Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་བརྒྱུད་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས།

ཁ་ཉིན་རེ་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བཞུགས་དུ་རྟེན་གཞི་བྱས་པའི་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཉེ་འཆར་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act of 2020 ཞེས་ཨ་རིའི་གྲོས་ཚོགས་གོང་འོག་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Ajay Singh Mankotia ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ Onkar Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས། སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་རྣམ་པ་བཅས་ཀྱིས་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༢༥༠ ཙམ་འདུ་འཛོམས་གནང་ཡོད་པ་རེད།སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་དང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཕྱིར་སྲིད་སྐྱོང་མཆོག་གི་བརྒྱུད་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་མའི་སྐུ་ཞིག་འབུལ་ལམ་ཞུས་པ་དང་སྦྲགས། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་ཐུབ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་བྱས་རྗེས་ཤིག་ཡིན་པ་དང་། ལྷག་པར་དུ་དེ་སྔ་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་སྲིད་བྱུས་བརྒྱུད་རྒྱ་ནག་གཞུང་ནས་མ་འོངས་པར་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བཟོས་ཡོད་པ་རེད་ཅེས་གསུངས་ཡོད།ཁོང་གས་ད་རེས་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་འདི་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས་པ་དང་། མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཚེ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་རིམ་ཁག་འབྱུང་བཞིན་པ་དེ་དག་ཀྱང་ཞི་ངེས་རེད་གསུངས་ཡོད།ལྷག་པར་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འདིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་བཏང་བར་མ་ཟད་ད་ལྟའི་ཆར་ཞི་ཅིན་ཕིང་གིས་ཨ་རིའི་ཚོང་པ་ཁག་ཅིག་སྤྱོད་དེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པ་ལྟར་ནམ་ཞིག་བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིང་གི་ངོས་ནས་༸གོང་ས་མཆོག་ལ་འབྲེལ་བ་མ་ཞུ་ཐབས་མེད་ཀྱི་གནས་སྟངས་ཤིག་ཡོང་གི་རེད་ཅེས་བསྐྱར་ནན་གསུངས་ཡོད།  དེ་བཞིན་ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ཅིག་བཅས་ལུང་འདྲེན་གནང་སྟེ་རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱལ་སྤྱིའི་མཚན་མཐོང་དང་ཆབ་སྲིད་ཀྱི་གནས་བབ་བཅས་ཕྱོགས་གང་ཅིའི་ཐད་ནས་ནས་རྒྱ་གར་ལ་ཁེ་ཕན་ཆེན་པོ་ཡོད་སྐོར་གསུངས་སོང་།   མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ ཞེས་པ་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གཏན་འབེབས་གནང་ལུགས་དང་། རིམ་པས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་གནང་བ་སོགས་ཀྱི་རྒྱབ་ལྗོངས་ཁག་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག སྲིད་བྱུས་འདི་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཐོག་སྔ་ལྷག་དོ་སྣང་དང་ལྷག་དོན་མ་འོངས་པར་རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་སྲིད་བྱུས་འདི་ལྟ་བུ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།  མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པས་སྐབས་དེར་ལྷན་ཞུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ཆེ་བསྟོད་ཀྱི་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་དང་རྒྱ་གར་གྱི་ཡུལ་སྲོལ་ལྟར་ཧི་མ་ཅཱལ་སྲོལ་རྒྱུན་ཞྭ་མོ། གོས་གཟན་སོགས་ཕྱག་རྟགས་ཕུལ་ཡོད་པ་དང་། ས་གནས་ཧི་མཱ་ཅལ་མངའ་སྡེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གར་སོགས་འཁྲབ་སྟོན་གནང་ཡོད། པར་ཁག Tibet.Net

དྷ་སའི་བོད་མིའི་འཕྲོད་བསྟེན་ཆེད་ལས་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ཆེས་ཐོག་མ་བརྒྱབ་པ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ དེ་རྒྱལ་སྤྱིའི་ཁྲོད་ཁྱབ་གདལ་བྱུང་ནས་ད་ཆ་ལོ་གཅིག་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། གཉན་རིམས་དེར་གདོང་ལེན་སླད་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་སྔོན་ཁབ་བཟོ་འགོ་བཙུགས་ཡོད་པ་རེད། ལྷག་པར་དུ་གཉན་རིམས་ཁྱབ་གདལ་གྱི་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་དུས་སྐབས་འདིའི་ཁྲོད་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་གི་ཆོག་མཆན་འོག་སྔོན་ཁབ་བརྒྱབ་འགོ་བཙུགས་ཟིན་པ་དང་། རྒྱ་གར་ལྟ་བུར་མཚོན་ན་ Oxford དང་དབྱིན་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ཁང་ AstraZeneca གཉིས་ཟུང་འབྲེལ་གྱིས་བཟོས་པའི་སྔོན་ཁབ་དང་དེ་བཞིན་རྒྱ་གར་གྱི་བཟོ་ཚོང་ཁང་ Bharat Biotech གྱིས་བཟོས་པའི་སྔོན་ཁབ་གཉིས་ཛ་དྲག་ཐོག་ནས་བརྒྱབ་རྒྱུར་ཆོག་མཆན་ཐོབ་ཡོད་པ་རེད།རྒྱ་གར་རྒྱལ་ཡོངས་ནང་ཟླ་ ༡ ཚེས་ ༡༦ ཉིན་འཕྲོད་བསྟེན་ཆེད་ལས་པ་ཚོར་སྔོན་ཁབ་བརྒྱབ་རྒྱུ་འགོ་བཙུགས་ཡོད་པའི་ཁྲོད་འདིར་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སྨན་ཁང་ཛོ་ནཱལ་  Zonal ནང་རྒྱ་གར་གྱི་འཕྲོད་བསྟེན་ཆེད་ལས་པ་ཁག་ཅིག་དང་ལྷན་དུ་དབུས་བདེ་ལེགས་སྨན་ཁང་གི་སྨན་པ་གཙོས་སྨན་ཞབས་པ་དང་འཕྲོད་བསྟེན་ཆེད་ལས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཞབས་པ་བཅས་ཁྱོན་མི་བཅུ་ལ་ཆེས་ཐོག་མའི་  Covishield ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བརྒྱབ་སོང་། སྐབས་དེར་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ད་རེས་སྔོན་ཁབ་རིམ་པ་དང་པོ་ཐོབ་མཁན་ཁོངས་སུ་ཡོད་པ་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད།   