Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སོགས་ཀྱི་སྐོར་སྙན་སེང་ཞུས་འདུག ཁེ་ཉིན་ཕྱི་ཚེས་ ༡༥ ཉིན་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་བཀྲིས་དོན་གྲུབ་ལགས་རྣམ་གཉིས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་དང་འབྲེལ་ཡོད་ལས་བྱེད་ Alyx Hoge ལགས་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་ནང་ལ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་གཙོ་གྱུར་བོད་མིའི་ངོ་བོ་དང་ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་སྲིད་བྱུས་ཁག་བསྟུད་མར་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཁག་སྙན་སེང་ཞུས་ཡོད་པ་རེད། སྐུ་ཚབ་དོན་གཅོད་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་རྒྱུར་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་གནང་སྟེ་བོད་རྒྱ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་མུས་ཡིན་པ་དང་། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་གནོན་ཤུགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག་པ་དང་། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཐོག་ཆོས་དད་རང་དབང་གཙོས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་ལས་གཞི་མཉམ་རུབ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། སླད་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐུབ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་གསུངས་ཡོད། གཞི་རྩའི་སྐུ་ཞབས་ Rashad Hussain ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་སྐུ་ཚབ་ལ་བསྐོ་གཞག་བྱུང་རྗེས་བོད་མིའི་གནད་ཡོད་མི་སྣ་དང་དངོས་སུ་མཇལ་འཕྲད་བྱུང་བ་ད་རེས་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་དེ་སྔ་ཁོང་གོ་གནས་དེའི་ཐོག་ནས་ཤིན་ཅང་ནང་གི་གནད་དོན་དང་འབྲེལ་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སླད་ཁ་ཆེའི་རྒྱལ་ཁབ་ཚོ་དང་ལྷན་དུ་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་ཕྱག་ལས་གནང་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་ལུང་འདྲེན་དང་སྦྲགས་ཏེ། རྒྱ་ནག་ནི་འཛམ་གླིང་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་སྟབས་མ་འོངས་པའི་ལས་དོན་ཁྲོད་ཆོས་དད་རང་དབང་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་རྒྱ་ནག་ལ་ཐད་ཀར་བཀའ་མོལ་གནང་གི་ཡིན་ཞེས་གསུངས་ཡོད།

 Enes Kanter Freedom ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན།

ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་འདུག ཨ་རིའི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐོག་རྩོམ་སྤེལ་བའི་ The Atlantic བརྙན་དེབ་ནང་ནོར་ཝེ་གྲོས་ཚོགས་འཐུས་མི་ཞིག་གིས་སྐུ་ཞབས་  Kanter ལགས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་ཡོད་པའི་གནས་ཚུལ་བཀོད་འདུག སྐུ་ཞབས་ Kanter ལགས་ཀྱིས་རང་ཉིད་ཀྱི་ Twitter  དྲ་ལམ་ཐོག་ཁོང་རང་ཉིད་ད་རེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མིང་འདོན་གནང་བར་དགའ་སྤོབས་ཡོད་པར་གསུངས་པ་དང་ཆབས་ཅིག སྐབས་རེ་དངུལ་ཁོ་ན་མ་དགོངས་པར་རང་ཉིད་ནས་ལངས་ཕྱོགས་ངེས་ཅན་ཞིག་བཟུང་གལ་ཆེ་སྐོར་གསུངས་འདུག སྐུ་ཞབས་ Kanter ལགས་ནས་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ལ་འཛེམ་ཟོན་མེད་པར་ཞི་ཅིན་ཕིང་ལ་ཐད་ཀར་སྐྱོན་བརྗོད་གནང་བ་མ་ཟད། སིལ་སྤོལ་རྩེད་འགྲན་སྐབས་བོད་ལ་རང་དབང་དགོས། པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ།  དེ་བཞིན་ཡུ་གུར་མི་རིགས་རྩ་མེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་རི་མོ་དང་ཡི་གེ་འཁོད་པའི་ལྷམ་གྱོན་ཏེ་ཡོངས་གྲགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཡང་གནང་ཡོད། ལྷག་པར་དུ་ཁོང་གི་ངོས་ནས་བོད་མི་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་གནང་བའི་རྐྱེན་གྱིས་ཁོང་གི་སིལ་སྤོལ་རུ་ཁག་གི་རྩེད་མོ་ཡོངས་རྒྱ་ནག་ཏུ་རྒྱང་བསྲིང་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་རེད། ཉེ་ལམ་ Boston Celtics ནས་ཁོང་ Houston Rockets རུ་ཁག་ལ་ཚོང་འབྲེལ་ཞུས་པ་དང་མཐར་སིལ་སྤོལ་རུ་ཁག་དེས་ཀྱང་ཉར་མི་འདུག གཞི་རྩའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་གྲངས་  ༣༠ ཙམ་ཞིག་ནས་ Boston Celtics ལ་ Kanter ཁོང་རུ་ཁག་ནས་ཕྱིར་འདོན་མ་གནང་བ་དང་ཆབས་ཅིག་རུ་ཁག་དེའི་རྒྱ་གཞུང་གིས་གནོན་ཤུགས་ལ་མགོ་མ་སྒུར་རོགས་ཞེས་དགོས་འདུན་མངོན་གསལ་གནང་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ནོར་ཝེའི་གྲོས་ཚོགས་ཀྱིས་བསྐོ་གཞག་གནང་བའི་མི་སྣ་ལྔ་ལས་གྲུབ་པའི་ནོར་ཝེ་ཁུལ་གྱི་ནོ་སྦེལ་ཚོགས་ཆུང་གིས་འདེམས་སྒྲུག་གནང་གི་ཡོད་པ་དང་། ཞི་བདེའི་གཟེངས་རྟགས་དེའི་འོས་དམིགས་ཀྱི་མཚན་དེ་དེ་སྔ་གཟེངས་རྟགས་བཞེས་མྱོང་མཁན་དང་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལས་ཟུར། ནོ་སྦེལ་ཚོགས་ཆུང་གི་སློབ་སྟོན་པ་ཟུར་པ་སོགས་ཆ་རྐྱེན་ཚང་བའི་མི་སྣ་ཁག་གིས་འབྲེལ་ཡོད་ཚོགས་ཆུང་ལ་གནང་ཆོག་གི་ཡོད་པ་རེད། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ཁོངས་སུ་ཉེ་ལམ་ནོར་ཝེའི་ལྗང་ཁུ་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ཟུར་པ་དང་སྐྱེས་དངོས་ཚན་རིག་པ་སྐུ་ཞབས་ Rasmus Hansson ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་མཚན་འདོན་གནང་ཡོད་པ་རེད།      

རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་ལ་མ་དངུལ་སྤྲད་ཡོད་པའི་སྐྱོན་བརྗོད།

ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་གིས་གནས་ཚུལ་འཚོལ་ཞིབ་བྱས་ཏེ་ཤེས་གཏོགས་བྱུང་བའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ཤིན་ཅང་ཁུལ་དུ་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་དང་འབྲེལ་བའི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་བྱས་ཡོད་པའི་གནས་ཚུལ་ཁུངས་ལྡན་རྙེད་འདུགསྙན་ཐོ་དེའི་ནང་གསལ་ལྟར་ན། རྒྱལ་སྤྱིའི་དངུལ་ཁང་ཆེ་གྲས། IFC དང་ WB སོགས་ཀྱིས་ཤིན་ཅང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་ལས་ཁང་ཆེ་གྲས་བཞི་ལ་མ་དངུལ་ཆེད་གཏོང་བྱས་ཡོད་པའི་ཁྲོད། རྒྱ་ནག་གིས་ཁུལ་དེའི་མི་མང་གནས་སྤོར་དང་ངལ་རྩོལ་བསྒྱུར་བཀོལ། དེ་བཞིན་ཁོར་ཡུག་དང་རིག་གཞུང་རྩ་གཏོར་སོགས་བྱེད་བཞིན་ཡོད་སྐོར་གསལ་འདོན་གྱིས། རྒྱལ་སྤྱིའི་དངུལ་ཁང་གིས་ཤིན་ཅང་ཁུལ་གྱི་རྒྱ་ནག་གི་བཟོ་ལས་ཁང་ལ་མ་དངུལ་མཁོ་འདོན་བྱེད་རྒྱུ་མཚམས་འཇོག་དགོས་བའི་སྐུལ་མ་གནང་འདུགགཞན་ཡང་སྙན་ཐོ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་བཟོ་ལས་ཁང་ལ་ཨ་སྒོར་ས་ཡ ༤༨༦ ལྷག་མཁོ་འདོན་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ་ནས། སྔར་ལོ་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་རྩ་གཏོར་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ཏུ་འགྲོ་སྐྱོད་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པའི་བྷེལ་ཇམ་གྱི་གྲོས་ཚོགས་ཀྱི་འཐུས་མི། སྐུ་ཞབས། Samuel Cogolati  ལགས་ཀྱིས་རྒྱལ་སྤྱིའི་དངུལ་ཁང་གི་བྱེད་ལས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པ་ལས། དེང་རབས་ཀྱི་ངལ་རྩོལ་སྒྱུར་བཀོལ་ལམ། བྲན་གཡོག་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་མིན་པར་ཕྱིར་བསྒྲགས་གནང་སྟེ། ད་ཆ་གནས་ཚུལ་གསལ་བོ་ཆགས་ཟིན་པར་བརྟེན་རྒྱལ་སྤྱིའི་དངུལ་ཁང་གིས་གནས་ཚུལ་དེ་ཁ་སྒྱུར་བྱེད་ཐབས་བྲལ་བས་འཕྲལ་དུ་མ་དངུལ་ཆེད་གཏོང་བྱེད་སའི་རྒྱ་ནག་གི་བཟོ་ལས་ཁང་དེ་དག་དང་འབྲེལ་ཐག་གཅོད་དགོས་བའི་ཉེན་བརྡ་བཏང་འདུགདེ་བཞིན་སྙན་ཐོ་དེ་དང་འབྲེལ་ནས། ཨ་རི་དང་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཉི་ཤུའི་མཚན་རྟགས་འཁོད་པའི་ཡི་གེ་ཞིག་རྒྱལ་སྤྱིའི་དངུལ་ཁང་གི་གཙོ་འཛིན། David Malpass ལགས་ཀྱི་མཚན་ཐོག་ཏུ་བཏང་ཡོད་པ་དང་། ཡི་གེ་དེར་IPAC ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ་སོགས་ཀྱིས་རྒྱབ་སྐྱོར་ཞུས་པའི་ཐོག་ནས། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་དེར་མ་དངུལ་མཁོ་འདོན་བྱེད་ཐབས་བྲལ་བའི་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཡི་གེ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་དང་། IFC ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་བབ་ཁྲོད་ཁུལ་དེའི་རྒྱ་ནག་གི་བཟོ་ཚོང་ཁང་ལས་མ་དངུལ་མཁོ་འདོན་མཚམས་འཇོག་བྱེད་དགོས་བའི་སྐུལ་མ་གནང་འདུག རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས། IFC ཀྱི་མགྲིན་ཚབ་པར་གནད་དོན་དེ་དང་འབྲེལ་ནས་གསར་ཁང་གིས་བཅར་འདྲི་བྱས་པར་ཁོང་གིས། མཉམ་ལས་ཁང་གི་ངོས་ནས་ངལ་རྩོལ་སྒྱུར་བཀོལ་དང་མི་མང་ཉམ་ཆུང་ལ་ལྟ་སྟངས་ངན་པ་འཛིན་བཞིན་པའི་གནད་དོན་དེ་གཙིགས་ཆེར་འཛིན་བཞིན་ཡོད་པར་བརྗོད་པ་ཙམ་ལས། ཐད་གར་ཤིན་ཅང་གི་ནང་གི་རྒྱ་ནག་གི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་དང་འབྲེལ་ནས་སྐད་ཆ་གང་ཡང་བཤད་མེད་པར་འཁོད་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་པའི་གནད་དོན་དང་འབྲེལ་ལས་རྒྱ་ནག་གི་འདི་ལོའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་པ་དང་འབྲེལ་ནས། དབྱིན་ཡུལ་དང་ཧྥ་རན་སི། དེ་བཞིན་བྷེལ་ཇམ་དང་ནི་ཐར་ལནཊི་སོགས་ཀྱིས་ཀྱང་རྒྱ་ནག་གི་ཨོ་རྩལ་ཡུལ་དངོས་སུ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཕྱིར་བསྒྲགས་བྱས་ཡོད་ཀྱང་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་གི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བརྟེན་ཕྱི་ལོགས་ནས་ཐེ་གཏོགས་བྱེད་མི་ཆོག་པར་བརྗོད་བཞིན་ཡོད་པ་རེད།རྩ་བའི་ཐེངས་འདིའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་གཞུང་འབྲེལ་གྱི་སྙན་ཐོ། དེ་བཞིན་སྲུང་སྐར་བརྒྱུད་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་མ་དངུལ་མཁོ་འདོན་ས་ཁུལ་ལ་བརྟག་དཔྱད་བྱས་པ། དེ་བཞིན་ཡིག་ཚགས་སྔོག་འདོན་དང་མང་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ལ་གཞི་བྱས་པ་ཞིག་ཡིན་པ་དང་། ཁྱོན་སྙན་ཐོ་དེར་ཤོག་གྲངས་ ༦༩ ལྷག་ཡོད་འདུག

ཨོ་རྩལ་ལས་རིམ་ཁྲོད་འགྲན་ཚོགས་ཐོག་གཞུང་འབྲེལ་མི་སྣ་མ་ཕེབས་པ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད།

ཁ་སང་ཨ་རིའི་ Washington Post གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཡོངས་སུ་ཨོ་རྩལ་འགྲན་ཚོགས་ཐད་རྒྱང་བསྲིང་བྱ་རྒྱུའི་བདག་དབང་ཆ་ཚང་ཡོད་པའི་ NBC ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གིས་ད་ལྟ་རྒྱ་ནག་ཏུ་འཚོགས་བཞིན་པའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོ་ཐོག་ཨ་རི་གཙོས་ཁེ་ན་ཌ་དང་ཨིན་ཡུལ། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་ཕེབས་གནང་མེད་སྐོར་གྱི་གནད་དོན་གཙོས་རྒྱ་ནག་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ་ནས་ཨ་རི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་གནད་དོན་ཐེར་འདོན་གནང་བ་བཅས་ཀྱི་སྐོར་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད་དང་སྦྲགས། མང་ཚོགས་ཁྲོད་ནས་དོགས་དྲི་ཆེ་ཤོས་ཀྱང་དེ་ཡིན་པར་བཤད་འདུགNBC རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱིས་ཨོ་རྩལ་ལྷན་ཚོགས་ལ་ཨ་སྒོར་ཐེར་འབུམ་མང་པོ་སྤྲད་ནས་ཨོ་རྩལ་ཐད་སྲིང་བྱ་རྒྱུའི་བདག་དབང་ཉོས་ཡོད་ཀྱང་། ཨོ་རྩལ་གྱི་ལས་རིམ་ཁག་རྒྱང་སྲིང་ཞུས་པའི་ཁྲོད་རྒྱ་ནག་ནང་འཕྲད་བཞིན་པའི་དཀའ་ངལ་དང་དངོས་ཡོད་གནས་ཚུལ་རྣམས་རྒྱང་སྲིང་གནང་ཐུབ་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། ཨོ་རྩལ་སྒོ་འབྱེད་ཀྱི་མཛད་སྒོའི་སྐབས་ལས་རིམ་རྒྱང་སྲིང་ཞུ་མཁན་ Tirico ཡིས་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་གི་མེད་པའི་སྐོར་གླེང་ཙམ་བྱས་པ་མ་གཏོགས་དེ་རྗེས་ Tirico