Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གནས་སྟངས་གསང་རྒྱ་བྱེད་བཞིན་པ་དེས་ཆུའི་འཇིག་པ་འགོག་པར་ངལ་བ་འཕྲད་བཞིན་ཡོད་པ་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་རང་འབྱུང་ཁོར་ཡུག་གི་གནས་སྟངས་སྤྱི་དང་། སྒོས་སུ་བོད་ནང་གི་འཁྱག་རོམ་ཞུར་ཚད་དང་། མཚོ། མཚེའུ་བཅས་གས་འཐོར་བྱུང་བའི་གནས་ཚུལ་རྣམས་གསང་རྒྱ་བྱེད་བཞིན་པ་དེས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་རྒྱུག་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་ནང་ལ་ཆུ་ལོག་དང་ས་རུལ་སོགས་རང་འབྱུང་ཁོར་ཡུག་དང་འབྲེལ་བའི་རྐྱེན་ངན་རྣམས་འགོག་སྲུང་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མངོན་བརྗོད་གནང་འདུག དེ་ཡང་དེ་རིང་བི་བི་སི་ BBC གསར་ཁང་གི་དྲ་གནས་ཐོག་གསར་ཁང་དེའི་ཁོར་ཡུག་སྡེ་ཚན་གྱི་གསར་འགོད་པ་སྐུ་ཞབས་ Navin Singh ལགས་ཀྱིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཆུ་ལོག་དང་ས་རུལ་སོགས་འབྱུང་བའི་འཇིག་པ་འཕྲད་བཞིན་པའི་ཐོག་ལ་དཔྱད་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ཁོང་གིས་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ཅིག་ཏུ་ཆུ་ལོག་དང་ས་རུལ་སོགས་ཁོར་ཡུག་དང་འབྲེལ་བའི་རྐྱེན་ངན་མི་ཉུང་བ་ཞིག་འཕྲད་པ་དེ་ནི་གཙོ་བོ་རྒྱ་གཞུང་དང་འབྲེལ་ཡོད་ལས་བྱེད་རྣམས་ནས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་། ལྷག་པར་དུ་བོད་ཀྱི་འཁྱག་རོམ་ཞུར་ཚད་དང་། མཚོ། མཚེའུ་སོགས་གས་འཐོར་བྱུང་བའི་གནས་ཚུལ་རྣམས་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་རྣམས་དང་གོ་བསྡུར་མ་བྱེད་པར་གསང་རྒྱ་བཞག་རྐྱེན་ཡིན་པ་གསལ་བཏོན་གནང་འདུག ཁོང་གིས་རྒྱ་ནག་གཞུང་གིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་རྣམས་གསང་རྒྱ་བྱས་པ་ཙམ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་བསྔོག་འདོན་དང་གཙང་པོ་ཆེ་ཁག་གི་ཐོག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་སོགས་རྒྱ་ཆེ་སྤེལ་བ་དེས་བོད་ཀྱི་གཤམ་འོག་ཏུ་ཡོད་པའི་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་དང་དེ་བཞིན་བྷང་ལ་དེ་ཤ་བཅས་ཀྱི་ནང་ལ་ཆུའི་འཇིག་པ་སོགས་ཁོར་ཡུག་དང་འབྲེལ་བའི་རྐྱེན་ངན་སྔར་ལྷག་འཕྲད་སྲིད་སྐོར་ཉེན་བརྡ་ཡང་བཏང་འདུག དེ་བཞིན་འདི་ལོའི་ཟླ་ ༧ པའི་ནང་བོད་ཀྱི་མཐའ་མཚམས་སུ་ཆགས་པའི་བལ་ཡུལ་གྱི་ Liping དང་།  Barabise ས་གནས་སུ་ཆུ་ལོག་གྱི་དོན་རྐྱེན་འོག་གནོད་འཚེ་ཕོག་པའི་ས་གནས་ཡུལ་མི་དང་ཁུལ་དེའི་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་འདུག་པ་དང་། སྐབས་དེར་ས་གནས་གཞུང་གི་ལས་བྱེད་ཟུར་པ་ Gokarna Dawadi ལགས་ཀྱིས་ས་རུལ་དང་ཆུ་ལོག་བྱུང་སའི་གཙང་པོ་ Bhotekoshi ཞེས་པ་དེ་བོད་ནས་བབ་ཀྱི་ཡོད་སྟབས། གཙང་པོ་དེ་ནས་ས་རུལ་དང་ཆུ་ལོག་སོགས་ཀྱི་གནས་ཚུལ་འགོག་སྲུང་བྱེད་པར་བོད་ནང་ཡོད་པའི་རྒྱ་གཞུང་ལས་བྱེད་རྣམས་ལ་འབྲེལ་བ་ལན་མང་བྱས་ཀྱང་རྒྱ་གཞུང་གིས་གཙང་པོ་དེའི་སྐོར་གནས་ཚུལ་གང་ཡང་གོ་བསྡུར་མ་བྱས་པར་བརྟེན།  ཆུ་ལོག་མངོན་འགོག་གི་ལས་གཞི་སྤེལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་འགྲེལ་བརྗོད་གནང་འདུག ཁོང་གིས་བོད་ནས་རྒྱ་གར་ནང་བབ་བཞིན་པའི་ Brahmaputra དང་། Koshi གཙང་པོ་སོགས་ནས་དེ་སྔ་ཕྱི་ལོ་ ༢༠༠༠ དང་། ༢༠༠༨ བཅས་སུ་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་བི་ཧར་དང་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་གཉིས་ནང་ཆུའི་འཇིག་པ་ཤུགས་ཆེ་བྱུང་བའི་གནས་ཚུལ་དང་འབྲེལ། རྒྱ་གར་དབུས་གཞུང་གིས་ཆུའི་འཛིན་སྐྱོང་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ Ghanashyam Jha ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཆུ་ལོག་སོགས་ཀྱི་གནོན་འཚེ་བྱུང་བཞིན་པར་བློ་འཚབ་ཆེན་པོ་ཡོད་ཀྱང་། དེ་ལས་ཚབས་ཆེ་བ་ནི་རྒྱ་གཞུང་གིས་བོད་ཀྱི་གཙང་པོ་ཆེ་ཁག་ཐོག་ཏུ་ཆུ་མཛོད་རྒྱག་བཞིན་པ་དེ་ཡིན་པ་མ་ཟད། གལ་སྲིད་མ་འོངས་པར་ཆུ་མཛོད་དེ་དག་ནས་ཆུ་ཕོན་ཆེན་དུས་གཅིག་ལ་གཏང་ཚེ་རྒྱ་གར་སོགས་ཀྱི་ནང་ཆུའི་གནོད་འཚེ་ཤུགས་ཆེ་བྱུང་ངེས་རེད་ཅེས་བརྗོད་འདུག  

ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་ཞུ་སྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་བྷེལ་ཇམ་དང་ཧྥ་རན་སི་བཅས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དང་བསྟུན། ཧྥ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ཅིག་གིས་ཡུལ་དེའི་སྲིད་འཛིན་ Francios Hollande མཆོག་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག མཛད་འཆར་ཁག་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ཆེས་ཐོག་མར་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་རྒྱུ་གཙོ་བོར་འགྱུར་བའི་མཛད་འཆར་ཁག་གཅིག་བསྐྱང་རྒྱུ་དང་། དེ་རྗེས་ཟླ་བ་འདིའི་ཚེས་ ༡༢ ནས་ ༡༨ བར་ཧྥརན་སིའི་ Strasbourg གྲོང་ཁྱེར་ནང་ལ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་གི་ཡོད་པ་རེད། བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་འཁོད་པར་གཞིགས་ན། Association Tibet Libre ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྐང་སྣེ་འཁྲིད་འོག ཧྥ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༢༠ ཙམ་གྱིས་སྲིད་འཛིན་ཨོ་ལན་ཌི་མཆོག་ལ་ཡོངས་ཁྱབ་ཞུ་ཡིག་ཞིག་ཕུལ་ཡོད་པ་དང། དེའི་ནང་གཙོ་བོ་ཉེ་ལམ་ནས་ཧྥ་རན་སི་ནང་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་ཀྱི་ལས་གཞི་ཚད་ལས་འགལ་བ་སྤེལ་ཏེ་ཡུལ་དེའི་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་པ་དེ་ཞི་ཐབས་སླད་སྲིད་འཛིན་མཆོག་གིས་ད་རེས་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་དང་ཚེ་མེད་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་དགོས་པ་མ་ཟད། མགོན་པོ་༸གང་ཉིད་དང་ལྷན་རྒྱས་མཇལ་མོལ་གནང་སྟེ་མང་ཚོགས་ཁྲོད་ཡུལ་དེའི་ནང་སླར་ཞི་བདེ་ལྷིང་འཇགས་བསྐྲུན་རྒྱུའི་སེམས་སྐུལ་སྤེལ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཧྥན་རན་སིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནི་ཀོ་ལ་སར་ཀོ་ཛི་མཆོག་དང། དེ་བཞིན་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་སྦ་རག་ཨོ་བྷ་མ་མཆོག་གིས་ཕོ་བྲང་དཀར་པོའི་ནང་༸གོང་ས་མཆོག་དང་ལྷན་རྒྱས་མཇལ་མོལ་ཞུ་མྱོང་ཡོད་པའི་གནད་དོན་ནན་བརྗོད་ཀྱིས་སྲིད་འཛིན་ཧོ་ལན་ཌི་མཆོག་གིས་ཀྱང་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་དཔུང་པ་མཉམ་ཞིབ་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། ལྷག་དོན་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་སླད་བོད་རྒྱ་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་བསྐྱར་མཐུད་ཡོང་ཐབས་གནང་དགོས་ཀྱི་རེད་ཅེས་སྐུལ་མ་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་ནང་ཟླ་བ་འདིའི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་བདུན་གཅིག་ཙམ་གྱི་མཛད་འཆར་ཁོངས་སུ་མང་ཚོགས་ལ་བྱང་ཆུབ་སེམས་འབྲེལ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་སོགས་ཀྱི་ཆོས་འབྲེལ་ཡོད་པ་དང་། མང་ཚོགས་ལ་ཆོས་ལས་འདས་པའི་ཀུན་སྤྱོདསྐོར་ལ་བཀའ་སློབ་ལམ་སྟོན་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