རྩ་བའི་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་སྔོན་ཁབ་བརྒྱབ་འགོ་བཙུགས་ནས་བཟུང་གང་ཟག་ཁག་ཅིག་ལ་ཚ་བ་འབར་བ་དང་། ཁབ་བརྒྱབ་སའི་ལག་པར་ཟུག་རྒྱག་པ་སོགས་ཟུར་ཕོག་ཕྲན་བུ་བྱུང་བ་བརྗོད་ཀྱི་ཡོད་པ་རེད།  ལྷག་པར་དུ་འཕྲོད་བསྟེན་ཆེད་ལས་པས་དེ་འབྲེལ་གྱི་ཟུར་ཕོག་བྱུང་ངེས་ཡིན་པ་གསུངས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་ལམ་ནོར་ཝེ་ནང་ལོ་ན་བགྲེས་པ་ཁག་ཅིག་ལ་ Pfizer སྔོན་ཁབ་བརྒྱབ་པའི་རྗེས་སུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།ནོར་ཝེ་སྤྱི་དམངས་བདེ་འཇགས་ཀྱི་འཕྲོད་བསྟེན་ལྟེ་གནས་ཀྱིས་ཕྱིན་ཆད་སྨན་པ་ཚོས་ལོ་ན་བགྲེས་པ་བརྒྱད་ཅུ་ཡན་ཚོར་སྔོན་ཁབ་བརྒྱབ་རྒྱུར་གཟབ་ནན་གནང་དགོས་པ་གསུངས་ཡོད་པར་མ་ཟད། ད་ཆ་སྔོན་ཁབ་བཟོ་སྐྲུན་གནང་མཁན་དང་ནོར་ཝེ་གཉིས་ཀྱིས་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་ཞིབ་འཇུག་གནང་མུས་རེད་འདུག

ཧར་ཝཌ་གཙུག་ལག་སློན་གཉེར་ཁང་གི་དགེ་སློབ་དང་ལྷན་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཐོག་གསུང་མོལ་མཛད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ Harvard གཙུག་ལག་སློན་གཉེར་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཀྱིས་གཙོས་པའི་སློབ་དཔོན་ཁག་ཅིག་དང་སློབ་མ་ཁག་ཅིག་ལ་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའིི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གྱི་མཛད་རིམ་ཞིག་ཚོགས་གནང་ཡོད།མཛད་རིམ་གྱི་ཐོག་མ་དེར་སྐུ་ཞབས་ Arthur Brooks ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཙམ་མིན་པར་འཛམ་གླིང་ཐོག་ཞི་བདེ་དང་མཐུན་སྒྲིལ་གྱི་ནུས་པ་གོང་མཐོར་མཛད་མཁན་གྱི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཆེ་བསྟོད་ཞུས་པ་དང་སྦྲགས། གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་སླེབས་ལ་ཉེ་བའི་བོད་ཀྱི་གནམ་ལོ་གསར་བཞད་ལ་འཚམས་འདྲི་དང་། ད་རེས་དྲྭ་ཐོག་གི་མཛད་རིམ་འདི་ལྟར་གནང་རྒྱུར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པར་ཐུགས་རྗེ་ཆེ་ཞུས་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློབ་ཡོངས་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས་ཏེ་ང་ཚོའི་མི་ཚེའི་སྙིང་པོ་དང་དགོས་དོན་གཙོ་བོ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་དེ་ཡིན་པ་དང་བདེ་སྐྱིད་བྱུང་བར་གཙོ་བོ་ཆེ་ཤོས་ཕྱིའི་འཕྲོད་བསྟེན་ལ་དོ་སྣང་བྱས་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་ཁོང་ཁྲོ་དང་ངག་འཁྱལ། ཞེད་སྡང་། ཕྲག་དོག་སོགས་ཀྱི་བློ་ཆུང་རུ་བཏང་སྟེ་གཞན་ལ་ཕན་པ་བསྒྲུབ་དགོས་པ་དང་། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་སྐུ་གཞོན་ནུའི་སྐབས་ལ་ང་དང་ཁོ། ངའི་རིགས་དང་ཁོའི་རུས་སོགས་དབྱེ་འབྱེད་ཀྱི་བསམ་བློ་མེད་ཀྱང་རིམ་པས་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་སྐབས་དབྱེ་འབྱེད་ཀྱི་བསམ་བློ་དེ་དག་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ཤེས་ཡོན་སློབ་གསོའི་ལམ་ལུགས་ཁྲོད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བཟང་སྤྱོད་སོགས་ཀྱི་ཐོག་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོད་པའི་ཧར་ཝཌ་གཙུག་ལག་སློན་གཉེར་ཁང་ལྟ་བུས་འགོ་འཛུགས་དང་འབད་བརྩོན་གནང་ཐུབ་ཚེ་རིམ་བཞིན་གཙུག་ལག་སློབ་གཉེར་ཁང་གཞན་ཚོར་མིག་དཔེ་བསྟན་ཐུབ་ངེས་རེད་ཅེས་བཀའ་སྩལ་སོང་།ལྷག་པར་དུ་༸གོང་ས་མཆོག་གིས་ཐེངས་འདིའི་དྲ་ཐོག་གི་མཛད་རིམ་ཐོག་གཞོན་སྐྱེས་མི་ཉུང་བ་ཞིག་ལྷན་ཞུགས་གནང་སྟབས་འདས་པའི་དུས་རབས་ནང་འཛམ་གླིང་འདིའི་ཐོག་དཀའ་རྙོག་མང་དག་ཅིག་བཟོས་ཡོད་པ་དག་མེད་པ་བཟོ་ཐབས་དཀའ་ནའང་། ད་ལྟ་འཚར་ལོངས་འབྱུང་བཞིན་པའི་ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་ན་གཞོན་སློབ་མ་གཙོས་གཞོན་སྐྱེས་ཚོས་འདས་ཟིན་པའི་དཀའ་རྙོག་ཅན་གྱི་བྱ་སྤྱོད་ཁག་ལ་ལད་ཟློས་དང་བསྐྱར་ཟློས་མ་གནང་བར་མ་འོངས་འཛམ་གླིང་སྤྱིའི་བདེ་དོན་དང་གོ་ལའི་འགྱུར་ལྡོག་ལ་གཞིགས་པའི་བསམ་བློ་གསར་པ་གཏང་དགོས་གལ་རེད་ཅེས་ལམ་སྟོན་མཛད་ཡོད།༸གོང་ས་མཆོག་ནས་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་སུ་སྐུ་ཞབས་ Arthur Brooks ལགས་ནས་རྒྱལ་སྤྱིའི་དབུ་ཁྲིད་ཁྲོད་སེམས་ཀྱི་ཞི་བདེ་དང་སྐྱིད་པོ་མེད་མཁན་མི་ཉུང་བ་ཞིག་ཡོད་སྟབས་ཁོང་རྣམ་ལ་ལམ་སྟོན་གང་མཛད་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཚང་མར་གཅིག་མཚུངས་ཀྱི་དོ་ཕོག་ཐེབས་བཞིན་ཡོད་པར་དཔེ་མཚོན་དུ་བཀའ་སྩལ་ཏེ་དབུ་ཁྲིད་ཚོས་ང་དང་ངའི་རྒྱལ་ཁབ་ཅེས་དུས་ཚོད་ཡོལ་ཟིན་པའི་ང་འཛིན་གྱི་བསམ་བློ་རྙིང་པ་དེ་དག་དོར་ནས་བསམ་བློ་རྒྱ་ཆེ་ས་ནས་གཏང་རྒྱུ་གལ་ཆེན་པོ་ཡིན་པ་དང་འགོ་ཁྲིད་དེ་དག་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་ནས་ཡོང་བ་ཞིག་ཡིན་སྟབས་གཙོ་བོ་ད་ཡོད་ཤེས་ཡོན་གྱི་ལམ་ལུགས་ཁྲོད་བྱམས་བརྩེ་དང་འགྲོ་བམིའི་རིང་ཐང་སོགས་སློབ་ཁྲིད་གནང་ཐུབ་ཚེ་མ་འོངས་པར་འགོ་ཁྲིད་བློ་གྲོས་དང་རྣམ་དཔྱོད་ལྡན་པ་ཐོན་ཐུབ་ངེས་རེད་ཅེས་བཀའ་ལན་མཛད་ཡོད།དེ་བཞིན་སློམ་མ་ཁག་ཅིག་ནས་འཕྲུལ་རིགས་ཀྱི་དུས་འདིར་ང་ཚོས་ངེས་པར་དུ་བྱེད་དགོས་པའི་གནད་དོན་དང་གཞོན་སྐྱེས་ཁྲོད་ཆོས་ལ་དད་པ་ཡོད་མཁན་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ནས་འཕྲུལ་ཆས་དེ་དག་གིས་དངོས་སུ་མིའི་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་མེད་པ་དང་། གཙོ་ཤོས་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལུས་པ་ཞིག་ཡིན་པ་དང་། ད་ལྟའི་ཆ་ལ་འཛམ་གླིང་ཐོག་གོ་ཚོན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་བཀའ་སྩལ་ཡོད་པར་མ་ཟད་ཆོས་དད་ཀྱི་བཀའ་ལན་ལས་འཕྲོས་ཏེ་མགོན་པོ་༸གང་ཉིན་མཆོག་ནས་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་ལམ་སྟོན་ཞིབ་རྒྱས་སྩལ་ཡོད།

ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༠  ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྟེ་འདས་ལོ་ ༢༠༢༠ ནང་རྒྱ་ནག་གཞུང་གིས་ལྟ་སྲུང་དང་འཇིགས་སྐུལ། འཛིན་བཟུང་དོ་དམ་སོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ཁག་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གྱིས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ངོས་ནས་མཉམ་སྦྲེལ་གྱི་སྲིད་བྱུས་གཏན་འབེབས་ཐོག་རྒྱ་ནག་ལ་གདོང་ལེན་གནང་དགོས་པའི་དགོས་འདུན་མངོན་གསལ་གནང་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་དང་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལས་བྱེད་བཅས་ཀྱིས་ཕྱོགས་སྒྲིག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། དེའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་རང་སྐྱོང་གི་ས་ཁུལ། ཧོང་ཀོང་། དེ་བཞིན་བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེ་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གནང་ཡོད་པ་དང་། བོད་ཁུལ་དུ་མཚོན་ན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་སྒྲིག་གཏན་འབེབས་ཀྱིས་གཞི་རིམ་མང་ཚོགས་དང་ཚོགས་སྐྱིད་ཁག་ཏུ་རྒྱ་ནག་དམར་པོའི་ཆབ་སྲིད་དང་རྒྱལ་ཞེན་གྱི་སློབ་གསོ་སྔར་ལྷག་སྤེལ་ཡོད་པར་མ་ཟད། རྒྱ་ནག་གི་སློབ་གསོའི་ལས་གཞི་ཁག་ཏུ་མཉམ་ཞུགས་མ་གནང་མཁན་རྣམས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བཀག་་ཉར་དང་ཁྲིམས་ཐག་བཅད་ཡོད་པར་མངོལ་གསལ་གནང་འདུག དེ་བཞིན་རྒྱ་ནག་ཕྱོགས་ནས་བོད་རྒྱའི་བཀའ་རྙོག་ཞི་སྒྲིག་ཡོང་ཐབས་ཀྱི་མདུན་པ་ཙམ་ཡང་ཆེད་འདོན་མེད་པའི་ཁར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་བཞིན་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིལ་གཞི་རྣམས་ལག་བསྟར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་ད་ལྟ་ཡང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གང་ཡིན་ཁ་གསལ་བྱེད་ཀྱི་མེད་པར་འགྲེལ་བརྗོད་གནང་བ་འབྲེལ་ཏེ་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་ཞེས་ནན་བརྗོད་གནང་ཡོད་པ་རེད། གཞན་ཡང་ཤོག་གྲངས་ ༣༢ ལྷག་ཡོད་པའི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་པའི་རྒྱལ་ཁབ་གཅིག་ལ་སྲིད་བྱུས་གཉིས་ཀྱི་རྩ་འཛིན་ཁྲིམས་ཡིག་དེ་རྩིས་མེད་བཏང་བ་མ་ཟད་ཁུལ་དེའི་མང་གཙོ་ལས་འགུལ་བའི་འགོ་ཁྲིད་དང་མང་ཚོགས་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་དུང་གསར་འགོད་པ་རྣམས་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་སོགས་ཐེར་འདོན་གནང་འདུག མང་ཚོགས་ཀྱི་འདོད་པ་མེད་བཞིན་དུ་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ཏེ་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་སོགས་ཀྱི་རང་དབང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པ་སོགས་ཆེད་བཀོད་གནང་འདུག