Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམག་དཔོན་གསར་པ་བསྐོ་གཞག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དྲག་པོའི་དམག་གི་ཁོངས་སུ་ལོ་ངོ་བཅུ་ཕྲག་འགའ་དམག་གི་ཉམས་མྱོང་ཡོད་པ་དང་ལྷག་པར་དུ་ལོ་ངོ་བརྒྱད་ཀྱི་རིང་རྒྱ་ནག་དམག་དཔུང་གི་འབུམ་ཤོག་ཆེ་མོ་བཅུ་གསུམ་པ་བདག་ཏུ་བཟུང་མྱོང་ཡོད་མཁན་ལོ་ངོ་ ༥༨ ཡིན་པ་དམག་དཔོན་ Wang Kai ཟེར་བ་ཞིག་གསར་དུ་བསྐོ་གཞག་བྱས་འདུགWang Kai དམག་དཔོན་གསར་པར་བསྐོ་བཞག་མ་བྱེད་གོང་གོ་གནས་དེ་ Wang Haijiang གིས་བཟུང་བ་དང་ད་ཆ་ཁོ་པ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་དཔོན་རིགས་ཤིག་ཡིན་པ་རེད་འདུག རྒྱ་ནག་དམག་དཔུང་གི་འབུམ་ཤོག་ཆེ་མོ་བཅུ་གསུམ་པའམ་ཡོངས་གྲགས་སུ་རི་ཁུལ་གྱི་སྟག་ཅེས་བརྗོད་ཀྱི་ཡོད་པ་དེ་ནི་རྒྱ་གཞུང་གི་སྐད་གྲགས་ཆེ་ཤོས་ཀྱི་སྐམ་དམག་དཔུང་སྡེའི་གྲས་ཤིག་ཡིན་པ་མ་ཟད། རི་ཁུལ་དང་ས་བབ་མཐོ་ས། དེ་བཞིན་ཚ་ཁུལ་གྱི་ནགས་ཚལ་སོགས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་དམག་འཐབ་བྱེད་མཁན་ཞིག་རེད་འདུག འབུམ་ཤོག་ཆེ་མོ་བཅུ་གསུམ་པ་དེ་ ༢༠༡༧ ལོར་རྒྱ་གཞུང་གི་དཔུང་དམག་འབུམ་ཤོག་ཆེ་མོ་ ༧༧ པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང་དམག་དཔུང་དེས་བོད་ཀྱི་བརྟན་ལྷིང་འགན་ལེན་དང་དེ་བཞིན་རྒྱ་གཞུང་དང་རྒྱ་གར། ཝེ་ཏི་ནམ་བཅས་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱ་སླད་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ཀྱི་འདུག་པ་མ་ཟད་རྒྱ་གར་གྱི་མཐའ་མཚམས་གདོང་ཐུག་ལ་དྲག་གནོན་གྱི་བྱ་སྤྱོད་སྤེལ་ཡོད་པ་རེད་འདུག གཞན་ཡང་བརྒྱུད་ལམ་ཁག་ལ་དེ་སྔ་རྒྱ་མི་དམངས་བཅིངས་བཀྲོལ་དམག་གི་སློབ་སྟོན་པའི་འགན་འཁུར་བ་ Song Zhongping  ཡིས་བརྗོད་དོན་ལྟར་ན་ Wang Kai ལ་དམག་དཔོན་གྱི་གོ་གནས་སྤྲད་པ་དེ་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས་སྤྲད་པ་ཞིག་དང་། ལྷག་པར་དུ་བོད་དེ་རྒྱ་ནག་གཞུང་གི་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཡིན་སྟབས། ཁོ་པ་ད་རེས་དེ་ལྟར་བསྐོ་གཞག་བྱས་པ་མ་ཟད་རྒྱ་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་ནས་མི་སྣ་ཉམས་མྱོང་ལྡན་པ་ཞིག་བསྐོ་བཞག་བྱས་པ་དེ་ནི་གནད་འགག་ཆེན་པོ་ཡིན་སྐོར་བརྗོད་འདུག

ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བསྐྱར་གསོ་དགོས་པར་ནན་སྐུལ།

འཇར་མ་ནི་རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ Li Keqiang ལ་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་བསྐྱར་གསོ་བྱེད་དགོས་པར་ནན་སྐུལ་གནང་འདུགཟླ་གོང་མའི་ཚེས་ ༢༨ སྟེ་རེས་གཟའ་ལྷག་པའི་ཉིན་སྲིད་བློན་ལྕམ་ Angela Merkel མཆོག་དང་རྒྱ་ནག་གི་སྲིད་བློན་ Li Keqiang གཉིས་དབར་དྲྭ་ལམ་བརྒྱུད་ཆེས་མཐོའི་ལྷན་ཚོགས་ཐེངས་ ༦ པ་དེ་གནང་ཡོད་པ་དང་། སྐབས་དེར་ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་འདུག་པ་དང་སྦྲགས། རྒྱལ་ཁབ་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་དང་ཧོང་ཀོང་བཅས་ཀྱི་གནད་དོན་གྱིས་གཙོས་པའི་ཕན་ཚུན་མོས་མཐུན་མེད་པའི་གནད་དོན་སོགས་ཀྱི་ཐད་གྲོས་མོལ་ལྷུག་པོ་གནང་འདོད་ཡོད་སྐོར་གསུངས་འདུག རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་རྒྱ་ནག་དང་འཇར་མ་ནིའི་དབར་མི་མཐུན་པའི་གནད་དོན་ཁག་ཅིག་ཡོད་ཀྱང་། དོན་དམ་ཐོག་ཕྱོགས་གཉིས་ནས་མུ་མཐུད་མདུན་སྐྱོད་ཀྱིས་མཉམ་ལས་བྱེད་དགོས་པ་མ་ཟད། དེའང་མ་འོངས་མི་ལོ་ ༥༠ ཡི་འབྲེལ་ལམ་དེ་བདེ་ཐང་དང་སྲ་བརྟན་གྱི་གོང་འཕེལ་ཡོང་བར་འབད་བརྩོད་བྱེད་དགོས་གལ་ཡིན་པར་བཤད་འདུགཁོ་པས་ད་དུང་འཇར་མ་ནིའི་ངོས་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གོང་འཕེལ་ཐོག་འབད་བརྩོན་གནང་དགོས་པ་ལས་ཧོང་ཀོང་ནང་གི་ཆབ་སྲིད་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལྟ་བུའི་རྒྱ་ནག་གི་ནང་མོལ་གནད་དོན་ལ་ཐེ་གཏོགས་གནང་རྒྱུ་མེད་པར་འགྲེལ་བརྗོད་བྱས་འདུག སྤྱིར་རྒྱ་ནག་གིས་ཤིན་ཅང་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ཉེ་བའི་ཆར་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ཐོག་ངལ་བ་འཕྲད་པའི་ཁྲོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་གནད་ཡོད་མི་སྣར་མཐོང་མཆན་བཀག་སྡོམ་སོགས་ཀྱི་སྲིད་དོན་ཉེས་ཆད་བཏང་བ་བརྒྱུད་དེ་འདས་ལོར་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་ཚོང་གྱི་གྲོས་མཐུན་འཇོག་པ་དེ་དག་ལ་དོ་ཕོག་ཤུགས་ཆེ་ཐེབས་ཉེན་གྱི་དུས་ལ་བསླེབས་ཡོད་པ་རེད། དེའི་ཁྲོད་འཇར་མ་ནི་རྒྱ་ནག་གིས་བདག་དབང་རྩོད་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་སྲུང་སྐྱོབ་སླད་དམག་གྲུ་ཆེད་གཏོང་གྱི་བཀའ་མོལ་གནང་མཁན་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གི་མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་སོགས་ཀྱི་གཞི་རྩའི་རང་དབང་ལ་བརྩི་མེད་རྡོག་རོལ་དང་། མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་རྣམས་བཙོན་འཇུག་དང་བཀག་སྐྱིལ་སོགས་བྱས་པ་མ་ཟད། ལྷག་དོན་ཡུ་གུར་གྱི་ཁ་ཆེ་བའི་མང་ཚོགས་བཀག་བསྐྱིལ་དང་དེ་བཞིན་ཡུ་གུར་བའི་མང་ཚོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནང་སྒོར་ཐེ་བྱུས། དེ་བཞིན་རྒྱུ་མཚན་འདྲ་མིན་ལ་ཁ་གཡར་ནས་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་རེད། འཇར་མ་ནིའི་ནང་གི་བརྒྱུད་ལམ་ཁག་ཅིག་གི་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཨ་རི་དང་ཁེ་ན་ཌ་སོགས་ཀྱིས་རྒྱ་ནག་གིས་ཡུ་གུར་མང་ཚོགས་ཐོག་འཛིན་པའི་སྲིད་བྱུས་ནི་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་གནང་བ་ལྟར། རིང་མིན་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་དུ་འཇར་མ་ནིའི་གྲོས་ཚོགས་ནང་དུའང་གནད་དོན་དེའི་ཐོག་གྲོས་བསྡུར་གནང་འཆར་ཡོད་པ་རེད་འདུག

བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་རྗེས་དྲན་གྱི་ལས་འགུལ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༤ བའི་ཚེས་ ༢༩ ཉིན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། དེ་བཞིན་ལྡི་ལི་ཁུལ་གྱི་ངག་མེད་མགྲིན་ཚབ་ཚོགས་པ་གསུམ་མཉམ་འབྲེལ་ཐོག རྒྱ་གར་རྒྱལ་ཡོངས་སུ་ད་བར་བོད་དོན་སླད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། དབུ་འབྱེད་ཀྱི་ལས་འགུལ་འདི་བཞིན་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དྲ་ལམ་བརྒྱུད་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རྒྱ་རུ་སྒྲོལ་མ་མཆོག དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal ལགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དབུས་པའི་དབུས་རྒྱུན་ཁག་ཅིག་གིས་ལྷན་ཞུགས་ཐོག་གསུངས་བཤད་གནང་ཡོད། སྐབས་དེར་སྐུ་ཞབས་ Indresh Kumar ལགས་ད་བར་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་ཡོངས་ལ་ཆེད་བསྟོད་མྱ་མང་ཞུས་པ་དང་ཆབས་ཅིག ད་བར་བར་ཁོང་རྣམས་ཀྱིས་བློས་གཏོང་གནང་པའི་བྱས་རྗེས་དེ་དག་ང་ཚོས་ནམ་ཡང་ཆུད་ཟོས་སུ་གཏོང་གི་མ་རེད་ཅེས་གསུངས་སོང་། མ་ཟད་ཁོང་གིས་རྒྱ་གར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་སླད་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་ཁག་ཅིག་དྲན་གསོ་དང་སྦྲགས། བོད་ཀྱི་རང་དབང་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། བོད་ལ་རང་དབང་ཐོབ་པ་བྱེད་རྒྱུ་དེ་འགྲོ་བ་མི་ཞིག་གི་ངོ་བོའི་ཐད་ནས་བལྟས་ཀྱང་ཤིན་ཏུ་གལ་ཆེ་བའི་གནད་དོན་ཞིག་ཡིན་པ་སོགས་གསུངས་ཡོད། དེ་བཞིན་སྐུ་ཞབས་ Pankaj Goyal ལགས་ནས། བོད་ནང་ལ་བོད་མི་ཚོས་སོ་སོའི་སྐད་ཡིག་ལ་སློབ་སྦྱོང་དང་། ཆོས་ཉམས་ལེན་བྱས་པ། དེ་བཞིན་རང་དབང་སོགས་ཀྱི་སྐོར་གླེང་སློང་བྱས་པ་ཙམ་གྱིས་བཙོན་དུ་འཇུག་བཞིན་པ་མ་ཟད། ཉེན་བརྡ་ཡང་ཚད་བརྒལ་བ་གཏོང་བཞིན་ཡད་པ་སོགས་རྒྱ་ནག་གཞུང་གི་བྱེད་བབས་ཁག་ཅིག་ཐེར་འདོན་དང་སྦྲགས། བོད་ཀྱི་རང་དབང་སླར་གསོའི་སླད་དུ་བོད་མི་ཙམ་མ་ཡིན་པར། རྒྱ་གར་མང་ཚོགས་ནས་ཀྱང་མཉམ་རུབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད། བཀའ་ཟུར་རྒྱ་རི་སྒྲོལ་ནམ་མཆོག་ནས་ད་བར་བོད་མི་ཚོས་རང་དབང་འཐབ་རྩོད་སླད་རང་ལུས་མེར་སྲེགས་གནང་མཁན་ཡོངས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། རང་ལུས་མེར་སྲེགས་གནང་རྒྱུ་དེ་ནི་བོད་པའི་སྲོལ་རྒྱུན་ཞིག་མིན་པར། དེ་ནི་རྒྱ་ནག་གཞུང་གི་དྲགས་པོའི་བྱེད་བབས་འོག་བོད་མི་རྣམས་འུ་ཐུག་སྟེ་སྤེལ་བའི་ལས་འགུལ་ཞིག་ཡིན་པར་གསུངས་ཡོད། འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་སུ་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ལས་འགུལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༥༧ ལྷག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་བཏང་ནས་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཅི་མི་སྙམ་པར་ཕུལ་བའི་རླབས་ཆེན་གྱི་བྱས་རྗེས་དེར་རྗེས་དྲན་དང་། དེ་བཞིན་ཁོང་ཅག་གི་ཤུལ་ལུས་ནང་མི་གཉེན་འབྲེལ་རྣམས་ལ་ཡང་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དེར་བོད་མི་རིགས་ཀྱིས་གུས་བརྩི་བླ་མེད་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ཞིག་འབུལ་ཐབས་སུ་དམིགས་པ་ཞིག་ཡིན་སྐོར་ངོ་སྤོད་གནང་སོང་། དེ་བཞིན་ཚོགས་གཙོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་འདི་རྒྱ་གར་དུ་དབུ་བརྙེས་ནས་མི་ལོ་དྲུག་བཅུ་ཕྱིན་པའི་དེ་རིང་ཡང་། རྒྱ་གར་གྱི་ནང་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་ནན་བརྗོད་དང་སྦྲགས། བོད་དོན་དྲིལ་བསྒྲགས་ཟེར་དུས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཙམ་མིན་པར། འབྲེལ་ཡོད་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཟུང་འབྲེལ་གྱིས་རྒྱ་གར་གྱི་གྲོང་གསེབ་ཁག་དང་ཡན་ལག་ས་ཁུལ་སོགས་སུ་ཡང་གཞི་རྒྱ་ཆེ་བའི་བོད་དོན་གྱི་དྲིལ་བསྒྲགས་ལས་འགུལ་སྤེལ་དགོས་བ་དེ་གནད་དོན་གལ་ཆེན་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། གཞི་རྩའི་དེ་རིང་གི་རྒྱལ་གཅེས་དཔའ་བོ་དམའ་མོའི་ཉིན་མོ་ཞེས་པ་དེ་ནི། ཕྱི་ལོ་ ༡༩༩༨ལོར་བོད་ཕྱི་ནང་གཉིས་སུ་བོད་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཐོག་མ་སྟེ། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ཟླ་བ་ ༤ བའི་ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་གནང་སྟེ། ཚེས་ ༢༩ ཉིན་སྐུ་གྲོངས་བའི་ཉིན་མོ་དེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་གཏན་འབེབས་ཀྱིས་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ལོར་ཉིན་མོ་འདི་དང་བསྟུན་ནས་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་ལས་འགུལ་མ་འདྲ་བ་བརྒྱ་དང་བརྒྱད་ལྷག་དབུ་འཛུགས་གནང་བ་ཞིག་ཆགས་ཀྱི་འདུག