ཨོ་སི་ཊོ་ལི་ཡའི་ནང་ཚོགས་རྒྱུའི་མའོ་མཚན་ཚོགས་ཕྱིར་འཐེན་བྱེད་དགོས་བྱུང་བ།

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་དང། མེལ་བོ་རན་གཉིས་ནང་ཚོགས་འཆར་ཡོད་པའི་མའོ་རྗེས་དྲན་མཚན་ཚོགས་ཕྱིེར་འཐེན་བྱེད་དགོས་བྱུང་འདུག འདི་ལོ་རྒྱ་ནག་གི་དམར་ཤོག་ཚོགས་པ་ཆེད་བཙུགས་བྱེད་མཁན་མའོ་གྲོངས་ནས་ལོ་ ༤༠ འཁོར་བའི་དུས་ཚིགས་དང་བསྟུན་ཕྱི་ཟླ་ ༩ ཚེས་ ༦ དང་། ༩ གཉིས་ལ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེས་གྲས་ Sydney དང། Melbourne གཉིས་སུ་མའོ་ལ་ཆེ་བསྟོད་ཀྱི་མཚན་ཚོགས་ཤིག་ཚོགས་འཆར་ཡོད་པ་དང།  དེ་ཡང་གཙོ་བོ་ཁུལ་དེའི་ནང་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་ཡོད་ LB HOME GROUP ཚོང་གཉེར་ཁང་།  དེ་བཞིན་ཁུལ་དེའི་ནང་ཡོད་པའི་ international Culture Exchange Association Australia གཉིས་ཟུང་སྦྲེལ་གྱིས་སྒྲིག་ཞུས་ཡོད་པ་རེད།  ཉིན་ཤས་སྔོན་ཁུལ་དེའི་ནང་བོད་རིགས་ཚོགས་པ་དང། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོས་མཚན་ཚོགས་དེ་ཚོགས་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་མ་ཟད། གཞུང་འབྲེལ་གནད་ཡོད་མི་སྣ་ཚོར་མཚན་ཚོགས་དེ་བཀག་སྡོམ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ Channel News Asia ཐོག་གནས་ཚུལ་ཐོན་པར་གཞིགས་ན། སིཌ་ནི་གྲོང་ཁྱེར་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ལྟའི་ Australia གྲོང་ཁྱེར་ Sydney ནང་དུ་ཚོགས་རྒྱུའི་མའོ་མཚན་ཚོགས་དེའི་ཐད་ཁུལ་དེའི་ནང་གི་མང་ཚོགས་ནང་ཁུལ་དབར་ལ་བསམ་ཚུལ་མཐུན་མིན་ཤུགས་ཆེ་བྱུང་ཡོད་པ་དང། དེ་བཞིན་མཚན་ཚོགས་སྐབས་སུ་མང་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཚབས་ཆེན་པོ་ཡོད་པ་བརྗོད་ནས་ད་རེས་མའོ་མཚན་ཚོགས་འདི་ཕྱིར་འཐེན་བྱས་ཡིན་པ་བརྗོད་འདུག འདི་ག་རླུང་འཕྲིན་ཁང་གིས་ཚོགས་རྒྱུའི་མཚན་ཚོགས་འདིར་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་བོད་མི་བསྟན་པ་འབྲུག་གྲགས་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་མཚན་མཚོག་དེ་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོས་པར་ཁུལ་དེའི་ནང་གི་བོད་མི་ཚོར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་སྣང་ཞིག་བྱུང་ཡོད་པ་གསུངས་ཀྱི་འདུག དེ་བཞིན་ Channel News Asia གསར་ཁང་གི་ངོས་ནས་ད་རེས་མའོ་མཚན་ཚོགས་དེ་ཕྱིར་འཐེན་བྱས་པའི་གནད་དོན་དང་འབྲེལ་ཏེ་གོ་སྒྲིག་བྱེད་མཁན་ལ་བཅར་འདྲི་གནང་པར་གོ་སྒྲིག་ཚོགས་པའི་ངོས་ནས་གནད་དོན་དེའི་ཐོག་གང་ཡང་བཤད་རྒྱུ་མེད་ཅེས་བརྗོད་འདུག་པ་མ་ཟད།  ཐེངས་འདིའི་ Melbourne གྲོང་ཁྱེར་ནང་མའོ་མཚན་ཚོགས་དེ་ཡང་ཕྱིར་འཐེན་བྱས་འདུག

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་ཝུ་ཡིང་ཇེས་ཏཱ་ལའི་བླ་མའི་བྱ་ངན་ཐེར་བཏོན་དགོས་ཀྱི་རེད་བརྗོད་པ།

ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་དུ་བསྐོ་གཞག་བྱས་པའི་ཝུ་ཡིང་ཇེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བཀུར་འདེབས་དང་སྦྲགས། རྒྱ་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་བྱ་ངན་ཐེར་བཏོན་དང་སྐྱོན་བརྗོད་ཀྱི་ལས་དོན་དེ་དག་གཏིང་ཟབ་ཏུ་གཏོང་དགོས་པ་མ་ཟད། བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་ལས་དོན་ཐད་སྔར་ལྷག་ཤུགས་རྒྱབ་དགོས་སྐོར་འགྲེལ་བརྗོད་བྱས་འདུག དེའང་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་འདུ་ཚོགས་པ་དང་བསྟུན་ཝུ་ཡིང་ཇེས་རང་ཉིད་ཀྱི་མ་འོངས་པའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༡༠ ཅན་གྱི་གཏམ་བཤད་ཞིག་བྱས་ཡོད་འདུག སྐབས་དེར་ཁོ་པས་སྲིད་འཛིན་ཞི་ཅིང་ཕིང་གཙོ་བོར་འགྱུར་བའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་འགོ་ཁྲིད་རྣམས་ནས་བོད་དོན་ལ་དོ་ཁུར་ཆེན་པོ་བྱེད་བཞིན་པ་མ་ཟད། བོད་ནང་བརྟན་ལྷིང་བསྐྲུན་ཆེད་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་ལས་འགན་གཙོ་ཆེ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་ལུང་འདྲེན་དང་འབྲེལ། ང་ཚོས་ཏཱ་ལའི་བླ་མར་སྐྱོན་བརྗོད་དང་ཏཱ་ལའི་བླ་མའི་བྱ་ངན་ཐེར་བཏོན་གྱི་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་ཀྱི་རེད་ཅེས་བརྗོད་པ་མ་ཟད། བོད་མའི་ཆོས་དད་རང་དབང་མུ་མཐུད་སྲུང་སྐྱོབ་བྱ་དགོས་པ་ལྟར་ཆོས་ལུགས་མཐུན་སྒྲིལ་སླད་གཙོ་བོ་བོད་ཀྱི་ནང་པའི་ཆོས་དང་སྤྱི་ཚོགས་རིང་ལུགས་གཉིས་ཕན་ཚུན་སྟུན་མཁས་ཡོང་བའི་ལམ་སྟོན་བཟང་པོ་ཞིག་གཏོད་དགོས་ཀྱི་རེད་ཅེས་བརྗོད་འདུག གཞི་རྩའི་ཝུ་ཡིང་ཇེ་ནི་འདི་ལོའི་ཟླ་ ༨ ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཁྲེན་ཆོན་གོའི་ཚབ་ཏུ་བསྐོ་གཞག་བྱས་པ་དང། ཁྲེན་ཆོན་གོ་ཤིན་ཅང་རང་སྐྱོང་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་གནས་སྤར་བཏང་ཡོད་པ་རེད། ད་ལྟ་རང་ལོ་ ༥༩ ཡིན་པའི་ཝུ་ཡིང་ཇེ་ནི་ཕྱི་ལོ་ ༡༩༧༤ ཙམ་ནས་བོད་དུ་བསླེབས་ཏེ་མི་ཚེ་ཧྲིལ་པོ་ཁུལ་དེའི་ནང་བསྐྱལ་པ་མ་ཟད། ཕྱི་ལོ་ ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ཕྱི་ལོ་ ༢༠༠༥ ལོར་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ་བཅས་བྱས་ཡོད་པ་རེད། ཁོ་པས་རང་ཉིད་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱུང་རྗེས། ཁོང་རང་ཆུང་དུས་ནས་བོད་ལ་འཚོ་བ་བསྐྱལ་བ་དང་། བོད་ཀྱི་གནམ་ས་དང་བོད་མི་རིགས་ཀྱི་མང་ཚོགས་ཚོས་ཁོ་པར་གསོ་སྐྱོང་བྱས་ཡོད་སྐོར་བརྗོད་པ་མ་ཟད། བོད་ནི་ཁོ་པའི་ཕ་ཡུལ་གཉིས་པ་དང་རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཞིག་ལ་བརྩི་བཞིན་ཡོད་ཚུལ་བརྗོད་འདུག

ཨ་རིའི་སྲིད་འཛིན་དང་ཁེ་ན་ཌའི་སྲིད་བློན་རྣམ་གཉིས་ལ་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པ་ཞུས་འདུག

