Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

འདི་ལོ་བལ་ཡུལ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་གང་ལེགས་ཞུས་ཐུབ་པ་བྱུང་འདུག

བལ་ཡུལ་གཞུང་གིས་ཁུལ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་གནང་མིན་ལ་ལྟོས་མེད་བོད་མི་རྣམས་ཀྱིས་ཁ་སང་དགའ་དད་སྤྲོ་གསུམ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བར་ཁ་སང་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་གི་ Jwalakhel བོད་མིའི་གཞིས་སྒར་དུ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གིས་རྐང་འགན་བཞེས་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཨཱཙཱ་རྱ་ཀརྨ་ཡེ་ཤེས་ཤར་པ་ལགས་དང་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་ཀྱིས་གཙོས་དབྱིན་ཡུལ་དང་ཕི་རན་སི། དེ་བཞིན་ཨི་སི་ཊོ་ལི་ཡ། རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་བཅས་ལྷན་ཞུགས་ཐོག་བོད་མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་འཁོད་པའི་ངང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་མ་ཟད་དེ་རིང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་ངོས་ནས་མང་ཚོགས་ལ་གཟུགས་ཀྱི་ཉི་མའི་ལྷ་གཞུང་འཁྲབ་སྟོན་ཞུས་འདུག དེ་བཞིན་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་དུས་ཆེན་ཉིན་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རིག་གཞུང་ཚན་པས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ཙམ་ལྷན་འཛོམས་ཐོག་སུད་སི་གྲོང་ཁྱེར་ Zurich ས་གནས་ཡུལ་མི་རྣམས་ལ་བོད་ཀྱི་གནའ་དེང་གཉིས་ཀྱི་སྒོར་གཞས་གཟིགས་འབུལ་དང་། བོད་ཀྱི་ཐུན་མིན་ཁ་ཟས་ཀྱི་ལྟོ་ཕད་རེ་རེ་འགོད་འགྲེམས་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཁ་སང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁུལ་དེའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་རིང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་དབྱིན་ཡུལ་གཞུང་མང་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ནས་ཡུལ་དེའི་ Cambain ས་གནས་སུ་ཉིན་གུང་ཚོུད་ ༡༢ ནས་ཕྱི་དྲོ་ཚོུད་ ༥ བར་བོད་ཀྱི་རིག་གཞུང་དུས་སྟོན་ཞེས་པའི་མཚན་སྦྱང་ཐོག་ཡུལ་དེའི་མང་ཚོགས་ལ་བོད་ཀྱི་གཞས་སྣ་སློབ་ཁྲིད་དང་བོད་དོན་གཏམ་བཤད། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་བསྐྲུན་སོགས་ཀྱི་ལས་རིམ་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག རྩ་བའི་ཁ་སང་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ ༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྒྱ་གར་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཞིག་གིས་འཕྲུལ་སྒྲ་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་༸གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག

ཨི་ཊ་ལི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་ཐོག་ཟླ་ ༦ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡ བར་ཡོ་རོབ་གླིང་ཆེན་གྱི་ཨི་ཊ་ལིའི་རྒྱལ་ཁབ་ Bolzano ནང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་ལྷན་ཚོགས་ཤིག་ཚོགས་འདུག ཐེངས་འའདིའི་ཚོགས་འདུའི་ཐོག་ཇེ་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེ་དང་ཨུ་རུ་སུ། ཨིཛ་རེལ།  སུད་སི། ཌེན་མག ཨོ་སི་ཊོ་ལི་ཡ། དེ་བཞིན་དབྱིན་ཡུལ་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་ ༢༠ ནས་མི་གྲངས་ ༤༨ ལྷག་ནས་ལྷན་ཞུགས་གནང་འདུག ཚོགས་འདུའི་ཐོག་ལྷན་ཞུགས་གནང་མཁན་ཚོས་རྒྱ་ནག་རྒྱལ་ཁབ་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཆ་ནས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་འཆར་གཞི་དང་ཐག་གཅོད། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཐད་ཤུགས་རྐྱེན་དང་གནོན་ཤུགས་སྤྲད་པའི་ཐོག་ལས་འགུལ་གང་སྤེལ་དགོས་མིན་དང་། ལོ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་འཁོར་གྱི་ཡོད་པ་དང་བསྟུན་ལོ་འཁོར་མོའི་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་མ་ཟད་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་དགུན་ཁའི་ཨོ་རྩེད་འགྲན་ཚོགས་གནང་རྒྱུ་ཡིན་པ་ལྟར་དེའི་ཚེ་བོད་དོན་ལས་འགུལ་གང་སྤེལ་དགོས་མིན། བོད་ཀྱི་ཁོར་ཡུག་དང་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་པ་གཞན་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐད་གོ་བསྡུར་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཇི་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་དོན་བདེན་ཐབས་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་རང་བཙན་གཙང་མ་འདོད་མཁན་གྱི་རྒྱབ་སྐྱོར་བ་གཞིར་བཞག་ནས་དབྱེ་འབྱེད་གནང་རྒྱུ་དེ་གལ་གནད་མིན་པ་དང་། ད་ལྟ་ང་ཚོའི་ངོས་ནས་དོ་སྣང་གནང་ས་གཙོ་བོ་དེ་བོད་མི་རྣམས་ལ་རྒྱ་གཞུང་ནས་དོན་སྙིང་ལྡན་པའི་རང་དབང་ཞིག་ཐོབ་ཐབས་ལ་འབད་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་དབུ་འཛུགས་གནང་བ་ལྟར་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༥༠ ལྷག་གི་ནང་ཚོགས་ཁག་ ༢༠༠ ཐམ་པ་ཡོད་ཐོག་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་གནང་མུས་རེད།

ཨ་རིའི་ Michigan གཙུག་ལག་སློབ་གྲྭར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ནང་དོན་རིག་པའི་ཆེད་ལས་སློབ་ཡོན་ཨ་སྒོར་འབུམ་ ༢༥ གནང་བ།