འགྲོ་བ་མི་གཅིག་གྱུར་གྱིས་གོ་ལ་སྲུང་སྐྱོབ་གནང་གལ་སྐོར་བཀའ་སྩལ་བ།

བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཁ་སང་བར་ཉིན་གྲངས་གསུམ་རིང་ཚོགས་པའི་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་གོ་ལ་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སྦྲགས། ང་ཚོའི་གོ་ལ་འདི་བཞིན་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་མཐོར་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་འདུགདེ་ཡང་ལྷན་ཚོགས་ཀྱི་ཚོགས་དུས་ཉིན་གཉིས་པའི་ཐོག་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐད་ཉམས་ཞིབ་གནང་མཁན་ Potsdam ལྟེ་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ Johan Rockstrom ལགས་དང་། ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་ཁང་གི་འགན་འཛིན་ལྕམ་ Marcia McNutt ལགས་གཉིས་ནས་ཐེངས་འདིའི་ལྷན་ཚོགས་དང་འབྲེལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ང་ཚོའི་གོ་ལ་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་སྲེང་ཞུས་ཡོད་པ་དང་། དེའི་ནང་མགོན་པོ་གང་ཉིད་མཆོག་ནས། ང་ཚོས་འཛམ་གླི་འདི་ལས་གཞན་པའི་གཟའ་སྐར་མིག་དམར་ལྟ་བུ་ཞིག་གི་ནང་ལ་འཚོ་ཐབས་ག་ཚོད་བྱས་ཀྱང་དེ་ནི་འགྲུབ་དཀའ་བ་ཞིག་ཡིན་པ་དང་། ང་ཚོ་ལ་ཡོད་བཞིན་པའི་གོ་ལ་སྔོན་པོ་འདི་ནི་ང་ཚོའི་ཁྱིམ་ཁོ་ན་ཉིད་དེ་ཡིན་པ་དང་དེ་ནི་ནང་པའི་གཞུང་དང་ཚན་རིག་གང་གི་ཐོག་ནས་བཤད་ཀྱང་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་འདུགལྷག་པར་དུ་སྐབས་དེར་སྐུ་ཞབས་ Johan Rockstrom ལགས་ནས་༸གོང་ས་མཆོག་ལ་ང་ཚོའི་གོ་ལ་འདི་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་ཐབས་ལམ་ག་རེ་ཡོད་མེད་བཀའ་འདྲི་ཞུས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ད་ཆ་ཚན་རིག་མཁས་པའི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་གི་ནང་དུ་ལོ་རེ་ནས་ལོ་རེ་བཞིན་དུ་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་གོ་ལ་སྤྱིའི་བདེ་ཐབས་ལ་ཉེན་ཚབས་ཤིག་ཆགས་ཀྱི་ཡོད་པ་གསུངས་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་གོ་ལ་འདིའི་ནང་ཡོད་པའི་རྩི་ཤིང་དང་སྲོག་ཆགས། དེ་བཞིན་ཆུ་སོགས་རང་བྱུང་ཁོར་ཡུག་གི་ཆ་ཤས་ཕན་ཚུན་དབར་གྱི་འབྲེལ་བའི་ཐོག་དགོངས་པ་བཞེས་དགོས་པ་དང་། དེ་ཡང་རྐང་ང་ཚོ་ཚང་མ་གོ་ལ་གཅིག་ནང་འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་མི་གཅིག་པ་ཡིན་སྟབས། ང་དང་ཁོ། ངའི་རྒྱལ་ཁབ་དང་། ཁོའི་ལུང་པ་ཞེས་བསམ་བློ་མི་གཏོང་བར། གོ་ལ་འདིའི་ནང་གཅིག་གྱུར་ཐོག་འཚོ་བཞིན་པའི་འགྲོ་བ་མིའི་གཅིག་གྱུར་གྱི་བསམ་བློ་དེ་གོང་འཕེལ་གཏོང་ཐུབ་ན་ང་ཚོའི་གོ་ལ་འདི་བཞིན་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་ཕན་ངེས་ཡིན་པའི་ལམ་སྟོན་མཛད་ཡོད།   མ་ཟད་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། རང་བྱུང་ཁམས་ཀྱི་གལ་གནད་སོགས་ཀྱི་ཐད་ལ་དེ་ཙམ་དོ་སྣང་མ་སྤྲད་པ་དེ་ནི་སྐྱོན་གྱི་ཆ་ཞིག་ཡིན་པ་དང་། ང་ཚོས་ངེས་པར་དུ་ཤེས་ཡོན་གྱི་ལམ་ལུགས་ལ་བསྒྱུར་བཅོས་ཤིག་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་ཡང་བཀའ་སྩལ་འདུག གཞན་ཡང་སྐབས་དེར་༸གོང་ས་མཆོག་ནས་དེང་གི་དུས་སྐབས་འདིར་ཚན་རིག་པ་ཚོས་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར། ནང་སེམས་ཀྱི་འཕྲོད་བསྟེན་ཐོག་ལ་དོ་སྣང་ཆེ་ཙམ་གནང་རྒྱུ་དང་། འཛམ་བུ་གླིང་འདིའི་ཐོག་དབུལ་ཕྱུག་གྱི་ཁྱད་པར་ཆེ་རུ་འགྲོ་བཞིན་པ་འདི་ཡང་མ་འོངས་ཕུགས་རྒྱང་རིང་པོ་ལ་དཀའ་ངལ་ཞིག་འཕྲད་རྒྱུའི་རྒྱུ་ཡིན་སྟབས་དེའི་ཐོག་དགོངས་པ་བཞེས་རྒྱུ་སོགས་གལ་ཆེན་པོ་ཡིན་པ། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་སྤྱི་ཚོགས་སེམས་ཅན་གཅིག་མཚུངས་ཡིན་སྟབས། ལས་དོན་གང་ཞིག་གྲུབ་ཀྱང་རང་ཁོ་ནའི་སླད་དུ་མ་ཡིན་པར། བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་འགྲོ་བ་སྤྱི་ལ་ཕན་པ་ཞིག་གནང་ཐུབ་པ་ཡིན་ན། དེ་ནི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཀྱང་ཆགས་ཀྱི་རེད་བཅས་བཀའ་སྩལ་འདུགགཞི་རྩའི་ད་རེས་དྲ་ཐོག་ནས་ཚོགས་པའི་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་འདི་ནི་ནོར་སྦེ་གཟེངས་རྟགས་ཚོགས་ཆུང་དང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཉམས་ཞིབ་གནང་མཁན་ Potsdam ལྟེ་གནས་ཁང་། དེ་བཞིན་ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་ཁང་བཅས་མཉམ་རུབ་ཐོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་ཚོགས་དེའི་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་། ཁོར་ཡུག་ཆེད་ལས་པ། ཚན་རིག་མཁས་པ། དེ་བཞིན་དཔལ་འབྱོར་རིག་པ་བ་དང་ཆབ་སྲིད་འགོ་ཁྲིད་སོགས་རྒྱབ་ལྗོངས་འདྲ་མིན་ཅན་གྱི་གནད་ཡོད་མི་སྣ་མི་ཉུང་བ་ཞིག་གིས་མཉམ་ཞུགས་ཐོག་གོ་ལའི་ཐོག་འཕྲད་བཞིན་པའི་དཀའ་ངལ་གྱི་བྱུང་རྩ་དང་། དཔལ་འབྱོར་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་། འཕྲུལ་རིགས་འཛུགས་སྐྲུན། གོ་ལ་ཡུན་གནས་སོགས་བརྗོད་གཞི་འདྲ་མིན་ཐོག་གསུངས་བཤད་བགྲོ་གླེང་སོགས་གནང་ཡོད་པ་རེད།