གཙོས་ལས་རིམ་རྒྱང་སྲིང་གནང་མཁན་གཞན་སུས་ཀྱང་ཨོ་རྩལ་འགྲན་ཚོགས་ཐོག་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་ཕེབས་མ་གནང་བའི་སྐོར་ལྟ་ཅི། རྩེད་འགྲན་འཚོགས་ལ་ཉེ་བའི་སྐབས་རྒྱ་གར་ནས་ཀྱང་གཞུང་འབྲེལ་མི་སྣ་ཆེད་གཏོང་གནང་རྒྱུ་མིན་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གཉའ་གནོན་དང་ཤིན་ཅང་མང་ཚོགས་ཐོག་གཉའ་གནོན་དང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་པའི་སྐོར། ཧོང་ཀོང་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སྐོར་རྒྱལ་སྤྱིའི་རྩེད་ཞིབ་བྱེད་བཞིན་པ་མ་ཟད་ཨོ་རྩལ་ཐོག་རྩེ་འགྲན་པར་ལྟ་སྲུང་དང་ཆབ་སྲིད་གྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་མེད་པའི་སྡིགས་ར་སྐུལ་བ་སོགས་ཀྱི་སྐོར་ལ་ཚིག་གཅིག་ཀྱང་བཤད་མེད་པར་སྐྱོན་བརྗོད་གནང་འདུག རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་དེ་སྔ་ཨོ་རྩལ་གོ་སྒྲིག་གནང་ཟིན་པའི་རྒྱལ་ཁབ་ཅིག་ལ་སླར་གོ་སྐབས་གནང་བའི་རྒྱུ་མཚན་གང་ཡིན་པ་སོགས་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད་གནང་ཡོད། ད་ལྟའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་དེ་ལོ་རྒྱུས་ཁྲོད་ཀྱི་རྩོད་རྙོག་ཆེ་ཤོས་དང་ཆབ་སྲིད་ཀྱི་སྐྱོན་བརྗོད་ཤུགས་ཆེ་ཤོས་ཡོད་པའི་རྩེ་འགྲན་ཞིག་ཡིན་པ་མ་ཟད། དེ་སྔ་ ༢༠༠༨ ལོ་དང་བསྡུར་ན་གནས་སྟངས་ཛ་དྲག་པ་ཡོད་པའི་དབང་གིས་དེའི་སྐོར་ལ་གླེང་སློང་རྩ་བ་ནས་མ་གནང་བར་ཧང་སར་བའི་གནད་དོན་ཞིག་རེད་ཅེས་གསུངས་འདུགWashington Post བརྒྱུད་ལམ་གྱིས་ NBC བརྒྱུད་ལམ་གྱི་མགྲིན་ཚབ་པ་ Chris McCloskey ལ་བཅར་འདྲི་ཞུས་pr ཁོང་གིས་བརྒྱུད་ལམ་གྱི་རྒྱང་སྲིང་ཁྲོད་ Diplomatic Boycott དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། དེ་བཞིན་དེ་སྔ་ Peng Shuai གྱི་གནད་དོན་སྐོར་སོགས་སེམས་འཚབ་ཡོད་པའི་སྐོར་ལ་དེ་སྔའི་ལས་རིམ་ཁྲོད་ཐེངས་གཅིག་གླེང་བྱས་ཡོད་པ་ལུང་འདྲེན་གྱིས་བརྒྱུད་ལམ་དེའི་ངོས་ནས་གནད་དོན་དེ་དག་ཐོག་གཞི་རྒྱ་ཆེན་པོའི་ཐོག་ནས་རྒྱང་སྲིང་ཞུས་ཡོད་ལུགས་བཤད་ཡོད་པ་དེ་ལྟར་ཡང་། ཨ་རིའི་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་རྒྱ་ནག་གཞུང་གི་དངོས་ཡོད་གནས་ཚུལ་དང་ལྷག་པར་དུ་གསར་འགྱུར་དང་འབྲེལ་བའི་ཨོ་ལམ་པིཀ་གནས་ཚུལ་མང་པོ་ཞིག་མཁོ་སྒྲུབ་གནང་མེད་པར་མངོན་གསལ་གནང་འདུག

རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་གསར་ཐོན།

སུད་སིའི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་ཞིག་གིས་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་དབྱེ་འབྱེད་རང་བཞིན་གྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནང་གཞུང་གིས་ཤིན་ཅང་ཁུལ་དུ་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ངལ་རྩོལ་ལག་བསྟར་བྱེད་དགོས་བར་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་བྱེད་བབ་དེར་སེམས་འཚབ་ཡོད་པའིི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་འདུག དེ་ཡང་བདུན་ཕྲག་སྔོན་མའི་ནང་དུ། Reuters གསར་ཁང་གིས་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་སྤེལ་བའི་ནང་དུ། ཡུ་གུར་ཁ་ཆེ་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ཤིན་ཅང་དེ་ད་ཆ་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ས་ཁོངས་ཆབ་སྲིད་དང་འབྲེལ་ནས་བློ་འཚབ་བྱེད་ས་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས། ཨ་རི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོག་ཏུ་ཨ་རིའི་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་ཡོད་མངོན་གསལ་གནང་འདུགངལ་རྩོལ་ཚོགས་པས་རྒྱ་ནག་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྙན་ཐོ་བཏོན་མ་ཐག ཨ་རི་གཞུང་གིས་ངལ་རྩོལ་ཚོགས་པའི་སྙན་ཐོ་དེར་དགའ་བསུ་ཞུས་པ་དང་འབྲེལ་ནས། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་གི་ཁུལ་དུ་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དེར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་སྲིད་བྱུས་ལག་བསྟར་གྱི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་དགོས་བའི་སྐུལ་མ་གནང་འདུག