ཤིན་ཅང་རང་སྐྱོང་ས་ཁུལ་གྱི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་འདས་ལོའི་ནང་ཁུལ་དེའི་ཁ་ཆེས་གཙོས་པའི་གྲངས་ཉུང་མི་རིགས་ས་ཡ་གཉིས་ཙམ་འཛིན་བཟུང་གིས་བཀག་སྐྱིལ་བྱས་པར་མ་ཟད་བཙན་དབང་ཐོག་ངལ་རྩོལ་གྱི་ལས་རིགས་འདྲ་མིན་ནང་མཉམ་ཞུགས་བྱེད་དུ་བཅུག་ཡོད་པ་དང་། ལྷག་པར་དུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་རྣམས་སོ་སོའི་ནང་མི་དང་ཁ་བྲལ་བཏང་ཏེ་རྒྱ་ནག་གི་རྒྱལ་ཞེན་སློབ་གསོ་སྤེལ་གྱི་ཡོད་པ་བཀོད་འདུག ཐེངས་འདིའི་སྙན་ཐོར་བོད་མིའི་ཆབ་སྲིད་བཙོན་པ་དབང་འདུས་ལགས་དང་ཨ་ཉག་སེང་སྒྲ་ལགས་ཀྱིས་གཙོས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཧོང་ཀོང་། ཤིན་ཅང་ཁུལ་གྱི་ལས་འགུལ་བ། ཁྲིམས་རྩོད་པ་སོགས་མི་སྣ་ ༡༦ གི་ལོ་རྒྱུས་སྙིན་བསྡུས་ཆེད་བཀོད་ཀྱིས་ཨ་རི་གཞུང་དང་གྲོས་ཚོགས་ཀྱི་ངོས་ནས་ཁོང་རྣམ་པ་གཙོས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པའི་གནད་དོན་ཐོག་རྒྱ་ནག་ལ་འདྲི་རྩད་གནང་དགོས་སྐོར་གསུངས་ཡོད། ཁ་སང་སྙན་ཐོ་དེ་འདོན་སྤེལ་གནང་བ་དང་འབྲེལ་ཏེ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་ཀྱིས་བརྙན་ཐུང་བརྒྱུད་དེ་ཨ་རིའི་སྲིད་གསར་པ་སྐུ་ཞབས་ Joe Biden མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་ནས་མཉམ་བསྡུས་སྲིད་བྱུས་ཤིག་གཏན་འབེབས་གནང་སྟེ་རྒྱ་ནག་ལ་གདོང་ལེན་གནང་དགོས་པ་མ་ཟད། ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་ཐོབ་ཐང་སྲུང་ཀྱི་ཁྲིམས་ཞིག་གཏན་འབེབས་དགོས་པ། དེ་བཞིན་ཧོང་ཀོང་མང་གཙོའི་ལས་འགུལ་བ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་གནང་བར་མ་ཟད་ཉེ་ཆར་གཏན་འབེབས་ཟིན་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ལག་བསྟར་གནང་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་གནང་འདུག ད་རེས་ཀྱི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཙམ་མིན་པར་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་དུ་ཐབས་བྱུས་འདྲ་མིན་བརྒྱུད་དེ་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་དང་། ཤེས་ཡོན་དང་ཚོགས་སྐྱིད་ཁག་གི་ལས་དོན་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ་སོགས་གསལ་འདོན་གནང་འདུག རྒྱ་ནག་ནང་ཁྱབ་བརྡལ་སོང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་གཞི་རིམ་མི་མང་ལ་དམ་དྲག་དང་གནས་ཚུལ་སྦས་གསང་བྱས་པ་སོགས་ཀྱི་བརྒྱུད་རིམ་ཁག་ཀྱང་བཀོད་འདུག གཞི་རྩའི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ལོ་ལྟར་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་སྙན་ཐོ་འདོན་སྤེལ་གནང་བ་དང་། ཡུལ་དེའི་གྲོས་ཚོགས་སུ་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་གནད་དོན་ཐོག་ཉན་ཞིབ་ཀྱི་ལས་རིམ་གནང་ཐོག་ཁྲིམས་འཆར་འདོན་སྤེལ་སོགས་གནང་གི་ཡོད་པ་རེད།