རྒྱ་གར་གཞུང་མང་ལ་ཛ་དྲག་གི་གུད་སྐྱོབ་ཞལ་འདེབས་བསྡུ་རུབ་ཀྱི་ཞུ་སྐུལ།

རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་རླབས་རྒྱུན་གཉིས་པ་རྒྱ་གར་གཙོ་བྱས་པའི་རྒྱལ་སྤྱིའི་ས་ཁུལ་གང་སར་མཆེད་བཞིན་པའི་དུས་སྐབས་འདིར། བོིད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཁ་སང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་ལ་དམིགས་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་བསྐྱངས་ཏེ། རྒྱ་གར་གྱི་སྲིད་བློན་མཆོག་གི་ཛ་དྲག་གུད་སྐྱོབ་མ་དངུལ་ལ་རང་ནུས་གང་ལྕོག་གིས་མི་འགྱངས་བར་ཟླ་བ་ལྔ་བའི་ཚེས་ ༧ ནང་ཚུད་ཞལ་འདེབས་ངེས་སྤྲོད་ཡོང་བའི་འབོད་སྐུལ་ཞུས་འདུག དེ་ཡང་ཁ་སང་གི་གཞུང་འབྲེལ་གྱི་གསལ་བསྒྲགས་དེའི་ནང་དུ། རྒྱ་གར་ནང་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཀྱི་རྦ་རླབས་གཉིས་པའི་དབང་གིས་བསམ་ཡུལ་ལས་འདས་པའི་གོད་ཆགས་ཆེན་པོ་ཞིག་འབྱུང་བཞིན་པའི་སྐབས་འདིར། རང་ཅག་བཙན་བྱོལ་བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་གཞུང་དང་མི་མང་ལ་བཀའ་དྲིན་རྗེས་དྲན་དང་། ཐུགས་གསོ། གདུང་སེམས་མཉམ་སྐྱེད་བཅས་མཚོན་ཕྱིར། རྒྱ་གར་གྱི་སྲིད་བློན་མཆོག་གི་ཛ་དྲག་གུད་སྐྱོབ་མ་དངུལ་ PM-CARES Fund དུ་རྒྱ་མཚོ་ཆུ་ཐིགས་ཀྱི་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་འཕྲལ་འབུལ་ཞུ་རྒྱུ་གལ་ཆེར་མཐོང་བཞིན་ཡོད་སྐོར་འཁོད་འདུག གསལ་བསྒྲགས་དེའི་ནང་གསལ་ལྟར་ན། བོད་མིའི་སྒྲིག་འཛུགས་མ་ལག་གི་འགོ་ལས་ཡོངས་ནས་ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་གནང་བ་ལྟར། སོ་སོའི་ལས་ཉིན་གཅིག་གི་ཕོགས་འབབ་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པ་དང་། དེར་འབྲེལ་རྒྱ་ཆེའི་མང་ཚོགས་ཁྲོད་ནས་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་ཚོགས་སྒེར་ཡོངས་ནས་རང་བློས་གང་ཆོད་ཀྱི་ཞལ་འདེབས་རེ། རང་ཉིད་གནས་ཡུལ་ས་གནས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སམ། ས་གནས་འགོ་འཛིན་ལས་ཁུངས་སུ་འབུལ་རྒྱུར་སྐུལ་འདེབས་ཞུས་པ་དང་འབྲེལ། སྐུ་ཚབ་དོན་གཅོད་ལས་ཁུངས་དང་ས་གནས་འགོ་འཛིན་ལས་ཁུངས་རྣམས་ནས་དེ་ལྟར་བསྡུ་བཞེས་གནང་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པའི་བཀོད་ཁྱབ་གནང་འདུག གཞི་རྩའི་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་སྔར་ལོའི་ལོ་མགོ་ནས་ཁྱབ་བརྡལ་དུ་འགྲོ་འགོ་ཚུགས་ཏེ། འཛམ་གླིང་གི་ཤར་ལྷོ་ནུབ་བྱང་ཡོངས་སུ་ཆེས་ཆེར་ཁྱབ་བརྡལ་གྱིས་འགྲོ་བ་མིའི་རིགས་ཀྱི་རྩ་ཆེའི་ཚེ་སྲོག་གི་གཤེད་མ་ལྟ་བུར་གྱུར་ནས་རྒྱལ་སྤྱིའི་མང་ཚོགས་ས་ཡ་ ༡༥༠ མ་ཟིན་ཙམ་ལ་རིམས་ནད་ཕོགས་ཡོད་པའི་ཁྲོད་ནས། ད་ཆ་རྒྱ་གར་གྱི་ནང་དུ་རིམས་ནད་ཁྱབ་བརྡལ་གྱི་རླབས་རྒྱུན་གཉིས་བ་དེ་ཆེས་ཆེར་ཛ་དྲག་གི་ངོ་བོར་འགྱུར་བཞིན་པ་དང་། ཉིན་གཅིག་གི་ནང་དུ་རྒྱ་གར་རྒྱལ་ཡོངས་སུ་རིམས་ནད་ཕོག་མཁན་གྱི་ནད་པ་འབུམ་གསུམ་དང་ཕྱེད་ཀ་ལྷག་འབྱུང་གི་ཡོད་པའི་ཁྲོད་མང་ཚོགས་ཀྱི་བློ་ངོར་བསམ་ཡུལ་ལས་འདས་བའི་འཇིགས་དངངས་འབྱུང་བཞིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མ་དངུལ་བསྡུ་རུབ་ཀྱིས་རྒྱ་གར་གྱི་གུད་སྐྱོབ་ལས་གཞི་ལ་ཞལ་འདེབས་སྤྲོད་འཆར་ཡོད་པ་དང་། ཁ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་མཆོག་གིས་ཀྱང་གང་ཉིད་ཀྱི་དགེ་རྩ་བརྒྱུད་ནས་ PM-CARES Fund ཞེས་པའི་རྒྱ་གར་གྱི་གུད་སྐྱོབ་ཀྱི་ལས་གཞི་དེར་ཞལ་འདེབས་གསོལ་སྩལ་གནང་ཡོད་པ་རེད། ཡང་དེའི་བར་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱལ་སྤྱིའི་འབྲི་གུང་ལྷན་ཚོགས་དང་དེར་འབྲེལ་གྱི་མི་སྒེར་སོགས་ཀྱིས་མ་དངུལ་ས་ཡ་གཅིག་དང་འབུམ་གསུམ་ལྷག་བསྡུ་རུབ་ཀྱིས་རྒྱ་གར་བྱང་ཕྱོགས་རྡེ་ལ་རྡུན་ཁུལ་གྱི་བོད་གཞིས་བདེ་སྐྱིད་གླིང་གི་གཙོས་པའི་དགོས་ངེས་ཅན་ས་ཁུལ་གཞན་དག་ལ་འབུལ་འཆར་ཡོད་པ་མ་ཟད། མ་དངུལ་བསྡུ་རུབ་དེ་ད་དུང་ཡང་མཇུག་སྐྱོང་གནང་བཞིན་པ་རེད་འདུག

ཏོག་དབྱིབས་ནད་གཞི་ཕོག་མཁན་ཚོ་དངངས་སྐྲག་མི་དགོས་བའི་སྐུལ་མ།

བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༧ པ་སྤེལ་བའི་ཐོག   ཏོག་དབྱིབས་ནད་གཞི་ཕོག་མཁན་ཚོ་དངངས་སྐྲག་གནང་རྒྱུ་མེད་པ་དང་དངངས་སྐྲག་གནང་ན་སོ་སོའི་སེམས་ཁམས་ལ་གནོད་ངེས་ཡིན་པས། སེམས་ཁམས་འཕྲོད་བསྟེན་ལ་དོ་ཕོག་བྱུང་ན་ནད་གཞི་དྲག་སྐྱེད་ལ་འགོག་རྐྱེན་འབྱུང་ངེས་ཡིན་སྟབས།  ཐུགས་ལྷོད་ལྷོད་ངང་བཞུགས་རོགས་གནང་ཞེས་འབོད་སྐུལ་གནང་སོང་། དེ་ཡང་དེ་རིང་གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་ལགས་ཀྱིས།  ནད་རླབས་གཉིས་པ་འདིའི་ཁྲོད་མང་ཚོགས་ནས་ཏོག་དབྱིབས་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་བསྟེན་དགོས་པར་ནན་བརྗོད་གནང་བ་དང་སྦྲགས།  ད་ཆ་ནད་རླབས་གཉིས་པ་འདི་ནད་གཞི་ཁྱབ་གདལ་ཧ་ཅང་མྱུར་བས་བོད་མི་རྣམས་ནས་ད་ལྟ་ས་གནས་ག་བར་བཞུགས་ཡོད་ན་རང་འཇགས་བཞུགས་རྒྱུ་དང་ལྷག་པར་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ཁག་ཅིག་ནང་ནད་གཞི་ལྗིད་པོར་འགྱུར་བཞིན་པས་ས་ཁུལ་དེ་དག་ནང་འགྲུལ་བཞུད་མི་གནང་རྒྱུའི་རྩོལ་འདོན་དང་།  དེ་བཞིན་མང་ཚོགས་ནས་ནད་ཡམས་ཁྱབ་གདལ་འགོག་ཐབས་སླད་འདུ་འཛོམས་སོགས་མ་གནང་ཡ་དང་ལྷག་པར་སྐབས་བབས་ཀྱི་དུས་ཚོད་འདིར་ཞེད་སྣང་དང་དངངས་སྐྲག་མ་གནང་རོགས་ཞེས་གཞེན་སྐུལ་སོགས་གནང་སོང་། ཡང་སྐབས་དེར་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས།  གཟའ་འཁོར་འདིའི་ནང་བོད་མིའི་འདུས་སྡོད་ཁག་ཏུ་ཏོག་དབྱིབས་ནད་གཞི་ཕོག་མཁན་༣༥༢ དང་དེ་དག་ཁྲོད་ནད་གཞི་ཕོག་མཁན་ལོ་ན་བགྲེས་ཤོས་དེ་ ༨༦ དང་ཆུང་ཤོས་དེ་བྱིས་པ་ལོ་གཅིག་དང་ཟླ་བ་བཅིུག་ཡིན་པ་དང་ནད་གཞི་ཕོག་མཁན་ཁོངས་ཕལ་མོ་ཆེར་ནད་རྟགས་མངོན་པ་མ་ཟད།  གཟའ་འཁོར་འདིའི་ནང་ནད་ཡམས་རྐྱེན་པས་ སྐྱེས་པ་རང་ལོ་  ༧༦ སོན་ཞིང་ཁྲག་ཤེད་ནད་གཞི་ཡོད་མཁན་ཞིག་དང་། སྐྱེས་པ་རང་ལོ་ ༦༠ དང་དེ་བཞིན་ ༧༦ སོན་པ་བཅས་བོད་མི་གསུམ་འདས་གྲོངས་སུ་གྱུར་བ་བཅས་ད་བར་རྒྱ་བལ་གཉིས་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༢༤༥༠ དང་དྲག་སྐྱེད་དུ་སོང་བ།  ༡༧༢༠ ཡིན་ཀྱང་ད་བར་བོད་མི་ ༥༣ འདས་གྲོངས་དང་ད་ཆ་ནད་མནར་བཞིན་པ་དེ་ ༦༧༧ ཆགས་ཀྱི་ཡོད་པ་གསུངས་སོང་།ཕྱོགས་མཚུངས་ནད་མནར་བཞིན་པ་དེ་དག་ཁྲོད་ཕལ་མོ་ཆེ་ལྡི་ལི་གཙོས་པའི་ལྡེ་ར་ལྡུན་དང་རྡ་རམ་ས་ལ་བཅས་ནས་ཆགས་ཀྱི་ཡོད་པ་གསུངས་པ་མ་ཟད།  རྒྱ་ཆེ་མང་ཚོགས་ནས་ནད་རླབས་གཉིས་པའི་ཁྲོད་ཐུགས་གཟབ་གནང་དགོས་གལ་དང་དེ་བཞིན་ནད་ཡམས་སྔོན་འགོག་སླད་ལམ་སྟོན་ཁག་ཅིག་གནང་སོང་།མ་ཟད།  ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་སྒྲོན་ལགས་ཀྱིས།  སྔོན་ཁབ་དང་འབྲེལ།  རིང་མིན་ཟླ་བ་ ༥བའི་ཚེས་ ༡ ཉིན་ལོ་ན་ ༡༨ ཡན་ལ་སྔོན་ཁབ་བརྒྱབ་རྒྱུ་ཡིན་པས།  སྔོན་ཁབ་བསྐྱོན་ན་ཕན་རྒྱུ་ཡིན་པས་ཚང་མས་གོ་སྐབས་དམ་འཛིན་གྱིས་སྔོན་ཁབ་བསྐྱོན་དགོས་པ་དང་།  ད་ལྟའི་ཛ་དྲག་གི་དུས་འདིར་ཞལ་ལག་ཟས་བཅུད་ལྡན་པ་མཆོད་རྒྱུ་དང་གཉིད་དུས་ཐོག་ཏུ་ཁུག་རོགས་ཞེས་གསུངས་སོང་། རྩ་བའི་རྒྱ་གར་གྱི་ནད་རླབས་གཉིས་པའི་ཁྲོད་འདིར་ worldometer གྲངས་ཐོར་གཞིགས་ན་ཉིན་རེར་ནད་གཞི་ཕོག་མཁན་གསར་བ་མི་གྲངས་འབུམ་གསུམ་ལྷག་བརྒལ་བཞིན་པ་དང་།  ལྷག་པར་འདས་གྲོངས་སོང་མཁན་ ༢༠༠༠ དང་ ༣༠༠༠ ལྷག་བརྒལ་འགྲོ་བའི་གནས་སྟངས་རེད་འདུག  དུས་ཡུན་འདིའི་ཁྲོད་རིམ་པས་བོད་མིའི་འདུས་སྡོད་ཁག་ཏུའང་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་མུས་ཁྲོད་འདིར་  ཉེ་ལམ་ལྡེ་ར་ལྡུན་མངའ་ཁུལ་Rajpur རྟེན་གཞི་བྱས་པའི་ས་སྐྱའི་ཆོས་སྒར་ནང་དགེ་འདུན་པ་ ༧༠ ལྷག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཞིག་ཁྱབ་བཞིན་པ་དང་།  འདི་ག་རླུང་འཕྲིན་ཁང་ནས་དེ་འབྲེལ་དང་ལྷག་པར་ལྡེ་ར་ལྡུན་ཁྱབ་ཁོངས་བོད་མིའི་འདུས་སྡོད་སྤྱི་ཡོངས་ཀྱི་གནས་སྟངས་ད་ཆ་གང་འདྲ་ཆགས་ཡོད་མིན་སྐོར་ས་གནས་འགོ་འཛིན་ནོར་བུ་ལགས་སུ་བཀའ་འདྲི་ཞུས་སྐབས།  ཁོང་གིས་ས་སྐྱའི་ཆོས་སྒར་གྱི་གནས་ཚུལ་དེ་ཉེ་ལམ་བྱུང་བ་ཞིག་ཡིན་པ་དང་སྐབས་དེ་དུས་ནད་གཞི་ཕོག་པའི་ཁོངས་ཛ་དྲག་ཡོད་པ་དེ་རེ་ཟུང་ལས་མེད་པ་དང་དགེ་འདུན་པ་རྣམས་ཟུར་བཀག་ལ་བཞུགས་ཡོད་སྐོར་གསུངས་སོང་། གཞན་ཡང་ས་གནས་འགོ་འཛིན་གྱིས་ད་ལྟའི་ཆར་བདེ་སྐྱིད་གླིང་ནང་ནད་པའི་གྲངས་འབོར་དེ་བརྒྱ་ཆ་ ༥༠ ཆགས་ཡོད་པ་མ་ཟད།   ལྡེ་ར་ལྡུན་སྤྱི་ཡོངས་ནང་ད་ལྟ་རིང་ནད་པ་ ༢༠༠ ལྷག་ཡོད་འདུག  བོད་མིའི་འདུས་སྡོད་དུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་འབྲེལ།   འདི་ག་རླུང་འཕྲིན་ཁང་ནས་ནད་ཡམས་གཞི་འཕེལ་ཚད་པོར་གྱུར་བ་ལྡི་ལི་ལྟ་བུའི་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་སྤྱི་ཡོངས་རྒྱུས་ལོན་སླད་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་གཙོས་བོད་ཀྱི་འབྲས་ནད་ཚོགས་པར་འབྲེལ་བ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་།   གཞན་ཡང་ད་ཆ་རྡ་རམ་ས་ལའི་ནང་དུའང་རིམ་བཞིན་ནད་གཞི་ཕོག་མཁན་མང་རུ་ཕྱིན་པ་དང་ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁྲོད་དུའང་ནད་པ་མི་ཉུང་བ་ཐོན་བཞིན་ཡོད་སྟབས།  དེ་རིང་ལས་ཁུངས་ཡོངས་སྒོ་བརྒྱབ་ནས་རང་ཉིད་སོ་སོའི་ཁྱིམ་ནས་ཕྱག་ལས་གནང་རྒྱུ་བཀོད་ཁྱབ་བཏང་ཡོད་པ་དང་།  དེའི་ཐད་འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཉིན་གཅིག་རིང་འཚོགས་གཏན་འཁེལ་བ། 