ཨ་རིའི་ Michigan གཙུག་ལག་སློབ་གྲྭར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ནང་དོན་རིག་པའི་ཆེད་ལས་སློབ་ཡོན་ཨ་སྒོར་འབུམ་ ༢༥ གསོལ་བསྩལ་གནང་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ཨ་རི་ California མངའ་སྡེའི་ San francisco གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་ཉེ་ཆར་ Michigan གཙུག་ལག་སློབ་གྲྭའི་ཨེ་ཤ་ཡའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་ལ་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པའི་མཐུན་རྐྱེན་བསྐྲུན་སླད་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དམ་པ་དེ་ཉིད་ཀྱི་མཚན་གནས་ཐོག་སློབ་ཡོན་ཨ་སྒོར་འབུམ་ ༢༥ གསོལ་བསྩལ་གནང་འདུག གཙུག་ལག་སློབ་ཁང་དེའི་འབྲེལ་ཡོད་ཚན་པའི་ངོས་ནས་ཕྱི་ལོ་ ༢༠༡༩ ལོའི་དགུན་དུས་ནས་སློབ་གྲྭ་ཆེན་མོར་ནང་དོན་རིག་པའི་སློབ་ཁྲིད་གནང་ཆེད་ཆེད་ལས་སློབ་དཔོན་ཁག་ཅིག་འདེམས་སྒྲུག་གིས་ཚད་མཐོའི་ཉམས་ཞིབ་གནང་རྒྱུའི་ཐག་གཅོད་བྱུང་འདུག་པ་མ་ཟད་ཉམས་ཞིབ་ཀྱི་གྲུབ་དོན་ཁག་རིམ་བཞིན་རྒྱལ་སྤྱིའི་ཁྲོད་ནང་པའི་སློབ་ཕྲུག་དང་ཁྱད་མཁས་མི་སྣ་ནང་ཁུལ་དབར་གོ་བསྡུར་གནང་རྒྱུ་རེད་འདུག གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ཨེ་ཤ་ཡའི་སྐད་ཡིག་དང་རིག་གཞུང་ཚན་པའི་འགན་འཛིན་སློབ་དཔོན་ Donald Lopez ལགས་ཀྱིས་འགྲེལ་བརྗོད་གནང་བར་ Michigan གཙུག་ལག་སློབ་གྲྭ་ཆེན་མོར་གྲགས་ཅན་གྱི་བྱ་དགའ་དེ་ལྟ་བུ་ཞིག་གནང་བ་དེས་གཙུག་ལག་སློབ་གཉེར་ཁང་གི་ལས་འཆར་ཁག་རྒྱ་བསྐྱེད་དང་ཁ་ཕྱོགས་གསར་པ་ཞིག་ཏུ་འཁྲིད་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་འདུག མཁྱེན་བརྩེ་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་མཁན་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ནང་ཆོས་ལ་སློབ་གཉེར་དང་སྒོམ་སྒྲུབ་བྱ་རྒྱུ་དེས་མི་སྒེར་དང་སྤྱི་ཚོགས་གཉིས་ཀ་སྲ་བརྟན་དང་མཐུན་སྒྲིལ་ཡོང་སླད་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ Michigan གཙུག་ལག་སློབ་གྲྭ་ཆེན་མོས་གཙོས་སློབ་གཉེར་བསྟི་གནས་ཁང་གཞན་ཁག་ཏུ་ནང་པའི་རིག་གཞུང་ཉར་ཚགས་དང་གསོན་པོར་གནས་ཐབས་བྱ་རྒྱུ་དེ་དམིགས་བསལ་གྱི་གནད་ཆེ་ཆགས་ཡོད་པ་གསུངས་འདུག རྩ་བའི་མཁྱེན་བརྩེ་ཐེབས་རྩ་ནི་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཆེད་འཛུགས་གནང་བའི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་བར་རིས་སུ་མ་ཆད་པའི་རྒྱལ་སྤྱིའི་རང་བཞིན་ཅན་དང་འཛམ་གླིང་ཁྱོན་ཡོངས་ནས་སངས་རྒྱས་ཀྱི་ཐབས་དང་ཤེས་རབ་གཉིས་ལ་སློབ་གཉེར་དང་སྒོམ་སྒྲུབ་གནང་བཞིན་པའི་གང་ཟག་སྤྱི་སྒེར་གཉིས་ཀ་ལ་རོགས་སྐྱོར་གནང་དང་གནང་མུས་ཡིན་པ་མ་ཟད། རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་གཙུག་ལག་སློབ་གྲྭ་གལ་ཆེ་ཁག་ཏུ་ནང་ཆོས་ཀྱི་སློབ་སྦྱོང་གནང་རྒྱུའི་ཆེད་ཆ་རྐྱེན་གཏན་འཇགས་ཤིག་བསྐྲུན་ཐབས་གནང་བཞིན་པའི་ཁྲོད་ཨ་རི་ California གཙུག་ལག་སློབ་གྲྭ་དང་འཇར་མ་ནི་ Humburg གཙུག་ལག་སློབ་གྲྭ་གཉིས་ནང་ནང་ཆོས་ཀྱི་སློབ་སྦྱོང་གནང་སའི་ཆ་རྐྱེན་ཞིག་བསྐྲུན་ཡོད་པ་རེད། ལྷག་པར་དུ་ཐེབས་རྩ་ཁང་དེས་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་རྒྱལ་ཁབ་ ༣༠ ལྷག་གི་ནང་ཚོགས་སྒེར་མང་པོ་ཞིག་ལ་རོགས་རམ་གྱི་ལས་གཞི་འདྲ་མིན་སྤེལ་བའི་ཁོངས་ནས་གཙོ་གྲས་གཅིག་ནི་གསུང་རབ་ཉར་ཚགས་དང་བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་ཡིན་པ་རེད།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༣ པ་དབུ་འཛུགས་གནང་བ།