རྒྱ་ནག་གི་དབྱེ་འབྱེད་ལྡན་པའི་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་དེའི་ནང་དུ། ཚོགས་པས་ངོས་ནས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཆེ་ཁག་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་གཞི་རྒྱ་ཆེ་ཞིང་ལམ་ལུགས་རང་བཞིན་ལྡན་པའི་ངལ་རྩོལ་བསྒྱུར་བཀོལ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁག་ལ་གཞི་བྱས་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོད་པར་བསྒྲགས་ཡོད་པ་མ་ཟད། རྒྱ་ནག་གི་བྱེད་བབ་དེ་དག་དང་འབྲེལ་ནས་འདི་ལོའི་ཟླ་བ་དྲུག་པའི་ནང་གི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གླེང་སློང་བྱེད་རྒྱུ་ཡིན་པར་བསྒྲགས་འདུག སྙན་ཐོ་དེ་ཕྱི་ལ་ཐོན་མ་ཐག རྒྱ་ནག་གིས་སྙན་ཐོ་དེ་ནི་དྲང་བདེན་མིན་ཞིང་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པ་ཞིག་ཡིན་པའི་ལན་འདེབས་བྱས་འདུག གཞི་རྩའི་སུད་སི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་དེར་ཚོགས་མིའི་རྒྱལ་ཁོངས་སུ་རྒྱལ་སྤྱིའི་ངལ་རྩོལ་གྱི་ཚད་གཞིར་བརྟག་དཔྱད་བྱེད་མཁན་གྱི་གཟུ་དཔང་ཉི་ཤུའི་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༡༩ ལོར་རྒྱ་ནག་ཀྱང་ངལ་རྩོལ་ཚོགས་པའི་ཚོགས་མིའི་རྒྱལ་ཁོངས་སུ་ཞུགས་ཡོད་པ་ཞིག་ཆགས་འདུག

རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་མཉེན་ཆས་ ༥༤ བཀག་སྡོམ་བྱས་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ། རྒྱ་ནག་གིས་དྲྭ་ལམ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་སོ་ཉུལ་བྱེད་བཞིན་པའི་གནད་དོན་གླེང་སློང་བྱུང་བཞིན་པ་དང་འབྲེལ་ནས། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ཉིས་བརྒྱ་ལྷག་བཀག་སྡོམ་བྱས་ཡོད་པ་མ་ཟད། སླར་ཡང་རྒྱ་ནག་གི་མཉེན་ཆས་༥༤ ལྷག་བཀག་སྡོམ་བྱ་རྒྱུའི་བཀོད་ཁྱབ་བཏང་འདུགདེ་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་དུ། རྒྱ་གར་གྱི་འཕྲུལ་ལས་དང་བརྡ་འཕྲིན་བློན་ཆེན་ལས་ཁུངས་ཀྱིས་རྒྱ་གར་གྱི་བདེ་འཇགས་དང་ཚོར་རྣོ་བའི་གནད་དོན་གསང་ཉར་དང་འབྲེལ་ནས། རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཁང་ཆེ་གྲས། Tencent དང་Alibaba  སོགས་ཀྱིས་ཆེད་བཟོས་བྱས་པའི་མཉེན་ཆས་ཁག་ཅིག་བཀག་སྡོམ་བྱས་པ་དང་། མཉེན་དེ་དག་མང་ཆེ་བ་དེ་སྔོན་ཕྱི་ལོ ༢༠༢༠ ལོར་བཀག་སྡོམ་བྱས་པའི་མཉེན་ཆས་ཀྱི་ངོ་བོ་འགྱུར་བ་བཏང་བ་ཞིག་ཆགས་ཡོད་པར་འཁོད་འདུགམཉེན་ཆས་བཀག་སྡོམ་གྱི་གནས་ཚུལ་དང་འབྲེལ་ནས་རྒྱ་གར་གྱི་འབྲེལ་ཡོད་ཀྱི་ལས་བྱེད་རྒན་གྲས་ཤིག་གིས་The Economic Times གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཐེངས་འདིར་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་རྒྱ་ནག་གིས་ཕྱི་རྒྱལ་ཧོང་ཀོང་དང་སེངྒ་པུར་སོགས་སུ་སྟངས་འཛིན་བྱེད་བཞིན་ཡོད་ཀྱང་། མཉེན་ཆས་དེ་དག་གི་དྲ་འབྲེལ་མཐར་ཐུག་དེ་རྒྱ་ནག་ཏུ་འབྲེལ་ཡོད་པར་འགྲེལ་བརྗོད་ཀྱིས། མཉེན་ཆས་དེ་དག་བཀག་སྡོམ་བྱེད་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སོགས་ལ་དམིགས་པ་ཞིག་ཡིན་པར་ངོ་སྤྲོད་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་མཐའ་མཚམས་དང་འབྲེལ་ནས་རྒྱ་དཀར་ནག་གི་མཐའ་དམག་གི་བར་དུ་གདོང་ཐུག་བྱུང་བ་དང་འབྲེལ་ནས། རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་གྲངས་ཉིས་བརྒྱ་ལྷག་བཀག་སྡོམ་བྱས་ཡོད་པ་དང་། ཐེངས་འདིར་སླར་ཡང་རྒྱ་ནག་གི་མཉེན་ཆས་ཁག་ཅིག་བཀག་སྡོམ་བྱས་པ་དེ་ནི་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་གྱི་གནད་དོན་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།  རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་དྲ་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་དང་ཚན་རིག སྲིད་གཞུང་ཁག་དང་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གི་གསང་བའི་ཡིག་ཆ་དང་འཆར་གཞི། ལག་རྩལ་སོགས་རྐུ་འཁྱེར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། སྔར་ལོར་ཨ་རིའི་སྲིད་འཛིན་(Trump)མཆོག་གིས་ཨ་རིའི་ནང་ Alipay ཞེས་པའི་མཉེན་ཆས་གཙོ་བྱས་པའི་རྒྱ་ནག་གི་མཉེན་ཆས་འདྲ་མིན་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བཀག་སྡོམ་བྱས་ཡོད་པ་དང་།  དེ་ནི་གཙོ་བོ་རྒྱ་ནག་གི་མཉེན་ཆས་ཁག་བརྒྱུད་ཨ་རིར་ཉེན་ཁ་བཟོ་བཞིན་པ་ནས་སྲུང་སྐྱོབ་ཆེད་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།  

ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གིས་རྒྱ་ནག་གི་ཨོ་རྩལ་ལ་ལྟ་མཁན་ཉུང་དུ་ཕྱིན་པར་ངོས་ལེན།

ད་ཆ་རྒྱ་ནག་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དེ་ཨ་རིའི་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་གིས་གཟུགས་མཐོང་རླུང་འཕྲིན་དང་། སྤྱི་ཚོགས་དྲ་རྒྱའི་གླེང་སྟོགས་སོགས་ཀྱི་ཐོག་རྒྱང་སྲིང་ཞུ་བཞིན་ཡོད་པ་དང་། འདས་པའི་ཟླ་བ་མང་པོའི་གོང་ནས་རྒྱ་ནག་སྤྱི་དང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་སོགས་དང་འབྲེལ། རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་དང་རྩེད་འགྲེན་དེ་རྒྱང་སྲིང་བྱེད་མཁན་གྱི་བདག་པོ་ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་ལ་དེ་མཚུངས་ཀྱི་ངོ་རྒོལ་བསྟུད་མར་གནང་བའི་གནས་སྟངས་བྱུང་ཡོད།ངོ་རྒོལ་གྱི་གནས་སྟངས་དེ་དག་ཁྲོད་ཁག་ཅིག་ནས་ཐེངས་འདིའི་རྒྱ་ནག་ནང་གི་རྩེད་འགྲན་བརྒྱུད་ལམ་ཁག་གི་ཐོག་བལྟ་རྒྱུ་མིན་པའི་ལས་འགུལ་སོགས་སྤེལ་བར་བརྟེན་རྒྱ་ནག་གི་ཨོ་རྩལ་སྒོ་འབྱེད་ལས་རིམ་དེ་ལྟ་མཁན་ཉེ་དུས་ཉི་ཧོང་ནང་ཚོགས་པའི་རྒྱལ་སྤྱིའི་དབྱར་ཁའི་ཨི་ལམ་པིག་རྩེད་འགྲན་ལས་བརྒྱ་ཆ་ ༡༦ ལྷག་ཉུང་དུ་ཕྱིན་པ་མ་ཟད་དེ་སྔ་ ༢༠༡༨ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་ལས་བརྒྱ་ཆ་ ༤༣ ཉུང་དུ་ཕྱིན་ཡོད་པ་དང་། ཉེ་ཆར་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་གི་རྩེད་རིགས་སྡེ་ཚན་གྱི་འགན་འཛིན་ Pete Bevacqua ནས་ The Hollywood Reporter གསར་ཁང་གི་བཅར་འདྲིའི་ལས་རིམ་ཐོག་ཐེངས་འདིའི་རྒྱ་ནག་ནང་གི་རྩེད་འགྲན་ལ་ལྟ་མཁན་དེ་སྔ་དང་བསྡུར་ན་ཉུང་དུ་ཕྱིན་ཡོད་པ་དངོས་འབྲེལ་ཡིན་པར་ངོས་ལེན་བྱས་དེ་ལྟར་ཡང་། དེ་ནི་གཙོ་བོ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་དངོས་ལ་མང་ཚོགས་མེད་པ་དང་རྩེད་མོ་བ་རྣམས་ཁ་རས་གྱོན་ནས་ཟབ་ཟབ་བྱེད་དགོས་པའི་གནས་སྟངས་སོགས་དང་འབྲེལ་བ་ཡོད་པ་བཤད་འདུགཁོང་ནས་ད་རེས་རྩེད་འགྲན་རྒྱང་སྲིང་ལ་ལྟ་མཁན་ཉུང་དུ་ཕྱིན་པའི་རྒྱུ་མཚན་གཞན་ཞིག་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་གནད་དོན་དང་། National Hockey League ཞེས་ཨ་རི་དང་ཁེ་ན་ཌའི་ཡོངས་གྲགས་ཅན་གྱི་  Hockey རྩེད་རིག་སྡེ་ཚན་ནས་རྒྱ་ནག་གི་རྩེད་འགྲན་ནང་མཉམ་ཞུགས་མ་གནང་བའི་དབང་གིས་ཡིན་སྐོར་བཤད་འདུག་ཀྱང་ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གི་འཁྲབ་སྟོན་ཚན་པའི་འགན་འཛིན་ Molly Solomon གྱིས་རྒྱལ་ཡོངས་རྒྱང་སྲིང་ཁང་ནས་རྩེད་འགྲན་རྒྱང་སྲིང་གནང་སྐབས་རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ཁག་ཐབས་མཁས་པོའི་ཐོག་མངོན་གསལ་གནང་ཐུབ་པ་དང་། ལྷག་པར་དུ་རྩེད་འགྲན་འགོ་འཛུགས་སྐབས་རྒྱ་ནག་གི་དཔལ་འབར་ཁྱེར་མཁན་ཁོངས་སུ་ཤིན་ཅང་གི་མི་རིགས་ཤིག་ཡོད་པ་དེ་རྒྱལ་སྤྱིའི་ཐོག་མངོན་གསལ་ཐུབ་པ་དེ་ནི་བཟང་ཕྱོགས་ཤིག་ཡིན་སྐོར་སོགས་བཤད་འདུགཨ་རིའི་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་ནི་ཕྱི་ལོ་ ༢༠༠༢ ནས་ ༢༠༣༢ བར་གྱི་རྒྱལ་སྤྱིའི་ཨོ་ལམ་པིན་རྩེད་འགྲན་ཁག་རྒྱང་སྲིང་བྱེད་མཁན་གྱི་བདག་པོ་གཙོ་བོ་དེ་ཆགས་ཀྱི་ཡོད་པ་དང་། Pete Bevacqua ནས་ད་ལྟའི་རྒྱ་ནག་གི་རྩེད་འགྲན་ལ་ལྟ་མཁན་མང་པོ་མེད་ཀྱང་ཕྱི་ལོ་ ༢༠༢༤ ལོར་ཕ་རན་སི་དང་ཕྱི་ལོ་ ༢༠༢༦ ལོར་ཨི་ཊ་ལི། དེ་བཞིན་ ༢༠༢༨ ལོར་ཨ་རི་བཅས་སུ་ཨོ་ལམ་པིག་རྩེད་འགྲན་གོ་སྒྲིག་གནང་སྐབས་མི་མང་མང་པོ་གཟིགས་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་གསུངས་ཡོད།རྩ་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་དང་འབྲེལ། བོད་མི་དང་ཡུ་གུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་མི་ཉུང་བ་ཞིག་ནས་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་ད་རེས་རྒྱ་ནག་ནང་གི་རྩེད་འགྲན་ལ་སྦྱིན་བདག་གནང་རྒྱུ་མེད་པའི་ཞུ་སྐུལ་དང་ངོ་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་མུས་ཡིན་པ་མ་ཟད་ཁ་སང་ཨ་རིའི་ Stamford གྲོང་ཁྱེར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གི་རྩེད་རིགས་སྡེ་ཚན་མདུན་དུ་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་རྒྱ་ནག་གི་རྩེད་འགྲན་ནས་ཕྱིན་འཐེན་གནང་རྒྱུ་ཕྱིས་དྲག་ཡོད་མ་རེད་ཅེས་སོགས་ཀྱི་ཕྲེད་དར་དང་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་འབྲེལ་ཚོགས་འདུ་ཆེས་ཐོག་མ།