ཁ་སང་ཚེས་༢༧ ཉིན་ཚོགས་དྲུང་ལས་ཁུངས་ནས་སྐབས་ ༡༦ པའི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མ་དང་འབྲེལ་བའི་ཚོགས་བརྡ་ཞིག་བཏང་བ་ནང་གསལ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པའི་ནང་གསལ་ལྟར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་དེ་ཕྱི་ལོ་༢༠༢༡ ཟླ་བ་ ༥ བའི་ཚེས་་༢༠ རེས་གཟའ་ཕུར་བུ་ཉིན་ལས་དུས་ཉིན་གྲངས་གཅིག་གི་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཁང་ནས་ཚུགས་གཏན་འཁེལ་ཡོད་པ་དང་། སྤྱི་འཐུས་རྣམས་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༥ བའི་ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་བ་གསུངས་འདུག གཞི་རྩའི་ཉེ་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དབུས་ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བ་དང་འབྲེལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གཅིག་ལ་བསྐྱར་བཅོས་གནང་ཡོད་ཀྱང་། ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་དང་འབྲེལ་བའི་ལས་དོན་འཕྲོ་སྐྱོང་ཆེད་ཕྱི་ཟླ་༥པའི་ནང་གྲོས་ཚོགས་དུས་འཕར་མ་ཞིག་ཚོགས་རྒྱུ་ཐག་གཅོད་གནང་ཡོད་པ་རེད། དེའི་ཁྲོད་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་ལས་དོན་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་འཛོལ་བྱུང་མིན་ཐད་སྤྱི་ཚོགས་ནང་བགྲོ་གླེང་དང་སྐྱོན་བརྗོད་རིམ་པ་བྱང་བའི་མཚམས་དེར། འཕོ་འགྱུར་གྱི་གྲོས་ཆོད་གནང་མཁན་ཁོངས་སུ་ཡོད་པའི་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་དང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་གཉིས་སྐབས་ ༡༦ པའི་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ང་གཅིག་པའི་དགོངས་དོན་འོག་མདོ་སྨད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རི་ལགས་དང་དབུས་གཙང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་དང་པོ་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་བོད་མི་མང་སྐབས་ ༡༦ སྤྱི་འཐུས་སུ་བསྐོ་གཞག་གནང་སྟེ། ཟླ་བ་འདིའི་ཚེས་ ༡༤་ཉིན་ཁོང་གཉིས་ཀྱིས་སྤྱི་འཐུས་དམ་འབུལ་ཞུས་ཡོད་པ་རེད། དེའི་བར་ན་ཨོ་གླིང་དུ་བཅའ་བཞུགས་མདོ་སྨད་་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱང་སྤྱི་འཐུས་ཀྱི་ལས་གནས་ལས་རྩ་དགོངས་ཞུས་འདུག་པ་དང་། ཁོང་གིས་ཨོ་གླིང་ནང་དུ་གཉན་རིམས་ཁྱབ་གདལ་རྐྱེན་པས་ཐེམ་སྤང་བཀའ་རྒྱ་སྔར་ལྷག་དམ་པོ་གནང་བར་བརྟེན་གྲོས་ཚོགས་སུ་མཉམ་ཞུགས་ཐུབ་མིན་ལ་སོང་། སྐབས་ ༡༦ སྤྱི་འཐུས་ལས་ཡུན་ལོ་དུས་མཐའ་མའི་གྲོས་ཚོགས་འཕར་མར་རྩ་དགོངས་ཞུ་རྒྱུ་ཡིན་པས་ཚོགས་འདུའི་གྲུབ་ཆ་ཚང་ཆེད་སྒུག་ཐོའི་ཚབ་གསར་སུ་ཡིན་དུས་འགྱངས་མེད་པར་བསྐོ་བཞག་ངེས་གནང་ཡོང་བ་ཞུ་ཞེས་གསུངས་འདུག དེས་ན་ཁོང་གི་ཚབ་ཏུ་སྒུག་ཐོའི་ནང་གསལ་བསོད་ནམ་དབང་མོ་ལགས་སྤྱི་འཐུས་སུ་བསྐོ་བཞག་གནང་ཡོད་པ་རེད།དེའང་དབུས་འོས་བསྡུ་ལས་ཁང་ནས་ཟླ་བ་འདིའི་ཚེས་༢༥ ཉིན་བསོན་ནམས་དབང་མོ་ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཞིག་བཏང་བའི་ནང་དུ། བོད་མི་མང་སྤྱི་འཐུས་སྐབས ༡༦ པའི་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་སྤྱི་འཐུས་རྒྱ་རིགས་ཐར་ལགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུས་བསྩལ་ཚབ་གསར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་ནང་གསལ་ལྟར་བསྐོ་གཞག་ཡོང་བ་ཞུས་གསལ་བཞིན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༡ པའི་ནང་གསེས་༢ པའི་ནང་སྤྱི་འཐུས་དུས་ཡུན་གྱི་ས་མིག་སྟོང་བ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེར་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང་ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས་ཞེས་པའི་འོས་བསྡུའི་སྒྲིག་གཞི་ལྟར། བསོད་ནམས་དབང་མོ་ལགས་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་བསྐོ་བཞག་གནང་ཡོད་སྐོར་གསུངས་འདུག དེ་བཞིན་ཟླ་འདིའི་ཚེས་༢༣ ཉིན་བཀའ་ཤག་གིས་སྐབས་བཅུ་དྲུག་པའི་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ཟུང་དྲུང་གནས་རིམ་ཚད་མཉམ་ཐོག ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་ལྟར། བོད་ལྗོངས་མདོ་སྟོད་ཆོལ་ཁའི་སྐབས་བཅུ་དྲུག་གི་ དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་སྒུག་ཐོ་སྒུག་ནང་དུ་ཤི་ལོང་དུ་བཅའ་བཞུགས་ཚེ་རིང་སྒྲོལ་མ་ལགས་ཆགས་ཀྱི་ཡོད་པ་རེད།