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་བ།

ཁ་སང་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་ཐོག་བོད་ཀྱི་སྐུ་ཚབ་ཀྱིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་སྟེ་ རྒྱལ་ཁབ་སོ་སོའི་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་གླེང་གནང་འདུགཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་  Sam Brownback མཆོག་གིས་གཙོ་སྐྱོང་གནང་ཐོག་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ཚོགས་འདུ་ཐེངས་གསུམ་པ་ཚོགས་འདུག་པ་དང་། དེའི་ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དགའ་ལྡན་ཁྲི་ཐོག་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གཙོས་པའི་ཇིའུས་དང་ཁ་ཆེ། ཡི་ཤུ་ཆོས་ལུགས་སོགས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་ཀྱིས་སྒེར་སོ་སོའི་ཉམས་ཞིབ་གནང་བའི་གཟིགས་ཕྱོགས་དང་མྱོང་བ་བརྒྱུད་གང་ཟག་གཅིག་གི་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་གསར་པ་ཇི་ཡོད་པ་དང་དེ་འབྲེལ་འགོག་རྐྱེན་ཁག་མེད་པར་བཟོ་ཐབས་གང་དག་གནང་རྒྱུ་ཡོད་པ། དེར་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་རྒྱབ་སྐྱོར་གནང་ཕྱོགས་བཅས་ཀྱི་དྲི་བ་གསུམ་ཆེད་འདོན་གནང་ཐོག་ཕན་ཚུན་དབར་བགྲོ་གླེང་གནང་འདུགསྐབས་དེར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་བཞིན་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བརྒྱུད་ནས་འཛམ་གླིང་ཡོངས་ལ་བྱམས་བརྩེ་གོང་འཕེལ་གནང་རྒྱུ་དང་། དེ་ནི་འཛམ་གླིང་ནང་འཕྲད་བཞིན་པའི་འགྲོ་བ་མིའི་དབར་དབྱེ་འབྱེད་ཀྱི་རྣམ་པ་ཡོངས་རྫོགས་དང་དམའ་འབེབས་སོགས་ཀྱི་ངལ་བ་སེལ་ཐབས་བཟང་ཤོས་དེ་རེད་སོགས་གསུངས་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ Samuel Brownback ལགས་ཀྱིས་ཐེངས་འདིར་མཉམ་ཞུགས་བ་ཡོངས་ནས་རང་ཉིད་ཀྱི་མྱོང་བ་ཁག་ལ་གཞིགས་པའི་དགོངས་ཚུལ་བརྗེ་རེས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཡར་རྒྱས་གཏོང་ཕྱོགས་ཐད་བགྲོ་གླེང་ལྷུག་པོ་གནང་བར་བསྔགས་བརྗོད་གནང་སྟེ། ཁོང་རིང་མིན་ལས་གནས་འདི་ནས་འཕོ་འགྱུར་རྗེས་དེ་འབྲེལ་སྐུ་ཚབ་གསར་པ་ཞིག་ཕེབས་ཀྱི་ཡོད་སྟབས་སྐུ་ཚབ་དེས་ཀྱང་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་འདི་མུ་མཐུད་རྒྱུན་སྐྱོང་བའི་ཡིད་ཆེས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཚོགས་འདུ་འདི་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ཡར་རྒྱས་གཏོང་ཕྱིར་གལ་གནད་ཆེན་པོ་ཆགས་ཡོད་པར་ནན་སྐུལ་གནང་ཡོད།རྩ་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་འདི་སྐུ་ཞབས་ Sam Brownback