང་གི་ལོ་རྒྱུས་ཕྱིར་དྲན་གནང་སྟེ་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་ལྟར་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Hong Kong Watch ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Benedict Rogers ལགས་ཀྱིས་ང་ཚོས་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཏུ་འཛམ་གླིང་གི་ས་གནས་མང་པོ་ཞིག་ཏུ་ང་ཚོས་དོ་སྣང་གནང་དགོས་པར་མ་ཟད་སྒོས་བོད་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་བསྟུན་སྐུ་ཞབས་ Benedict Rogers ལགས་ཀྱིས་ Tibet Rights Collective ཞེས་ལྡི་ལིར་རྟེན་གཞི་བྱས་པའི་བོད་དོན་ཞུ་གཏུག་དང་ཆབ་སྲིད་ཉམས་ཞིབ་ཀྱི་ལྟེ་གནས་ཁང་གི་དྲ་རྒྱར་དཔྱད་རྩོམ་ཞིག་སྤེལ་བར་ཁོང་གིས་འཛམ་གླིང་གི་ས་གནས་དུ་མར་ཡོད་པའི་སྐྱབས་བཅོལ་བ་རྣམས་ལ་ང་ཚོས་དོ་སྣང་གནང་དགོས་ཀྱི་འདུག་ཅེས་གསུངས་སྐབས་དགོངས་པར་དེ་མ་ཐག་ཏུ་ཡུཀ་རེན་གྱི་མི་མང་བྲོས་བྱོལ་དུ་ཕེབས་མཁན་ཚོ་དང་སིརྱ། བྷར་མ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་ལས་ཐར་མཁན་ཡུ་གུར་བ་དང་ཕྷ་ལཱུང་གྷོང་ཆོས་བརྒྱུད་འཛིན་པ། ཧོང་ཀོང་བ་སོགས་འཆར་གྱི་ཡོད་ཀྱང་དེ་དག་ཁྲོད་བོད་ཀྱི་གནད་དོན་དེ་བརྗེད་ཉེན་ཡོད་སྟབས། ང་ཚོས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ཁོང་གིས་བོད་ཀྱི་གནད་དོན་དེ་མང་ཚོགས་ཀྱི་དྲན་པའི་ཡུལ་ལས་འདས་ཉེན་ཡོད་པ་དང་འབྲེལ་དོན་ཚན་གསུམ་འགྲེལ་བརྗོད་གནང་འདུག བོད་ཀྱི་གནད་དོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་དོན་རྒྱབ་སྐྱོར་བ་སྙན་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ Richard Gere དང་ Brad Pitt  དེ་བཞིན་ Beastie Boys ཁོང་རྣམས་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་སླེབས་ཡོད་པ་དེ་ལྟར་ནའང་ཉེ་ཆར་རྒྱ་ནག་གཞུང་གིས་དཔའ་འབྱོར་གྱི་སྟོབས་ཤུགས་ལག་ཆར་སྤྱོད་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྡིགས་ར་སོགས་སྐུལ་ཏེ་བོད་ཀྱི་གནད་དོན་དེ་མི་གླེང་བར་འབད་རྩོན་བྱེད་མུས་ཡིན་སྐོར་གསུངས་འདུག ད་ཆ་༸གོང་ས་མཆོག་དགུང་ནའི་བབ་ཀྱི་ཆ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དཀའ་བ་ཆགས་ཡོད་པ་མ་ཟད་སྤྱིར་འཛམ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་སླད་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ཆིབས་བསྒྱུར་མཛད་མ་ཐུབ་པ་དེས་བོད་ཀྱི་གནད་དོན་ཉམས་རྒུད་འགྲོ་བཞིན་ཡོད་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་དང་ཧོང་ཀོང་རང་དབང་རྡོག་རོལ་བཏང་བ། ཐེ་ཝན་ལ་འཇིགས་སྐུལ་བྱས་པ་སོགས་ལ་དོ་སྣང་གནང་མཁན་མང་དུ་འགྲོ་ཡོད་པ་དང་དེ་འབྲེལ་དོ་སྣང་གནང་དགོས་ཀྱང། གནད་དོན་དེ་དག་ཁྲོད་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་བསྣམ་ཐབས་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་བཀའ་མོལ་གནང་སྐབས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ལྷག་པར་ཁོང་གིས་ International Commission of Jurists ཞེས་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་འགལ་དང་དེ་བཞིན་མི་རིགས་རྩ་གཏོར་གྱི་གནད་དོན་བྱུང་ཡོད་སྐོར་གསུངས་པ་དེ་ང་ཚོའི་ངོས་ནས་དེ་བརྗེད་རྒྱུ་མེད་ཅེས་གསུངས་འདུག ཆབས་ཅིག་ཏུ་ཁོང་གིས་ཆེད་རྕོམ་གནང་བས་འདི་ལོའི་ཟླ་བ་ ༡༠ ནང་འདོན་སྤེལ་གནང་རྒྱུའི་ The China Nexus ཞེས་པའི་རྒྱ་ནག་ཐོག་གི་དཔེ་དེབ་ནང་བོད་ཀྱི་སྐོར་ལེའུ་ཞིག་ཡོད་པ་གསུངས་འདུག རྩ་བའི་སྐུ་ཞབས་ Benedict Rogers ལགས་ནི་རྩོམ་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་ཡིན་པ་དང་།  ཁོང་གིས་ད་བར་དཔེ་དེབ་དྲུག་ཆེད་རྩོམ་གནང་ཡོད། དེའི་ཁོངས་ནས་གསུམ་བྷར་མའི་སྐོར་ཆགས་ཀྱི་ཡོད་པ་རེད།

ཨ་རིས་བོད་རྒྱ་གྲོས་མོལ་ཡོང་བར་རྟག་ཏུ་འབད་བརྩོན་དང་སྐུལ་མ་གནང་བཞིན་ཡོད། 

ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་གྱི་དགོངས་དོན་འོག་ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྣེ་ཁྲིད་པའི་ཕྱི་སྲིད་ལས་ཁུངས་ནས་བོད་རྒྱ་གྲོས་མོལ་གཙོས་བོད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་བའི་སྙན་ཐོ་ཞིག་དུས་བཀག་སོ་སོའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་དགོས་པ་ཡོད་ལྟར། ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔ་ལོའི་ཕྱི་ཟླ་ལྔ་པ་ནས་འདི་ལོའི་ཕྱི་ཟླ་བཞི་པའི་ཟླ་མཇུག་བར་བོད་དོན་ཐོག་གནང་བའི་ཕྱག་ལས་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོའི་སྔོན་གླེང་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྟེ་ད་བར་རྒྱ་ནག་གཞུང་དང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་གྲོས་མོལ་བྱུང་ཐུབ་མེད་པ་དང་། ཨ་རིའི་ངོས་ནས་དུས་རྟག་ཏུ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆ་རྐྱེན་གང་ཡང་མེད་པར་ཕྱོགས་གཉིས་དབར་གྲོས་མོལ་གནང་རྒྱུར་འབད་བརྩོན་དང་སྐུལ་མ་གནང་བཞིན་ཡོད་པར་མ་ཟད་མིང་དོན་མཚུངས་པའི་གྲོས་མོལ་གྱི་ལམ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་འབྱུང་ཚེ་བོད་མི་རྣམས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ལེགས་བྱང་གཙོས་པའི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་གནང་རྒྱུ་སོགས་ལ་དགེ་མཚན་ལྡན་ཡོད་པ་དང་། རྒྱ་ནག་གཞུང་ལའང་རྒྱལ་ནང་གི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་གསུངས་འདུག ཨ་རི་གཞུང་གིས་ད་ལྟའི་ཆར་དོན་སྙིང་ལྡན་པའི་གྲོས་མོལ་ཞིག་ཡོང་གི་མེད་པའི་གནས་སྟངས་དང་ལྷག་པར་དུ་རྒྱ་ནག་གཞུང་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་རྩ་མེད་གཏོང་ཐབས་བྱས་པར་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་གི་ངོས་ནས་སེམས་འཚབ་ཅན་གྱི་གནད་དོན་དེ་དག་ཐོག་བསམ་བློ་བཏང་ནས་ཕྱོགས་གཉིས་དབར་གྲོས་མོལ་དང་ལྷིང་འཇགས་ཡོང་བ་བྱེད་དགོས་ཞེས་གསུངས་འདུག