ཉེ་ཆར་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བ་བརྒྱུད་གྲོས་ཚོགས་ནང་བོད་དང་བོད་མིའི་ཆེད་དུ་ཆབ་སྲིད་ཀྱི་བཞེངས་ཕྱོགས་གསལ་པོ་བཟོ་རྒྱུ་ཡིན་སྐོར་ཡོངས་གྲགས་གནང་འདུགཟླ་བ་ ༢ ཚེས་ ༡༠ ཉིན་འཇར་མན་ནང་གི་ CDU ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand ལགས་ཀྱིས་སྣེ་ཁྲིད་པའི་ཡུལ་དེའི་གྲོས་ཚོགས་ནང་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་སྟེ་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་གྱི་བོད་དོན་ཚོགས་འདུ་ཆེས་ཐོག་མ་བསྐོང་ཚོགས་གནང་བ་མ་ཟད་དེའི་ཐོག་ Michael Brand ལགས་ཚོགས་པའི་ཚོགས་གཙོ་དང་འཇར་མ་ནིའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Maria Klein-Schmeink ལགས་དང་སྤྱི་ཚོགས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Nadja Sthamer དེ་བཞིན་མང་གཙོ་རང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་ Peter Heidt ལགས་ཚོགས་གཙོའི་ལས་རོགས་སུ་བསྐོ་གཞག་གནང་འདུག སྐབས་དེར་གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་ Michael Brand ལགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུ་ཡིན་པར་ནན་བརྗོད་དང་སྦྲགས། འཇར་མན་གྲོས་ཚོགས་ནང་བོད་དང་བོད་མིའི་ཆེད་དུ་ཆབ་སྲིད་ཀྱི་བཞེངས་ཕྱོགས་གསལ་པོ་བཟོ་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། དེ་རྗེས་གསར་འགོད་གསལ་བསྒྲགས་སྐབས་སུ་རྒྱ་གཞུང་གིས་བོད་མིར་མནར་གཅོད་དང་དམ་དྲག་མི་སྤྱོད་ལས་འདས་པ་བྱེད་བཞིན་པར་ཁ་ཁུ་སིམ་པོར་བཞུགས་རྒྱུ་མེད་པ་དང་དེ་བཞིན་སྣང་མེད་གཏོང་མཚམས་འཇོག་པའི་དུས་ལ་སླེབས་ཡོད་ཅེས་གསུངས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ལས་རོགས་ཡོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་། ལྷག་དོན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་གནད་དོན་མདུན་དུ་ཁྱེར་ཏེ་ཡོང་འགྱུར་ལོ་ཟླའི་ནང་འཇར་མན་གྲོས་ཚོགས་སུ་གླེང་སློང་གནང་སྟེ་བོད་དོན་ཤུགས་ཆེ་རུ་གཏོང་རྒྱུའི་ཞལ་བཞེས་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་རེད།

ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་གཞིར་བོད་དོན་ལ་རྒྱབ་སྐྱོར་གྱི་འབྲུ་དོན་ཁག་ཅིག་འཁོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་སྟེ་ཕྱི་ཚེས་ ༤ ཉིན། ཨ་རིའི་གྲོས་ཚོགས་འོག་མར་ཡུལ་དེའི་དཔལ་འབྱོར་གྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བའི་ America Competes Act འམ་ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་གནང་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་ལ་ངོ་རྒོལ་དང་པེ་ཅིང་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་སུ་བོད་ཀྱི་སྡེ་ཚན་གསར་འཛུགས། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་དང་གནས་སྤར་གནང་རྒྱུ་སོགས་བོད་དོན་ལ་རྒྱབ་སྐྱོར་གྱི་འབྲུ་དོན་ཁག་ཅིག་འཁོད་ཡོད་པ་རེད།ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་ལས་འགུལ་ཁང་གི་འབྲེལ་མཐུད་པ་ Franz Matzner ལགས་ཀྱིས་ད་རེས་ཨ་རིའི་གྲོས་ཚོགས་ནང་ཁྲིམས་གཞི་དེ་གཏན་འབེབས་གནང་བ་དེས་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཡུལ་དེའི་ཕྱི་སྲིད་འབྲེལ་ལམ་ཁྲོད་བོད་དེ་གནད་འགག་ཆེན་པོར་ངོས་འཛིན་བཞིན་ཡོད་པ་མཚོན་གྱི་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གཉའ་གནོན་གཏོང་བཞིན་ཡོད་པ་ལ་ཛ་དྲག་ཐོག་ནས་གདོང་ལེན་གནང་དགོས་པ་མཚོན་གྱི་ཡོད་སྐོར་གསུངས་འདུག