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༣ པ་དབུ་འབྱེད་གནང་བ་དང་འབྲེལ། སྐུ་མགྲོན་གཙོ་བོ་མཁས་དབང་ངག་དབང་ཕུན་ཚོགས་ལགས་ཀྱིས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐུ་ལས་སྐྱོན་པ་ལྟར་ད་ལྟའི་མི་རབས་གསར་པ་ཚོས་ཀྱང་དེ་བཞིན་གནང་གལ་ཡིན་པ་གསུངས་སོང་། རྩོམ་སྒྱུར་ཟབ་སྦྱོང་ཐེངས་  ༡༣ པའི་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་Fullerton གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་ཀྱིས་གཙོས་པའི། དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དྲུང་ཆེ་དང་ལས་བྱེད་རྣམ་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ན་གཞོན་སློབ་མ་ཕོ་མོ་༤༠ བཅས་ལྷན་འཛོམས་གནང་འདུག སྐབས་དེར་ངག་དབང་ཕུན་ཚོགས་ལགས་ཀྱིས་སྔར་བོད་ཀྱི་ལོ་ཙཱ་བ་མང་དག་ཞིག་དཀའ་བ་ཁྱད་དུ་གསད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སངས་རྒྱས་ཀྱི་བཀའ་བསྟན་རྣམས་ཡོངས་སུ་རྫོགས་པ་བོད་བསྒྱུར་ཡོད་པ་དང་སྐབས་དེ་དང་དེའི་ཚེ་མཐུན་རྐྱེན་རྣམས་ད་ལྟ་ལྟར་མེད་པ་ཞིག་ཡིན་པ་དེ་ལྟར་ཡང། ད་ལྟའི་མི་རབས་གསར་པ་ཚོར་དེང་རབས་དང་མཐུན་པའི་མཐུན་རྐྱེན་ཆ་ཚང་བ་ཞིག་ཡོད་སྟབས། རྩོམ་སྒྱུར་ཐོག་དམིགས་བསལ་འབད་བརྩོན་བྱེད་དགོས་གལ་ཡིན་པ་གསུངས་སོང་། ད་དུང་ཁོང་གིས་ཡིག་བསྒྱུར་ལེགས་པོ་ཞིག་ཡོང་བར་ངེས་པར་དུ་བོད་དབྱིན་སྐད་ཡིག་གཉིས་ཀའི་གནས་ཚད་དེ་རང་སྐྱ་འཕེལ་བའི་ལེགས་པོ་དགོས་གལ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཞན་ནས་ཚུར་ཕབ་བསྒྱུར་གནང་རྒྱུའི་སྐད་ཡིག་ཧ་ཅང་ཕྱུག་པོ་ཡོད་པའི་སྐད་དམིགས་བསལ་བ་ཞིག་ཡིན་སྐོར་གསུངས་སོང་། རྩ་བའི་བོད་ཀྱི་དཔེ་མཛོད་ཁང་ནས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྩོམ་སྒྱུར་ཆེད་ལས་དོན་གཉེར་ཅན་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༢༠༠༦ ནས་རྩོམ་སྒྱུར་ཟབ་སྦྱོང་དེ་དབུ་བཙུགས་པ་ཞིག་ཡིན་པ་དང་། ལོ་ལྟར་ཟླ་ ༧ པ་ནས་ཟླ་ ༩ པའི་བར་རིན་མེད་ཐོག་གནང་བའི་ཟབ་སྦྱོང་དེའི་ཁྲོད་ད་བར་ཁྱོན་སློབ་མ་ ༣༠༠ ལྷག་ནས་མཉམ་བཞུགས་ཐུབ་པ་བྱུང་འདུག་པ་དང་། ཟབ་ཁྲིད་ཀྱི་སློབ་ཚན་ཁག་ནི་བོད་ཡིག  ནང་ཆོས། དབྱིན་ཡིག་དང་རྩོམ་སྒྱུར་གྱི་ཐབས་བྱུས་སོགས་ཡིན་པ་མ་ཟད་ལྷག་དོན་ཆེད་ལས་མི་སྣ་གདན་ཞུས་ཐོག་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་ཀྱང་བང་སྒྲིག་གི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་ཟབ་སྦྱོང་དེའི་སྐོར་བཅར་འདྲི་ཞུས་སྐབས་རྩོམ་བསྒྱུར་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་།  ནང་ཆོས། རིག་གཞུང་ལ་སློབ་གཉེར་གནང་རྒྱུ་དེ་ཡར་རྒྱས་གཏང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲོད་དུ་བོད་མི་རིགས་ཀྱི་རྩ་ཆེ་བའི་ཆོས་དང་རིག་གཞུང་རྣམས་འགྲེལ་བརྗོད་བྱ་རྒྱུའི་ཆེད་དབྱིན་སྐད་དེ་མེད་དུ་མི་རུང་བ་ཞིག་ཡིན་སྟབས་དེ་དག་ཀྱང་སློབ་ཁྲིད་གནང་གི་ཡོད་སྐོར་གསུངས་པ་མ་ཟད། ཟབ་སྦྱོང་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་ཀྱང་ས་མིག་ཡོད་པ་ལས་མང་བ་ཡོང་གི་འདུག་པ་མ་ཟད་ད་དུང་ཡང་སྒུག་ཐོ་ནང་སློབ་མ་ཁ་ཤས་ཤིག་ཚུད་རེ་གནང་བཞིན་ཡོད་སོགས་གསུངས་སོང་། ཐེངས་འདིའི་ཟབ་སྦྱོང་ནང་མཐོ་སློབ་འདྲ་མིན་གྱི་སློབ་མ་དང་། གདན་ས་ཁག་གི་དགེ་འདུན་པ། དེ་བཞིན་འབྲུག་བཅས་ནས་ཤེས་ཡོན་གྱི་རྒྱབ་ལྗོངས་མི་འདྲ་བའི་སློབ་མ་གྲངས་ ༤༠ ནས་ལྷན་ཞུགས་གནང་འདུག  