དེ་བཞིན་སྙན་ཐོ་ནང་རྒྱ་ནག་གཞུང་ནས་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་དང་རིག་གཞུང་རྩ་མེད་གཏོང་རྒྱུ་སོགས་བོད་ནང་ལག་བསྟར་བྱེད་བཞིན་པའི་ཐེ་བྱུས་དང་དྲག་པོའི་རང་བཞིན་ཅན་གྱི་སྲིད་བྱུས་ཁག་ངེས་པར་དུ་བརྗེ་དགོས་པར་མ་ཟད་བོད་ནང་ལ་གཞུང་ཚབ་མི་སྣ་དང་གསར་འགོད་པ་རྣམས་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཞེས་སོགས་ཆེད་བཀོད་གནང་ཡོད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་རྒྱ་གྲོས་མོལ་གཙོས་པའི་བོད་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བ་དང་འབྲེལ། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་མིའི་མངོན་འདོད་དང་ཐུན་མོང་མ་ཡིན་པའི་ཆོས་དང་དང་རིག་གཞུང་སོགས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཀྱི་སྣེ་མོ་བ་དང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པ་དང་། ཕྱིའི་རྒྱལ་ཁབ་དང་འབྲེལ་བ་གནང་སྟེ་དམིགས་ཡུལ་ལེགས་པར་འགྲུབ་ཐབས་ལ་འབད་བརྩོན་སྔར་ལྷག་གནང་གལ་ཡིན་པ་སོགས་གསུངས་འདུག གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་བོད་རྒྱ་གྲོས་མོལ་གཙོས་བོད་དང་འབྲེལ་བའི་སྙན་ཐོ་འདི་ནི་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགནས་བཞེས་རྗེས་སྙན་ཐོ་འདོན་སྤེལ་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོར་ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་ཀྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་གཙོས་བོད་མིའི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་མི་སྣ་ཚོ་དང་མཇལ་འཕྲད་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་བཀོད་ཡོད་པ་རེད།

ཨ་རིས་རྒྱ་གཞུང་ནས་རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་ལ་གདོང་ལེན་གནང་རྒྱུ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་ཨ་རིར་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་ཁག་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནས་བབ་ལ་ཉེན་ཁ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་འགལ་ཡོད་སྟབས། ཨ་རིའི་ངོས་ནས་བྱ་སྤྱོད་དེ་དག་ལ་འཐབ་རྒོལ་དང་གདོང་ལེན་ནན་པོ་གནང་རྒྱུ་ཡིན་ཞེས་གསུངས་འདུགཁ་སང་རེས་གཟའ་ལྷག་ཉིན་ CECC ཞེས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་ཏེ་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པར་ཨ་རིའི་ངོས་ནས་གདོང་ལེན་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་ལས་རིམ་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་ཨ་རིའི་ནང་སྲིད་དང་བདེ་འཇགས་ལྷན་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་དྲུང་འཕར་ལྕམ་སྐུ་ Serena Hoy མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག ཚོགས་གཙོ་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern མཆོག་བཅས་ཀྱིས་དབུས་པའི་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་ལྷན་ཞུགས་གནང་འདུགསྐབས་དེར་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག་གིས་རྒྱ་ནག་གཞུང་ནས་རྒྱ་ནག་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་བརྩི་མེད་རྡོར་རོལ་གཏོང་བཞིན་པར་མ་ཟད། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་ལྷག་པར་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་དང་གསར་འགོད་པ་བཅས་ལ་འཇིགས་སྐུལ་དང་དྲག་གནོན་སྤེལ་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་སྤྱོད་སྤེལ་བ་དེ་དག་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་དང་ཡོངས་སུ་བརྒལ་བའི་ཁར་རྒྱལ་ཁབ་གཞན་གྱི་བདེ་འཇགས་དང་རང་དབང་གི་གནས་བབ་ལ་བཙན་འཛུལ་བྱས་པ་ཞིག་ཆགས་ཡོད་ཅེས་གསུངས་འདུགདེ་བཞིན་སྐུ་ཞབས་ James McGovern མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་བོད་པའི་སྤྱིའི་ཚོགས་ཁྲོད་རྒྱ་ནག་གི་གསང་མྱུལ་བ་འཛིན་བཟུང་བྱས་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ནང་ཕྱག་ལས་གནང་མཁན་གྱི་གསར་འགོད་པ་ཞིག་གི་ནང་མི་རྣམས་ལ་རྒྱ་གཞུང་གིས་འཇིགས་སྐུལ་སྣ་ཚོགས་བྱས་པ་སོགས་གནད་དོན་ཁག་གཅིག་བྱུང་བ་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་དུས་རྒྱུན་དུ་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་སྐོར་བཤད་ཀྱི་ཡོད་ཀྱང་། རྒྱ་ནག་རང་ཉིད་ཀྱི་དོན་དག་ཆེད་དུ་ཕྱིའི་རྒྱལ་ཁབ་ཁག་གི་གནད་དོན་ཐོག་ཐེ་བྱུས་དང་བཙུན་འཛུགས་བྱ་བར་ཐེ་ཚོམ་རྩ་བ་ནས་མེད་སྐོར་སོགས་གསུངས་ཏེ་སྐྱོན་བརྗོད་ནན་པོ་གནང་འདུགཉིན་ཞིབ་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་ནས་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་ཉིན་རེ་བཞིན་རྒྱ་ཆེ་རུ་འགྲོ་ཡི་ཡོད་པ་དང་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཆ་ཤས་གནད་ཆེ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག ལྕམ་སྐུ་མཆོག་གིས་ཨ་རི་གཞུང་ནས་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་ཐབས་སུ་ཨ་རིའི་བདེ་འཇགས་ལྷན་ཁང་སོགས་དང་ཟུང་འབྲེལ་ཐོག་རྒྱ་ནག་དང་ལག་འབྲེལ་བྱེད་མཁན་རྣམས་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་ཉེས་ཆད་བཏང་བར་མ་ཟད། ཨ་རིའི་ཁྲིམས་སྒྲིག་ལྟར་ཁྲིམས་ལུགས་ཀྱི་བྱ་རིམ་ཁག་ལག་བསྟར་བྱ་རྒྱུ་དང་། དེ་བཞིན་རྒྱ་ནག་གི་བྱ་སྤྱོད་འོག་དཀའ་སྡུག་མྱངས་པའི་མི་སེར་ཚོའི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་དང་། མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཟུང་འབྲེལ་གྱིས་རྒྱ་ནག་གི་དྲག་གནོན་ཅན་གྱི་བྱ་སྤྱོད་ཁག་ལ་མཉམ་རུབ་ཀྱིས་ཁ་གཏད་གཅོག་ཐབས་སོགས་ཐབས་ལམ་སྣ་ཚོགས་བསྟེན་མུས་ཡིན་པ་གསུངས་ཡོད། ལྷག་པར་དུ་ལྕམ་སྐུ་ Uzra Zeya མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་ཨ་རི་ནང་ལ་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་ཁག་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནས་བབ་ལ་དོ་ཕོག་བཏང་བ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་འགལ་ཡོད་པར་མ་ཟད། ཨ་རིའི་མི་སེར་དང་སྒྲིག་འཛུགས་ཁག་གི་རང་དབང་ལའང་ཐེ་བྱུས་དང་དོ་ཕོག་གཏང་རྒྱུའི་བྱ་སྤྱོད་ཅིག་ཡིན་སྟབས། ཨ་རིའི་ངོས་ནས་ཡིད་གཟབ་དང་གནད་འགག་ཆེན་པོའི་ཐོག་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་འཐབ་རྒོལ་དང་གདོང་ལེན་ནན་པོ་གནང་རྒྱུ་ཡིན་ཞེས་གསུངས་འདུགདེ་བཞིན་སྐབས་དེར་ལྕམ་སྐུ་ Serena Hoy མཆོག་གིས་ཀྱང་ཨ་རིའི་ནང་སྲིད་དང་བདེ་འཇགས་ལྷན་ཁང་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་སྟངས་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ SteveDaines མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith མཆོག་གཙོས་འཐུས་མི་རྣམས་ཀྱིས་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ནང་ཙམ་མ་ཚད་པར་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་ཉིན་རེའི་ལས་དོན་ཐོག་ལྟ་སྲུང་དང་སུན་གཙེར་སོགས་བྱས་ཏེ་རང་དབང་ལུང་པར་སྨྲ་བརྗོད་རང་དབང་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད་པ་སོགས་ཐེར་འདོན་གནང་ཡོད།

རྒྱ་གར་གྱིས་སྟོན་པའི་རིང་བསྲེལ་སོག་ཡུལ་དུ་འགྲེམས་སྟོན་ཆེད་གདན་འདྲེན་ཞུས་པ།  

ཁ་སང་ས་ག་ཟླ་བའི་ཚེས་པ་ ༡༥ དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་དང་བསྟུན་རྒྱ་གར་གྱིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱ་ཐུབ་པའི་རིང་བསྲེལ་བཞི་སོག་ཡུལ་ནང་གདན་འདྲེན་ཞུས་འདུགརྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་གིས་སྣེ་ཁྲིད་པའི་ཚོགས་ཆུང་གི་ཚོགས་མི་ ༢༥ ཡིས་གདན་འདྲེན་ཞུས་པའི་སྟོན་པ་ཤཀྱཱ་ཐུབ་པའི་རིང་བསྲེལ་དང་དེ་བཞིན་སོག་ཡུལ་ནང་ཡོད་པའི་རིང་བསྲེལ་བཅས་ཟླ་བ་འདིའི་ཕྱི་ཚེས་ ༢༤ བར་ཉིན་གྲངས་ ༡༡ རིང་སོག་ཡུལ་རྒྱལ་ས་ Ulaanbaatar ནང་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དད་ལྡན་མང་ཚོགས་ལ་མཇལ་ཁ་ཞུ་སླད་འགྲེམས་སྟོན་ཞུ་བཞིན་ཡོད་པ་རེད།ཁ་སང་སྟོན་པའི་རིང་བསྲེལ་གྱི་འགྲེམས་སྟོན་མཛད་སྒོར་སྐུ་ཞབས་ Kiren Rijiju  མཆོག་དང་སོག་པོའི་གྲོས་ཚོགས་ཀྱི་ཚོགས་གཙོ་ Gombojav Zandanshatar མཆོག སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Nomun Khan ལགས་གཙོས་བ་ཀུ་ལ་རིན་པོ་ཆེ་མཆོག དེ་བཞིན་ཕྱི་ཕྱོགས་ནས་ཕེབས་པའི་གནད་ཡོད་མི་སྣ་དང་དགེ་འདུན་པ། དེ་བཞིན་མི་མང་བཅས་ནས་མཉམ་ཞུགས་གནང་འདུགལྷག་པར་དུ་རྒྱ་གར་གྱིས་རིང་བསྲེལ་གདན་འདྲེན་ཞུས་སྐབས་ Chinggis Khaan གནམ་ཐང་དུ་སོག་པོའི་རིག་གཞུང་བློན་ཆེན་དང་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Nomun