དེ་ཡང་ཟླ་ ༩ ཚེས་ ༤ དང་། ༥ བཅས་སུ་རྒྱ་ནག་གི་ Hangzhou གྲོང་ཁྱེར་ནང་དུ་ G20 འམ་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན་དང་འབྲེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་ ༡༡ དེ་ཚོགས་རྒྱུའི་ཐོག་མགྲོན་བདག་རྒྱལ་ཁབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཙོས་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག ཁེ་ན་ཌའི་སྲིད་བློན་སྐུ་ཞབས་Justin Trudeau མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དཔལ་འབྱོར་བློན་ཆེན་སོགས་ཕེབས་གནང་གི་ཡོད་སྟབས། ད་རེས་སྲིད་འཛིན་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་སྐུ་ཞབས་ Ben Rhodes ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་འདས་པའི་ལོ་བདུན་དང་ཕྱེད་ཀའི་ནང་ལྷོ་རྒྱ་ནག་རྒྱ་མཚོ་དང་། དྲ་རྒྱའི་ཉེན་སྲུང་།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ནང་གལ་གནད་ཆེ་བའི་གནད་དོན་ཁག་གི་ཐོག་ལ་བསྐྱར་ཞིབ་གནང་འཆར་ཡོད་སྐོར་གསུངས་འདུག དེའང་ཁ་སང་ཉིན་རྒྱབ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་པའི་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་ལྕམ་ Susan Rice མཆོག་གིས་གཙོས་པའི་རྒྱ་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མྱངས་མྱོང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་མགོ་ལོག་འཇིགས་མེད་ལགས་དང་ཨ་རི་དུ་བཅའ་བཞུགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་ TengBiao ལགས།  luJun དེ་བཞིན་ Ughur དང་། AlimSeytoff  དང་ཡི་ཤུའི་ཆོས་དད་རང་དབང་ལས་འགུལ་བ་ BobFu བཅས་མི་སྣ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་སྲིད་འཛིན་མཆོག་གིས་རྒྱ་ནག་གི་ Hangzhou གྲོང་ཁྱེར་ནང་དུ་ G20 འམ་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན་དང་འབྲེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་ ༡༡ ཐོག་གང་གནང་དགོས་མིན་ཐད་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་འདུག སྐར་མ་ ༨༠ ཙམ་རིང་ཚོགས་པའི་ཚོགས་འདུ་དེའི་ཐོག་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རིང་མིན་ཟླ་ ༩ པའི་ནང་ཚོགས་གཏན་འཁེལ་བའི་ G20 ལྷན་ཚོགས་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་ཡོད་པ་ཁ་གསལ་གནང་དགོས་པ་དང་། དོན་གྲུབ་དབང་ཆེན་ལགས་ཁོང་གི་ནང་མིའི་ལྷན་དུ་མཉམ་འཛོམས་ཡོང་བ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་གྲོལ་ཡོང་རྒྱུ་གཙོས་གནད་དོན་གསུམ་གྱི་ཐོག་འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་ TengBiao ལགས་ཀྱི་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་གཞག་བྱེད་པའི་དུས་ནས་བཟུང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྤྱི་ཚོགས་ལ་ཕན་པའི་ཚོགས་པ་མང་པོ་ཞིག་སྒོ་རྒྱབ་པ།  དྲ་རྒྱ་སོགས་བརྒྱུད་ལམ་ཁག་གི་ཐོག་ལ་དམ་དྲག་གཙོས་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཁག་དུ་མར་དྲག་གནོན་བྱེད་བཞིན་ཡོད་པ་སོགས་མངོན་གསལ་གྱིས་རྒྱ་ནག་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་ཐེ་བཏོན་གནང་པ་མ་ཟད། སྲིད་འཛིན་ཨོ་བྷ་མ་མཆོག་གིས་གནད་དོན་དེར་གླེང་སློང་ཤུགས་ཆེ་གནང་དགོས་པའི་ཞུ་སྐུལ་ཞུས་འདུག དེ་བཞིན་ཁོང་གིས་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Liu Xiaobo ལགས་དང་། Ilham Tohti དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Li Heping དང་། Wang Quanzhang སོགས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག གཞན་ཡང་ཨ་རིའི་སྤྱི་དམངས་ཐོབ་ཐང་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་གཙོས་ Chris Smith ལགས། འགྲོ་བ་མིའི་ཐབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་བཅས་ཀྱིས་སྲིད་འཛིན་མཆོག་ལ་ཞུ་སྐུལ་གནང་འདུག དེ་མཚུངས་སུ་ཁེ་ན་ཌའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David sweet ལགས་དང་ David Anderson ལགས་དེ་བཞིན་སྐུ་ཞབས་ Peter Kent ལགས་བཅས་གསུམ་གྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་ད་རེས་རྒྱ་ནག་ཏུ་ཕེབས་སྐབས་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པའི་འབོད་ཁག་ཅིག་ཞུས་འདུག འབོད་སྐུལ་བསྒྲགས་གཏམ་དེའི་ནང་གྲོས་ཚོགས་རྣམས་ནས་སྲིད་བློན་སྲིད་བློན་ Justin Trudeau མཆོག་ལ་རྒྱ་ནག་དེ་མང་ཚོགས་ཀྱི་རང་དབང་འཕྲོག་མཁན་གྱི་དབང་ཆ་གཅིག་བསྡུས་རིང་ལུགས་པ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་ནས་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུ་དང་ཕྷ་ལེན་གོང་རྗེས་འབྲང་པའི་ཆོས་རིག་ལ་དྲག་གནོན་རྐྱེན་པས་ཁོང་རྣམ་པ་དཀའ་སྡུག་མྱོང་བཞིན་ཡོད་པ་ངེས་པར་དུ་མཁྱེན་པའི་ཐོག་ད་རེས་གོ་སྐབས་འདི་བཟུང་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གླེང་སློང་གནང་དགོས་པའི་ཞུ་སྐུལ་ནན་པོ་གནང་འདུག ཁ་སང་སྔ་ཐོག་ཁེ་ན་ཌའི་རྒྱལ་ས་ Otawa ལ་རྟེན་གཞི་བྱས་པའི་གྲོས་ཚོགས་མདུན་དུ་ཁུལ་དེའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱི་ཉེས་ཡང་ཚོགས་པ་སོགས་ཀྱིས་སྐད་འབོད་དང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། ཁེ་ན་ཌའི་སྲིད་བློན་མཆོག་ནས་ད་རེས་རྒྱ་ནག་དང་མཉམ་དུ་བོད་མི་རང་ལུས་མེར་སྲེག་མུ་མཐུད་ཡོང་བཞིན་པའི་གནད་དོན་དང་བླ་རུང་སྒར་གཏོར་བཤིག་མཚམས་འཇོག དེ་བཞིན་རྩོམ་པ་པོ་ཞོགས་ལྗང་ལགས་འཕྲད་དུ་གློད་གྲོལ་སྐོར་གླེང་སློང་གནང་དགོས་པའི་ཞུ་འབོད་གནང་འདུག

ཨ་རིའི་སྲིད་འཛིན་འོས་མི་གཉིས་ལ་བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་འཛིན་དགོས་པའི་ཞུ་སྐུལ།

ཨ་རིའི་ནང་དུ་རྟེན་གཞིན་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ལ་བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་ངོས་འཛིན་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག       དེའང་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ཨ་རིའི་འོས་བསྡུ་ཆེན་མོ་གནང་གཏན་འཁེལ་བ་དང་བསྟུན། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཏུ་མ་འོངས་པར་སྲིད་འཛིན་གྱི་འོས་མི་གཉིས་ལ་ཞུ་ཡིག་ཞིག་ཕུལ་རྒྱུའི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག་པ་དང། ཞུ་སྙན་དེའི་ནང་དུ་ཨ་རིའི་སྲིད་འཛིན་གྱི་འོས་མི་གཉིས་པོར་ཁོང་གཉིས་ལས་སུ་ཞིག་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས། གཙོ་བོ་ཨ་རིའི་གཞུང་ནས་གཏན་འབེབས་གནང་པའི་བོད་དོན་དང་འབྲེལ་བའི་སྲིད་བྱུས་འམ་ US Tibetan Policy Act 2002 ཞེས་པ་གཞིར་བཟུང་གིས་བོད་མིའི་མངོན་འདོད་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་དེ་ཕྱག་བསྟར་གནང་རྒྱུའི་འགན་དབང་ཡོད་སྟབས། ཁོང་གཉིས་ཀྱིས་བཞེངས་ཕྱོགས་གཏན་པོ་ཞིག་གི་ཐོག་ནས་བོད་པའི་གནད་དོན་སེལ་རྒྱུ་དེ་ལས་འགན་གཙོ་གྲས་སུ་ངོས་འཛིན་དགོས་པའི་འབོད་སྐུལ་ཞུས་འདུག དེའང་རྒྱ་ནག་གཞུང་ལ་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོའི་ཁག་ལ་ཆེས་དམ་དྲགས་དང་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ་དང། ཞི་བའི་ཐོག་རང་གི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་སམས་བློ་འགྲེལ་བརྗོད་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་གྲོལ་གཏོང་དགོས་པ། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རིའི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་བཅུག་གི་ཡོད་པ་དེ་མཚུངས་སུ་རྒྱ་གཞུང་གིས་ཀྱང་ Reciprocal Access ཞེས་ཨ་རིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་། གསར་འགོད་པ། དེ་བཞིན་མི་སེར་དཀྱུས་མ་རྣམས་རང་དབང་ངང་བོད་དང་རྒྱ་ནག་ནང་དུ་བསྐྱོད་བཅུག་དགོས་པའི་གནད་དོན་ཐད་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་སྐོར་རེ་སྐུལ་ཞུས་འདུག རྩ་བའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་གནང་གཏན་འཁེལ་ཡོད་པ་དང་།  དེའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལས་མང་གཙོ་ཚོགས་པའི་འོས་གཞི་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Hillary Clinton དང། སྤྱི་མཐུན་ཚོགས་པའི་འོས་གཞི་ཨ་རིའི་ནང་གི་ཚོང་གཉེར་བ་གྲགས་ཅན་ Donald Trump བཅས་ཡིན་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་ ༧༢ ཀྱིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྲིད་འཛིན་གྱི་ལས་ཡུན་ལྷག་མའི་ནང་བོད་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་དགོས་པའི་ཞུ་སྐུལ་གནང་པ།

ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ད་ལྟའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་སྲིད་འཛིན་གྱི་ལས་ཡུན་ཚང་ལ་ཉེ་བ་དང་བསྟུན། ཨ་རིའི་ Massachusetts མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་ཀྱིས་སྣེ་ཁྲིད་པའི་ཁུལ་དེའི་གྲོས་ཚོགས་འཐུས་མི་ ༧༢ ཀྱིས་ཐུན་མོང་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཨ་རིའི་སྲིད་འཛིན་གྱི་ལས་ཡུན་ལྷག་མའི་ནང་བོད་དོན་ཐོག་ཞལ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་དགོས་པའི་ཞུ་སྐུལ་ནན་པོ་གནང་འདུག དེའང་ཁ་སང་ཚེས་ ༡༨ ཉིན་སྐུ་ཞབས་ Jim McGovern ལགས་ཀྱིས་རང་ཉིད་ཀྱི་དྲ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་པ་དང་འབྲེལ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་མཚན་ཐོག་ཏུ་ཞུ་སྙན་གྱི་ཕྱག་བྲིས་ཤིག་ཕུལ་བ་འདོན་སྤེལ་གནང་འདུག ཞུ་སྙན་གྱི་ཕྱག་བྲིས་དེའང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་དབུས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ Eliot Engel ལགས་སོགས་ཨ་རིའི་མངའ་སྡེ་ ༢༧ ནང་གི་གྲོས་ཚོགས་འཐུས་མི་ཁྱོན་ ༧༢ ཀྱིས་ཐུན་མོང་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཕུལ་བ་ཞིག་ཡིན་པ་རེད། ཕྱག་བྲིས་དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་མང་ཚོགས་ཚོས་ཨ་རི་དེ་མཛའ་གྲོགས་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར་ཨ་རིའི་ངོས་ནས་བོད་རྒྱ་གཉིས་དབར་གྲོས་མོལ་བསྐྱར་མཐུད་གནང་རྒྱུ་གཙོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་གནང་རྒྱུ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་པའི་བརྒྱུད་མཛའ་གྲོགས་ཀྱི་འདུ་ཤེས་དེ་དོན་འཁྱོལ་ཡོང་བ་ཞིག་གནང་རྒྱུའི་དུས་ལ་སླེབས་ཡོད་པ་གསུངས་པ་དང་ཆབས་ཅིག Tibet Policy Act འམ་ཨ་རིའི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གྲུབ་དོན་རྣམས་ནུས་ལྡན་གྱི་དོན་འཁྱོལ་ཡོང་བར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ལས་ཡུན་ལྷག་མའི་ནང་བོད་ཀྱི་གནད་དོན་སེལ་ཕྱིར་ཞལ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་དགོས་པའི་དོན་ཚན་ཁག་ཅིག་གསལ་བཏོན་གྱིས་ཞུ་སྐུལ་ནན་པོ་གནང་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་ཀྱི་༸སྐུ་ཚེ་ཧྲིལ་པོའི་རིང་འཛམ་གླིང་ཞི་བདེ་དང་ཆོས་ལུག་མཐུན་སྒྲིལ་བཅས་ཀྱི་ཐོག་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་པར་སྲིད་འཛིན་མཆོག་གིས་དེར་ལས་ཡུན་ཟླ་ཤས་ནང་གོ་སྐབས་དམ་འཛིན་གྱིས་༸གོང་ས་མཆོག་ཨ་རིའི་ནང་དུ་གདན་ཞུ་གནང་སྟེ། འཛམ་གླིང་འདིའི་ཐོག་གི་དཀའ་རྙོག་ཁག་སེལས་ཆེད་༸གང་ཉིད་མཆོག་གི་ལམ་སྟོན་ཞུ་དགོས་པ་དང། མགོན་པོ་མཆོག་གམ་སྐུ་ཚབ་རྣམས་ངེས་པར་དུ་ལྷན་ཞུགས་ཡོད་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་དང་འབྲེལ་བའི་བགྲོ་གླེང་ཅི་རིགས་གནང་རྒྱུའི་མཐུན་འགྱུར་སྐྲུན་དགོས་གལ་ཡིན་པ་མ་ཟད། ལྷག་དོན་བོད་ནང་གི་བོད་མི་རྣམས་དང་། བོད་ནང་བསྐྱོད་མཁན་ཨ་རིའི་མི་སེར་ཡིན་པའི་བོད་རིགས་དང་ཨ་རིའི་མི་སེར་གཞན་རྣམས་རང་དབང་ཐོག་འགྲུལ་སྐྱོད་བྱ་རྒྱུར་འཕྲད་བཞིན་པའི་དཀའ་ངལ་རྣམས་ངོས་འཛིན་གྱིས་དེ་དག་སེལ་ཕྱིར་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁང་གསར་འཛུགས་གནང་རྒྱུ་འབད་སྤུངས་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བསྐྱང་ཐུབ་པའི་མཐུན་འགྱུར་བསྐྲུན་དགོས་པ་དང་། རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་ཡོང་བར་སྲིད་འཛིན་མཆོག་གིས་དུས་ནས་དུས་སུ་སྤྱི་བསྒྲགས་ཤིག་སྤེལ་གལ་ཆེ་བ་མ་ཟད། རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲགས་བྱས་པ་ལྟར། ཨ་རིའི་གཞུང་གིས་ཀྱང་དེ་མཚུངས་སྲིད་བྱུས་ལག་བསྟར་གྱིས་རྒྱ་ནག་དཔོན་རིག་རྣམས་ཨ་རི་ནང་ཡོང་རྒྱུའི་ཐད་དམ་གནོན་གནང་དགོས་གལ་ཡིན་པའི་ཞུ་འབོད་གནང་འདུག རྩ་བའི་ད་ལན་སྲིད་འཛིན་མཆོག་ལ་ཞུ་ཡིག་ཕུལ་བའི་ལས་འགུལ་དེ་སྣེ་ཁྲིད་གནང་མཁན་གཙོ་བོ་སྐུ་ཞབས་ Jim McGovern ལགས་ནི་སྔ་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་གི་ལྷན་དུ་རྒྱ་གཞུང་གིས་གོ་སྒྲིག་ཞུས་དོན་ལྟར། བོད་ནང་འཚམས་གཟིགས་ལ་བསྐྱོད་མཁན་ཨ་རིའི་གྲོས་ཚོགས་འཐུས་མིའི་རུ་ཁག་ནང་ལྷན་ཞུགས་གནང་ཡོད་པ་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ༸གོང་ས་མཆོག་ལ་ཆེས་དད་གུས་ཆེ་བའི་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད།