རྡ་སར་རྒྱལ་སྤྱིའི་དབུགས་སྦྱོང་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༢༡ སྟེ་རྒྱལ་སྤྱི་ཁྱོན་ཡོངས་སུ་ International Yoga Day རྒྱལ་སྤྱིའི་དབུགས་སྦྱོང་ཉིན་མོ་ཞེས་སྲུང་བརྩི་གནང་བཞིན་པ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་ Toward a Healthy India རྒྱ་གར་གྱི་འཕྲོད་བསྟན་གོང་འཕེལ་ཞེས་པའི་བརྗོད་གཞིའི་འོག་དབུགས་སྦྱོང་་གི་དམིགས་བསལ་ལས་རིམ་ཞིག་གིས་བརྒྱུད་དེ་རིང་གི་ཉིན་མོ་དེ་སྲུང་བརྩི་ཞུས་སོང། དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་རྒྱལ་ས་ལྡི་ལི་ནས་དབུགས་སྦྱོང་སློབ་ཁྲིད་པ་ཚེ་རིང་དབྱངས་འཛོམས་གདན་ཞུས་ཐོག་དབུགས་སྦྱོང་སློབ་འཁྲིད་ཀྱི་དམིགས་བསལ་ལས་རིམ་དང་སྦྲགས་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུས་པ་དང། སྔ་འདྲོ་ཕྱག་ཚོད་ ༦།༣༠ ནས་ ༧།༣༠ བར་ཚོགས་པའི་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་ཕྲུག་ཁག་ཅིག དེ་བཞིན་བཞུགས་སྒར་ཁུལ་གྱི་མང་ཚོགས་བཅས་ནས་མཉམ་བཞུགས་གནང་འདུག

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་སྡུར་ཚོགས་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་གནས་མཁར་གསར(New Castle) ས་གནས་བོད་རིགས་ཚོགས་པ་དང་ཨོ་གླིང་བོད་ཀྱི་མདའ་རྩལ་ཚོགས་པའི་ཕྱི་ལོ་ ༢༠༡༨ ལོའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་སྡུར་ཚོགས་འདུག་པ་དང་། ཐེངས་འདིའི་བོད་ཀྱི་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་སྡུར་ནང་མེལ་སྦོན་དང། སིད་ནི་ཌེ་ཝེ། གྷོ་སུ་ཧྥུ་སྒྲི། རི་སྔོན་པོ་དང་གནས་མཁར་གསར་བཅས་བོད་མི་མདའ་རྩལ་བ་ཁྱོན་མི་གྲངས་ ༢༥ ནས་མཉམ་ཞུགས་བྱས་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་ཕྱི་ལོ་༢༠༡༨ལོའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་སྐོར་ཨོ་གླིང་བོད་ཀྱི་མདའ་རྩལ་ཚོགས་པའི་རྒྱུན་ལས་མགུར་འབུམ་རྒྱལ་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པ་གཤམ་ལ་གསན་རོགས་གནང་།

Latest news