Khan ལགས། དེ་བཞིན་དགེ་འདུན་པ་ཕོན་ཆེས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་སྐུ་ཞབས་ Kiren Rijiju  མཆོག་གིས་ད་ལན་རིང་བསྲེལ་གདན་འདྲེན་ཞུས་ཏེ་སྟོན་པའི་བྱམས་བརྩེ་དང་ཞི་བདེའི་བརྡ་ལན་བསྣམས་ཡོད་ཅེས་འགྲེལ་བརྗོད་གནང་འདུགཁོང་གིས་སྲིད་བློན་མོ་དི་མཆོག་དང་རྒྱ་གར་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སོག་ཡུལ་མང་ཚོགས་ལ་སྟོན་པའི་རྗེས་དྲན་གྱི་ས་ག་ཟླ་བའི་དུས་ཆེན་ཉིན་མོར་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག རྒྱ་གར་དང་སོག་པོ་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་སྔར་ཡོད་ཐོག་ད་ལན་སྟོན་པའི་རིང་བསྲེལ་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་འབྱོར་བྱུང་བ་འདིས་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་གསུངས་འདུགསོག་པོའི་དགའ་ལྡན་དགོན་པར་ཡོད་པའི་བསྟན་གཙོ་སྟོན་པའི་སྐུ་བརྙན་གཙོ་བོ་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་ སྲིད་བློན་མོ་དི་མཆོག་གིས་སོག་པོའི་མང་ཚོགས་ཆེད་ཕུལ་ཡོད། རྩ་བའི་སྟོན་པའི་རིང་བསྲེལ་སོག་ཡུལ་ནང་འགྲེམས་སྟོན་གནང་རྒྱུ་དེའང་སོག་པོའི་གཞུང་ནས་རྒྱ་གར་གཞུང་ལ་རེ་འབོད་ཞུས་པ་ལྟར་ཆོག་མཆན་གནང་སྟེ་གདན་འདྲེན་ཞུས་པ་ཞིག་ཆགས་ཀྱི་འདུག སྟོན་པའི་རིང་བསྲེལ་དེ་རྒྱ་གར་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་འགྲེམས་སྟོན་མཐའ་མ་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་སིངྒ་ལར་གདན་འདྲེན་ཞུས་ཡོད་པ་རེད།

རྒྱལ་ཁབ་ ༤༧ གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་སྐྱོན་བརྗོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ སྐབས་རྒྱལ་ཁབ་ཁག་ ༤༧ གྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་ལ་སྐྱོན་བརྗོད་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ སྐབས་ལྕམ་སྐུ་ Bachelet མཆོག་ལ་ཨ་རི་དང་ཡོ་རོབ་ནང་གི་རྒྱལ་ཁབ་ཁག་གཅིག་གཙོས་ཉི་ཧོང་། ཨོ་སི་ཊོ་ལི་ཡ་བཅས་ཁྱོན་རྒྱལ་ཁབ་ ༤༧ གྱིས་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གིས་ཤིན་ཅང་དང་ཧོང་ཀོང་། ལྷག་པར་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཐད་སྐྱོན་བརྗོད་ཀྱིས་བློ་འཚབ་རྣམ་པ་ཤུགས་ཆེར་བཏོན་འདུག རྩ་བའི་ཟླ་བ་སྔོན་མའི་ནང་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས་རྒྱ་ནག་གི་འཆར་གཞི་གཞིར་བཟུང་གནང་ཡོད་སྟབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁོར་ཡུག་དང་གནས་སྟངས་རྣམས་ལ་རང་དབང་ཐོག་རྒྱུས་ལོན་དང་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་ཐུབ་མེད་པ་སོགས་དང་འབྲེལ། ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེ་དང་རང་དབང་དང་མང་གཙོ་དོན་གཉེར་ཅན་གྱི་ཚོགས་སྡེ་མང་དག་ཅིག་གིས་སྐྱོན་བརྗོད་གནང་ཡོད།རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ འཚོགས་བཞིན་པ་དང་བསྟུན་ཕྱི་ཚེས་ ༡༣ ཉིན་ལྕམ་སྐུ་ Bachelet མཆོག་གིས་ཤིན་ཅང་ས་ཁུལ་དུ་ཡུ་གུར་མི་རིགས་རྣམས་ལ་ངལ་རྩོལ་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་གཞིགས་ནས་ཤིན་ཅང་ནང་གི་འགྲོ་བ་མི་ཐོབ་ཐང་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད་ཁོང་གི་ལས་ཡུན་མ་རྫོགས་པའི་སྔ་རོལ་དུ་དེ་འབྲེལ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་རྒྱུ་ཡིན་པ་དང་། འདོན་སྤེལ་མ་གནང་གོང་དུ་ཁུལ་དེའི་ནང་གི་གནས་སྟངས་དང་འབྲེལ་རྒྱལ་སྤྱིའི་རྒྱལ་ཁབ་སོ་སོའི་གཟིགས་ཚུལ་ཇི་ཡོད་ཀྱི་དགོངས་འཆར་བསྡུ་རུབ་གནང་འཆར་ཡོད་སྐོར་གསུངས་འདུག ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་ལ་ཐེངས་དེའི་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ནས་སྐྱོན་བརྗོད་གནང་མཁན་ཤུགས་ཆེར་བྱུང་ཡོད་སྟབས་ལྕམ་སྐུ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ སྐབས་སུ་ད་ལྟའི་འགན་འཁུར་གྱི་དུས་ཡུན་དང་པོ་དེ་མཇུག་སྒྲིལ་བའི་མཚམས་སུ་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་པ་དང་། སླད་མར་ལོ་བཞི་ཚན་ནང་ཆ་ཤས་བཞེས་རྒྱུ་མིན་པར་མ་ཟད་ལྷན་ཚོགས་ཐེངས་ ༥༠ ནང་ཁོང་མཉམ་ཞུགས་གནང་བ་འདི་ནི་ཆེས་མཐའ་མ་ཡིན་ཞེས་གསུངས་ཡོད།

བོད་མི་གཉིས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱིས་བོད་དོན་གོམ་བགྲོད་དབུ་འཛུགས།

ཁེ་ན་ཌར་གནས་བཞུགས་བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་ཨ་རི་ Minnesota གནས་བཞུགས་བོད་མི་ལས་འགུལ་བ་རབ་དགའ་ལགས་རྣམ་པ་གཉིས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་ Ottawa དང་ཕྱིར་ Ottawa ནས་ Toronto བར་ཉིན་གྲངས་ ༢༥ ལྷག་གི་རིང་བོད་དོན་ཞི་བའི་གོ་མགྲོད་ལས་འགུལ་ཞིག་ཕྱི་ཚེས་ ༡༡ ཉིན་ཊོ་རོན་ཊོར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འགོད་གནང་སྟེ་དབུ་འཛུགས་གནང་འདུགཟླ་ ༦ ཚེས་ ༢༢ ཉིན་ཨོ་ཊ་ཝར་ཁེ་ན་ཌའི་དབུས་གཞུང་གི་གྲོས་ཚོགས་མཇུག་སྒྲིལ་གནང་བ་དང་བསྟུན་ཁོང་རྣམ་པ་གཉིས་ཀྱིས་ཚེས་ ༢༢ སྔོན་ལ་ཨོ་ཊ་ཝར་འབྱོར་ཐབས་གནང་རྒྱུ་དང་། སྐབས་དེར་ཁེ་ན་ཌའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་བར་ཁེ་ན་ཌའི་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པ། བོད་རྒྱའི་དཀའ་རྙོག་དེ་དྲང་བདེན་གྱི་སྒོ་ནས་སེལ་ཐབས་སུ་རྒྱབ་སྐྱོར་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་སྒོ་ཤེས་རབ་རྒྱབ་མཚོ་ལ་སོགས་པའི་བོད་མདོ་དབུས་ཁྱས་གསུམ་གྱི་བོད་མིའི་ཆབ་སྲིད་བརྩོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ། བོད་མི་སྐུ་ལུས་མཆོད་མེར་ཕུལ་མཁན་རྣམས་ཀྱི་ཞལ་ཆེམས་ལ་རྒྱབ་སྐྱོར་དགོས་པ། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བར་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