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བླ་རུང་སྒར་གཏོར་བཤིག་ལས་དོན་ལ་བློ་ཕམ་ཡོད་ཅེས་གསུངས་པ།

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་འདུག དེ་ཡང་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁ་སང་ངོ་དེབ་བརྒྱུད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་། ཚོགས་གཙོ་ Arif Virani ལགས་ཀྱིས་རྒྱ་གཞུང་གིས་འཛམ་གླིང་ནང་གི་ནང་ཆོས་སློབ་གཉེར་ཁང་ཆེ་ཤོས་བོད་སེར་རྟ་བླ་རུང་ཆོས་སྒར་དུ་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པར་ཆེས་བློ་ཕམ་ཡོད་ཅེས་གསུངས་པ་སྦྲགས། ལས་གཞི་དེའི་ཁྲོད་གྲྭ་བཙུན་སློབ་གཉེར་བ་ ༥༠༠༠ ལྷག་གི་བསྡོད་ཁང་གཙོས་ཆོས་བྱ་རྒྱུའི་གོ་སྐབས་མེད་པ་ཆགས་པ་མ་ཟད། བོད་མི་དེ་དག་རྣམས་ཀྱི་བསམ་བློར་རང་ཉིད་ལུང་པ་དེའི་མི་ཡིན་བསམ་པའི་གདེང་སྤོབས་དང་བདེ་འཇགས་ལ་དོ་ཕོག་ཤུགས་ཆེ་བྱུང་སྟབས། དཀའ་ངལ་དེ་དག་ལ་མི་བཟོད་པར་བརྟེན་མཐར་དགོན་པ་དེའི་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་ཡོད་སྐོར་གསུངས་འདུག ཁོང་གིས་ད་དུང་བླ་རུང་ཆོས་སྒར་ནི་བོད་པའི་ནང་པ་སྟོང་ཕྲག་མང་པོས་ནང་ཆོས་ལ་སློབ་གཉེར་གནང་ཡུལ་གཙོ་གྲས་ཤིག་ཡིན་པ་དང་། ལྷག་དོན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ཀྱང་དེ་ནས་རག་གི་ཡོད་སྐོར་གསུངས་པ་དང་འབྲེལ། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའང་གསུངས་འདུག   དེ་བཞིན་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དང་བོད་མི་མང་ཚོགས་ཚོའི་བསམ་བློ་བརྟན་པོའི་ཐོག་གནས་རྒྱུ་དང་། ཆོས་སྒར་དེའི་སློབ་གཉེར་བ་ཚོས་ཀྱང་མུ་མཐུད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཐུབ་པ་ཡོང་བའི་རེ་བ་ཡོད་པ་བཅས་འཁོད་ཡོད་པ་རེད། དེའི་བར་ན་ཁ་སང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ལྷག་གིས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག ལས་འགུལ་དེའི་རྐང་འགན་འཁུར་བ་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རིགས་ཚོགས་པ། ས་གནས་གཞོན་ནུ། ཆུ་བཞི་སྒང་དྲུག་བཅས་ཚོགས་པ་བཞི་ཟུང་སྦྲེལ་གྱིས་པེ་རི་སིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཞི་རྒོལ་གནང་འདུག་པ་དང་། དེའང་ཁ་སང་ཕྱི་དྲོ་ཚོུད་ ༣ ནས་ ༧ བར་ལས་འགུལ་སྤེལ་འདུག