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་ལ་ཆེ་བསྟོད་ཀྱི་ལྷན་ཚོགས་ཚོགས་པ།

རིང་མིན་ཕྱི་ཟླ་ ༥ པའི་ཟླ་མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ པ་དང་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལོ་བཅུའི་ལས་ཡུན་རྫོགས་རན་པ་དང་བསྟུན་ཁ་སང་ཉི་ཧོང་གི་སྲིད་བློན་ཟུར་པ་ Shinzo Abe མཆོག་དང་བདེ་རླུང་བློན་ཆེན་གཞོན་པ་སྐུ་ཞབས་ Yasuhide Nakayama མཆོག དེ་བཞིན་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་གཙོ་འཛིན་ལྕམ་ Sakurai Yoshiko མཆོག ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shimomura Hakubun མཆོག་གིs་གཙོས་པའི་ཚོགས་མི་རྣམས་ལྷན་འཛོམས་ཐོག་སྲིད་སྐྱོང་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ལྷན་ཚོགས་ཚོགས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོང་མཆོག་ལ་ལོ་བཅུའི་ལས་ཡུན་ལེགས་གྲུབ་གནང་བར་ཆེ་བསྟོད་ཀྱི་ལྷན་ཚོགས་ཚོགས་ཏེ་ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ། བོད་དོན་ལ་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་ཞལ་བཞེས་གནང་འདུག སྐབས་དེར་སྐུ་ཞབས་ Shimomura Hakubun ལགས་ཀྱིས་དེ་སྔ་ལོ་བཅུའི་སྔོན་ལ་ཁོང་དང་གནད་ཡོད་ཕྱག་སྦྲེལ་ཁག་ཅིག་རྒྱ་གར་ནང་དུ་ཕེབས་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་དེ་རྗེས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ་དང་འབྲེལ་ནས་ཉི་ཧོང་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་སྐོར་གསུངས་ཡོད་པ་ལྟར་ད་ལྟའི་ཆར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་སུ་གྱུར་ཡོད་པ་སོགས་གསུངས་པ་དང་ཆབས་ཅིག ཁོང་རྣམ་པའི་ངོས་ནས་བོད་མི་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པར་ཞལ་བཞེས་གནང་ཡོད་པ་རེད།དེ་བཞིན་སྐབས་དེར་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ Shinzo Abe མཆོག་གིས་ལྷན་ཚོགས་འདིའི་ཐོག་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། ཁོང་ནས་དེ་སྔ་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་མཇལ་འཕྲད་སྐབས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་སྐོར་གསུངས་ཡོད་པ་ལུང་འདྲེན་གནང་བ་མ་ཟད། ད་ལྟའི་ཆར་ཁོང་ནས་སྲིད་བློན་གྱི་ཐུགས་འགན་བཞེས་ཀྱི་མེད་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཞིག་གི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལྷན་དུ་བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་གནད་དོན་ཐོག་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་འདུན་ཡོད་པ་གསུངས་འདུགཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ Sakurai Yoshiko ལགས་ཀྱིས་བོད་ཀྱི་གནད་དོན་ནི་ཉི་ཧོང་དང་འབྲེལ་བ་ཡོད་སྐོར་དང་། ཁྱིམ་མཚེས་རྒྱ་ནག་དང་ལྷན་འབྲེལ་བ་ཡག་པོ་ཉར་དགོས་ཀྱང་ང་ཚོས་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་རིན་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མི་ཉན་ཞེས་གསུངས་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་སླད་མར་བོད་དོན་སླད་ཞུ་གཏུག་གི་ལས་འགུལ་སྤེལ་བའི་རེ་བ་ཡོད་ཅེས་གསུངས་ཡོད།སྐབས་དེར་སྲིད་སྐྱོང་མཆོག་གིས་དྲྭ་རྒྱ་བརྒྱུད་མཉམ་ཞུགས་གནང་སྟེ་ཉི་ཧོང་གཞུང་མང་གཉིས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༩༨ ཡོད་པ་དང་དེའང་ད་ལྟའི་ཆར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་སུ་གྱུར་ཡོད་པར་ཧ་ཅང་དགའ་པོ་བྱུང་ཞེས་སོགས་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་རྒྱ་ནག་ལ་ངོ་རྒོལ་གནང་བ་ཞིག་མཚོན་གྱི་མེད་ཀྱང་། དེ་རིང་གི་ལྷན་ཚོགས་བརྒྱུད་ནས་ཉི་ཧོང་དེ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རྒྱབ་ཏུ་བཞེངས་མཁན་ཞིག་ཡིན་པའི་བརྡ་ལན་གསལ་པོ་ཆགས་པ་དང་ལྷག་པར་དུ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བཞིན་པའི་འོག་མནར་གཅོད་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་ལ་ཉི་ཧོང་དེ་བདེན་པའི་རྒྱབ་ལངས་གནང་བའི་བརྡ་ལན་ཁ་གསལ་ཞིག་ཆགས་ཡོད་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་བོད་ནང་དུ་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་སྤེལ་ནས་བོད་མི་རྣམས་མི་སྤྱོད་ལས་འདས་པའི་གདུག་རྩུབ་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་དེང་སྐབས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་། ནང་སོག