ཨ་རིའི་ངོས་ནས་བོད་དེ་གནད་དོན་རྙིང་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཞིན་ད་ལན་ཁྲིམས་འཆར་དེ་གཏན་འབེབས་དང་འབྲེལ་ཏེ་མ་འོངས་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་འབྲེལ་ཡོད་ཁྲིམས་གཞི་གསར་པ་གང་ཞིག་གཏན་འབེབས་གནང་གི་ཡོད་ཀྱང་། ད་ལན་གཏན་འབེབས་གནང་བའི་ཁྲིམས་གཞིའི་ཁོངས་སུ་བོད་དོན་དང་འབྲེལ་བའི་གནད་དོན་གང་འཁོད་པ་དེ་དག་འགྱུར་བ་མེད་པར་གནས་དགོས་གལ་ཡིན་པར་གསུངས་འདུག ཨ་རི་གྲོས་ཚོགས་གོང་མའི་ནང་དུའང་སྔ་ལོའི་ཕྱི་ཟླ་ ༦ པ་ནང་དུ་ US Innovation and Competition Act ཞེས་ཐེངས་འདིའི་ཁྲིམས་འཆར་དང་གཅིག་མཚུངས་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་དེ་གཉིས་ནང་དུ་བོད་དོན་དང་འབྲེལ་བའི་གནད་དོན་གཙོ་ཁག་གསུམ་ཙམ་བཀོད་ཡོད་པ་རེད། དེའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གྱིས་༸རྒྱལ་བའི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐོག་ཐེ་བྱུས་བྱེད་བཞིན་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཞིན་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་དང་། མ་འོངས་པར་༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་ཆ་ཚང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་ལ་ཡོད་པར་རྒྱབ་སྐྱོར་གནང་བ་དང་འབྲེལ་ཏེ་དེའི་ཐོག་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིའི་སྲིད་དོན་ཉེས་ཆེད་གཅད་རྒྱུ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ལྷན་དུ་གནད་དོན་དེའི་ཐོག་མཉམ་ལས་གནང་དགོས་སྐོར་འཁོད་ཡོད། དེ་སྔ་ཨ་རི་གཞུང་གི་བོད་དང་འབྲེལ་བའི་ལས་ཁུངས་གཙོ་བོ་ཁྲིན་ཏུ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་དེ་སྒོ་བརྒྱབ་ཡོད་སྟབས་བོད་དོན་ཐོག་ཨ་རི་གཞུང་འབྲེལ་སྐུ་ཚབ་དགོས་མཁོ་ཆེ་བ་དང་འབྲེལ། རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རི་གཞུང་ཚབ་ལས་ཁུངས་སུ་བོད་ཀྱི་སྡེ་ཚན་ཟུར་འཛུགས་གནང་རྒྱུ་མ་ཟད་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་བའི་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཁྲིམས་འཆར་གྱི་འབྲུ་དོན་ཁག་ཀྱང་ལག་བསྟར་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་སོགས་འཁོད་ཡོད་པ་རེད། ཕྱོགས་མཚུངས་སུ་དེ་སྔ་སྐུ་ཞབས་ཊམ་སྲིད་གཞུང་གིས་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཡོད་ཀྱང་། ལས་གནས་དེའི་ཐོག་དེ་སྔ་དང་མི་འདྲ་བར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་མིན་པར་དེ་ལས་དམའ་བའི་གནས་རིམ་ཅན་གྱི་ལས་བྱེད་བསྐོ་གཞག་གནང་ཡོད་པ་ལྟར་ཐེངས་འདིའི་ཁྲིམས་འཆར་གསར་པའི་འོག་སྐུ་ཞབས་ཇོ་བྷ་ཌན་སྲིད་གཞུང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ Uzra Zeya ལགས་བསྐོ་གཞག་གནང་བ་བཞིན་མ་འོངས་པར་ གནས་རིམ་དེ་དང་མཚུངས་པ། ཡང་ན་དེ་ལས་གནས་རིམ་མཐོ་བའི་ལས་བྱེད་བསྐོ་གཞག་གནང་དགོས་པ་འཁོད་འདུག ཐེངས་འདིར་གཏན་འབེབས་གནང་བའི་ America Competition Act ཞེས་ཨ་རྒྱའི་འགྲན་རྩོད་ཀྱི་ཁྲིམས་འཆར་ནང་དུ་པེ་ཅིང་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པར་བོད་ཡིག་ཟབ་ཁྲིད་གནང་རྒྱུ་དང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དུས་ཐོག་ལ་སྙན་ཐོ་འགོད་འབུལ་ཞུ་རྒྱུ། རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་དང་རྒྱ་གཞུང་གི་དྲ་རྒྱའི་དམ་དྲག་ལ་གདོང་ལེན། གཞན་ཡང་རྒྱ་ཡིག་དང་ Cantonese ཡུ་གུར་དང་བོད་ཀྱི་སྐད་ཡིག་ཐོག་གསར་འགྱུར་སྤེལ་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་རྒྱུ། དེ་བཞིན་བོད་ཡིག་སློབ་སྦྱོང་གཙོས་ཡུ་གུར་དང་ཁན་ཊ་ནི་སི། རྒྱ་ཡིག་སོགས་ཀྱི་སློབ་སྦྱོང་ཆེད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ཐེབས་རྩ་ཁང་བརྒྱུད་ནས་དཔལ་འབྱོར་མཐུན་འགྱུར་གནང་རྒྱུ། ལྷག་པར་དུ་རྒྱ་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་བོད་བརྒྱུད་ནང་བསྟན་པ་རྣམས་དང་ཡུ་གུར་ཁ་ཆེ་བ། དེ་བཞིན་ཡི་ཤུའི་ཆོས་ལུགས་གཉེར་མཁན་རྣམས་ལ་དྲག་གནོན་མཚམས་འཇོག་གི་ཕྱག་ལས་ཐོག་ནས་ཨ་རི་གཞུང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་གྱི་བཞེངས་ཕྱོགས་བསྐྱར་ནན་གནང་རྒྱུ་བཅས་ཁ་སྣོན་གནང་ཡོད་པ་རེད།

Latest news