G20 འགོ་ཁྲིད་ཚོས་རྒྱ་ནག་ནང་ཇེ་ཞན་དུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྣང་མེད་དུ་འཇོག་རྒྱུ་མེད་པའི་འབོད་སྐུལ།

འདི་ལོ་༢༠༡༦ལོའི་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་ཐེངས་ ༡༡ རྒྱ་ནག་གི་ཤར་ཕྱོགས་མངའ་ཁུལ་ Zheijiang ཡི་གྲོང་ཁྱེར་ Hangzhou ནང་ཟླ་བ་རྗེས་མའི་ཚེས་ ༤ ནས་ ༥   བཅས་ཉིན་གྲངས་གཉིས་རིང་འཚོགས་གཏན་འཁེལ་ཡོད་པ་ལྟར། ཁ་སང་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ G20 འགོ་ཁྲིད་ཚོར་ཞུ་ཡིག་ཞིག་ཕུལ་བའི་བརྒྱུད་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་རྒྱལ་ཁབ་དེའི་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་དགོས་པ་དང་། དེར་དབུ་ཁྲིད་ཚོས་གཅིག་འགྱུར་གྱིས་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གསལ་བཏོན་གནང་འདུག དེའང་རེ་སྐུལ་གྱི་ཕྱག་བྲིས་དེ་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་དྲ་ཐོག་ཏུ་ཁ་སང་རེས་གཟའ་ཟླ་བའི་ཉིན་སྤྱི་བསྒྲགས་སྤེལ་འདུག་པ་དང་། དེའི་ནང་གཙོ་བོ་རིང་མིན་ཕྱི་ཟླ་ ༩ པའི་ནང་འཛམ་གླིང་གི་དཔལ་འབྱོར་ནུས་སྟོབས་ལྡན་པའི་རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་ཚོ་རྒྱ་ནག་ཏུ་ G20 ཞེས་པའི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་འཆར་གྱི་གོ་སྐབས་དང་བསྟུན་ནས། སྐབས་དེ་དུས་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་གོ་སྐབས་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པའི་རྣམ་པ་བཏོན་རྒྱུ་ཡོད་པ་མཟད། དམིགས་བསལ་རྒྱ་ནག་གི་ཁྲིམས་ལ་བརྩི་སྲུང་དགོས་པའི་གླེང་སློང་བྱ་རྒྱུ་དེས་རྒྱལ་ཁབ་ཕྱོགས་ཕན་ཚུན་གྱི་དཔལ་འབྱོར་གྱི་འབྲེལ་ལམ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ངེས་ཡིན་པ་བཅས་བཀོད་འདུག ལྷག་པར་དུ་འདས་པའི་ལོ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་གཞུང་འོག་ཁུལ་དེའི་མི་མང་དཀྱུས་མ་ཚོར་བསུན་གཙེར་བཟོས་པ་དང་དམིགས་བསལ་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ། གྲངས་ཉུང་མི་རིགས་ཀྱི་མང་གཙོའི་མངོན་འདོད་ལ་དྲག་གནོན་ཚད་མེད་བྱས་པ་མ་ཟད། རྒྱ་ནག་རྒྱལ་ནང་གི་ཁྲིམས་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་དམ་བཅའ་དང་ཁ་དན་ཟིན་པར་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་དེས། ད་བར་རྒྱ་ནག་དེ་རྒྱལ་ཁབ་གཞན་དང་ལྷན་ཡིད་ཆེས་ཡོད་པའི་མཐུན་གྲོགས་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་ཐུབ་མེད་སྐོར་སྐྱོན་བརྗོད་གནང་འདུག     རིང་མིན་འཚོགས་ལ་ཉེ་བའི་རྒྱལ་ཁབ་ཁག་ཉི་ཤུ་ཐམ་པའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཀྱི་ལྷན་ཚོགས་དེའི་ཐོག་ནས་རྒྱ་གཞུང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ངེས་པར་དུ་འདྲི་རྩད་བྱེད་དགོས་པའི་ཞུ་འབོད་གནང་ཡོད་པ་རེད། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱིས་ཁུལ་དེའི་མི་མང་གི་བསམ་བརྗོད་རང་དབང་། ཆོས་དད་རང་དབང་བཅས་ལ་དམ་དྲག་བྱེད་བཞིན་པའི་ཁར།  རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲག་གནོན་གྱི་སྲིད་བྱུས་འཛིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ལ་སོགས་པའི་གནད་དོན་འདྲ་མིན་ཐོག་གུ་ཡངས་ལྡན་པའི་སྒོ་ནས་གླེང་སློང་བྱ་རྒྱུ་དཀའ་བའི་གནས་ཡིན་སྐོར་བརྗོད་འདུག ཚོགས་པ་དེས་ད་དུང་རྒྱལ་ཁབ་ཞིག་ནང་ཁྲིམས་ལུགས་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མེད་པ་ཡིན་ན། རྒྱལ་ཁབ་དེའི་ནང་ཐོན་ཁུངས་ཡར་རྒྱས་ཕྱིན་པ་དེས་དོན་དམ་པའི་དཔལ་འབྱོར་གོང་འཕེལ་ཕྱིན་པར་ངོས་འཛིན་གནང་གི་མ་རེད་ཅེས་ནན་བརྗོད་དང་སྦྲགས་ཏེ།  རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་ཚོས་རྒྱ་གཞུང་ནས་རྒྱལ་ཁབ་དེའི་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་འཕྲལ་མར་མཚམས་འཇོག་ཡོང་བར་རེ་སྐུལ་གནང་དགོས་པ་སོགས་བཀོད་ཡོད་པ་རེད།

Latest news