ཐེ་ཝན་བཅས་ཀྱི་ནང་དུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་བསྐྲུན་ཐབས་བྱེད་བཞིན་པ་མ་ཟད་ཉི་ཧོང་གིས་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་རིམ་བཞིན་ལྟ་གྲུབ་ངན་པ་དེ་སྤེལ་ཐབས་བྱེད་མུས་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཚོས་དེར་གདོང་ལེན་ནན་པོ་གནང་རྒྱུ་དང་ཕྱོགས་གཞན་ཞིག་ནས་དེའི་དབང་སྒྱུར་འོག་འགྲོ་རྒྱུ་ལས་འདས་མེད་སྐོར་དང་འབྲེལ་ནས་ཉི་ཧོང་གི་ངོས་ནས་བོད་མི་དང་ཡུ་གུར་བ། ནང་སོག ཧོང་ཀོང་། ཐེ་ཝན་བཅས་ལ་རྒྱབ་སྐྱོར་གནང་བཞིན་པར་བསྔགས་བརྗོད་གནང་ཡོད།གཞི་རྩའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉེ་ལམ་ཨ་རིར་སྐོར་སྐྱོད་ལ་ཕེབས་ཡོད་པ་དང་བསྟུན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཚེས་ ༢༤ ཉིན་སྲིད་སྐྱོང་མཆོག་ལ་གསོལ་སྟོན་གོ་སྒྲིག་ཞུས་པ་དང་སྦྲགས། ཁོང་ལ་ཕུལ་བྱུང་དབུ་ཁྲིད་ཀྱི་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།དེའི་བར་ན་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་མཆོག་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཆེད་ཕེབས་ཀྱིས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་ཨ་རིའི་གཞུང་འཛིན་གསར་པའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་ཁག་ཅིག་དང་། གྲོས་ཚོགས་ཀྱི་ལས་བྱེད། USAID འམ་ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད། དེ་བཞིན་མི་འབོར་དང་སྐྱབས་བཅོལ། ཕྱི་མི་གཞིས་སྤོ་བཅས་ལྷན་ཁང་ཁག་གི་སྐུ་ཚབ། ལྷོ་ཕྱོགས་དང་དཀྱིལ་ཤར་ཨེ་ཤ་ཡའི་མཛའ་འབྲེལ་འཐུས་ཚབ་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།

༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༦ པ་སླར་ཕྱིར་བཤོལ།

དེང་སྐབས་རྒྱ་གར་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་དུས་སྐབས་ཉིན་རེར་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་མུས་ཁྲོད་རིང་མིན་ཕྱི་ཟླ་ ༥ པའི་ནང་དོན་གྲུབ་གླིང་བོད་མིའི་གཞིས་སྒར་དུ་འཚོགས་གཏན་འཁེལ་བའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེ་འགྲན་ཐེངས་ ༢༦ པ་དེ་སླར་ཡང་ཕྱིར་བཤོལ་གནང་འདུགརྩ་བའི་ཕྱི་ལོ་ ༢༠༡༩ ལོར་བཞུགས་སྒར་དྒརྨ་ས་ལའི་དྷ་སྟེང་བོད་ཁྱིམ་སློབ་གྲྭར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པ་གནང་རྗེས་རྩེད་འགྲན་ཐེངས་ ༢༦ པ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༥ པར་རྒྱ་གར་བྱང་ཕྱོགས་ཨུཏྟྲ་ཁན་ཌ་མངའ་སྡེའི་ལྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་དོན་གྲུབ་གླིང་བོད་མིའི་གཞིས་སྒར་དུ་འཚོགས་གཏན་འཁེལ་ཡོད་ཀྱང་། སྔ་ལོར་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པ་བར་ཕྱིར་བཤོལ་གནང་ཡོད་པ་རེད། ཁ་སང་བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བར་དེང་སྐབས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཚ་རླབས་གཉིས་པའི་ངལ་བ་འཕྲད་པའི་གནས་སྟངས་འོག་སྔར་ལྷག་ཛ་དྲག་གི་གནས་སུ་གྱུར་ཡོད་སྟབས། རིང་མིན་ཕྱི་ཟླ་ ༥ པར་འཚོགས་གཏན་འཁེལ་བའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་སླར་ཕྱིར་བཤོལ་གནང་དགོས་བྱུང་ཡོད་པར་གསུངས་འདུགབོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དོན་གྲུབ་གླིང་གཞིས་ཆགས་ཀྱི་ངོས་ནས་རྐང་སྤོལ་རྩེད་འགྲན་ཆེད་རྩེད་ཐང་སོགས་དགོས་ངེས་ཀྱི་གྲ་སྒྲིག་ཁག་འཐུས་ཚང་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། ཚོགས་པའི་ངོས་ནས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དེ་གཙིགས་ཆེར་ངོས་འཛིན་གནང་གི་ཡོད་པར་ཐེངས་འདིའི་རྩེད་འགྲན་དེ་རེ་ཞིག་ཕྱིར་བཤོལ་གནང་ཡོད་སྐོར་གསུང་འདུག ཆབས་ཅིག་ཏུ་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་གདོང་ལེན་གང་གཟབ་གནང་དགོས་པའི་གཞེན་སྐུལ་གནང་ཡོད།གཞི་རྩའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱོད་ཚེ་རིང་མཆོག་དམ་པའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་དོན་ལྟར་ད་བར་ཁྱོན་རྩེད་འགྲན་ཐེངས་ ༢༥ གོ་སྒྲིག་གནང་ཡོད་པ་རེད།

Latest news