་དགོས་མདུན་དོན་ཚན་ལྔ་འདོན་གནང་རྒྱུ་རེད་འདུགཁ་ཉིན་ཁེ་ན་ཌའི་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་གནང་སྐབས་ཁེ་ན་ཌ་ཁུལ་གྱི་ཚོགས་སྡེ་ལྔའི་ཚོགས་མི་རྣམས་ཆེད་བཅར་གྱིས་ཁོང་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་མཇལ་དར་སྒྲོན་འབུལ་གནང་བ་དང་། སྐབས་དེར་བོད་མི་ཚོས་ཕྱག་ལ་ཨ་རི་དང་ཁེ་ན་ཌ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཙོས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ལ་རོགས་པ་དགོས་པ། དེ་བཞིན་བོད་མི་སྐུ་ལུས་མཆོད་མེར་ཕུལ་མཁན་གྱི་དཔའ་བོ་དཔའ་མོའི་སྐུ་པར་སོགས་ཕྱག་ལ་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ནས་ལས་འགུལ་བ་གཉིས་ཀྱི་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་ཡོད།ཁོང་རྣམ་གཉིས་ཀྱིས་གོམ་བགྲོད་གནང་སྐབས་སུ་ལུས་ལ་བོད་དང་ཁེ་ན་ཌའི་རྒྱལ་དར་དང་དེའི་གཤམ་དུ་  Peace walk for Tibet 2022 འམ་ཕྱི་ལོ་ ༢༠༢༢ ལོའི་བོད་དོན་ཞི་བའི་གོམ་བགྲོད་ཅེས་བཀོད་པའི་སྟོད་གོས་དཀར་པོ་མཆོད་དེ་ཕྱག་ལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་དང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་བསྣམས་ནས་ལམ་བར་ལ་ཐུག་འཕྲད་བྱུང་བའི་མི་སྣར་བོད་དོན་ངོ་སྤྲོད་གནང་རྒྱུ་དང་། ལམ་བར་གྱི་ཁྱིམ་ཚང་རེ་རེའི་ཡིག་སྣོད་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་གི་འདུགབོད་མིའི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཕྱི་ལོ་ ༢༠༢༠ དང་ ༢༡ སོ་སོར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་རྗེས་སུ་བོད་དོན་ལས་འགུལ་སྤེལ་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།ཁོང་གིས་ཕྱི་ལོ་ ༢༠༡༨ ནས་བཟུང་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་དང་བསྟུན་རྒྱ་ནག་གཞུང་ཚབ་ཀྱི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་དང་། བོད་མི་ལས་འགུལ་བ་རབ་དགའ་ལགས་ནི་ད་བར་ཨ་རི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་བཞི་སྤེལ་ཡོད་པ་དང་། ད་ལན་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་བོད་དོན་ལས་འགུལ་སྤེལ་ཕྱིར་ཆེད་བཅར་གནང་བ་འདི་ལས་འགུལ་ཐེངས་ལྔ་པ་ཆགས་ཀྱི་འདུགསངས་རྒྱས་སྐྱབས་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་ཁྲོད་དཔལ་འབྱོར་ཀྱི་སྐུ་ངལ་ཕྲབ་བུ་འཕྲད་པ་བྱུང་ཡང་། ཐེངས་འདིའི་ལས་འདུལ་ལ་ཨ་རི་ས་གནས་ཀྱི་ཁམས་ཏྲེ་ཧོར་སྐྱིད་སྡུག་ཚོགས་པ་དང་ཏྲེ་ཧོར་མི་མང་གིས་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བ་ཞིག་དང་། སརྒྱས་སྐྱབས་ལགས་ནས་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གནང་ཟིན་པའི་རྗེས་སམ་ཕྱི་ཟླ་བདུན་པའི་ཟླ་མཇུག་དང་ཕྱི་ཟླ་བརྒྱད་པའི་ཚེས་ཤར་ལ་ཁེ་ན་ཌ་ཡོངས་སུ་རྫོགས་ལ་རྐང་འཁོར་སྐོར་སྐྱོད་གནང་འཆར་ཡོད་པ་རེད།

Latest news