མཆོག་གིས་སྣེ་ཁྲིད་པའི་འོག་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ནང་གསར་འཛུགས་གནང་བ་ཞིག་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ནུས་པ་མཉམ་དཔུང་ཐོག་ཆོས་དད་རང་དབང་ལ་དམ་དྲག་བྱེད་མཁན་དག་ལ་གདོང་ལེན་དང་གཉའ་གནོན་མྱོང་མཁན་རྣམས་ སྲུང་སྐྱོབ་དང་འཛམ་གླིང་ཁྱོན་ལ་ཆོས་དད་རང་དབང་གོང་འཕེལ་གཏང་ཕྱིར་གསར་འཛུགས་གནང་བ་ཞིག་རེད། ཕྱི་ལོ་ ༢༠༡༩ ལོར་མཐུན་སྒྲིལ་གསར་འཛུགས་དང་འབྲེལ་ཚོགས་འདུ་ཐེངས་དང་པོའི་ཐོག་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་ཆེད་ཕེབས་ཀྱིས་ཨ་རི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་དེ་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་གོང་འཕེལ་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པ་སོགས་གསུངས་ཡོད་པར་མ་ཟད། སྔ་ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིལ་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་གླེང་ཡོད་པ་རེད།

རྡོར་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༢ པ་དབུ་འཛུགས།

རྒྱུན་ལྡན་ལྟར་རབ་གནས་ལྕགས་བྱི་ལོའི་བོད་ཟླ་ ༡༢ ཚེས་ ༡ ཉིན་རྡོ་རྗེ་གཏན་གྱི་མཆོད་རྟེན་ཆེན་མོའི་དྲུང་དུ་འདི་ལོའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་ཆེན་མོ་དེ་དབུ་འཛུགས་ཀྱིས་ཉིན་བཅུའི་རིང་འཚོགས་བཞིན་འདུགགཞི་རྩའི་སྔར་ལོའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་མང་ཚོགས་འདུ་འཛོམས་ཀྱི་ཆོས་ལུགས་དང་ཆབ་སྲིད་ཀྱི་བྱེད་སྒོ་ཡོངས་རྫོགས་དུས་ཐོག་ཏུ་འཚོགས་མ་ཐུབ་པར་ཕྱིར་འགྱངས་བྱེད་དགོས་འཁེལ་བ་ལྟར།  རྡོར་གདན་ཁུལ་གྱི་བོད་ཀྱི་ཆོས་བརྒྱུད་ཁག་གི་ལོ་འཁོར་གྱི་སྨོན་ལམ་ཆེན་མོ་རེ་ཞིག་འཚོགས་མ་ཐུབ་པར་ཕྱིར་འགྱངས་བྱེད་དགོས་འཁེལ་ཡོད་ནའང་།  སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དེར་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ལྷན་ཚོགས་ལམ་སྟོན་བཞིན། དགེ་འདུན་པ་གྲངས་བརྒྱ་ལྷག་གི་སྤྱི་ཚོགས་རྒྱང་བཀྱེད་དང་རིམས་ནད་སྔོན་འགོག་གི་མཐུན་རྐྱེན་ཡོད་པའི་ཐོག་ནས་ཁ་སང་ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཚེས་ ༢༣ བར་གྱི་ཉིན་བཅུའི་རིང་འཚོགས་བཞིན་པ་རེད་འདུག འདི་གའི་གསར་འགོད་པས་རྡོར་གདན་ཁུལ་གྱི་སྔ་འགྱུར་རྙིང་མའི་ལས་འཆར་འགན་འཛིན་ནོར་བུ་བཀྲ་ཤིས་ལགས་སུ་ཞལ་པར་བརྒྱུད་ནས་སྨོན་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས།  རྡོར་གདན་རྣམ་གྲོལ་གླིང་དགོན་པ་དང་ཞེ་ཆེན་དགོན་པ་གཉིས་ཡོད་སྟབས། ཕྱོགས་མཐའ་ཁག་གི་དགེ་འདུན་པ་མང་པོ་འགྲུལ་བཞུད་བྱེད་མི་དགོས་བར།  ཁུལ་དེའི་དགེ་འདུན་པའི་གྲངས་ཚད་གཏན་འབེབས་ཀྱིས་གནས་ཁྱད་པར་ཅན་དུ་སྨོན་ལམ་ཆེན་པོ་རྒྱུན་མ་ཆད་ཙམ་དུ་གོ་སྒྲིག་གནང་ཡོད་པ་ལས། འདི་ལོར་སྔར་རྒྱུན་ལྟར་དགེ་འདུན་པ་རྣམས་ལ་བཞུགས་གནས་དང་ཞལ་ལག་སོགས་གྲ་སྒྲིག་གནང་ཐུབ་མེད་སྐོར་ངོ་སྤྲོད་གནང་ཡོད།

བོད་མི་བདུན་ལ་གཉན་རིམས་ཕོག་ཀྱང་འདས་གྲོང་སུ་གྱུར་བ་གཅིག་ཀྱང་བྱུང་མི་འདུག

ཁ་སང་རེས་གཟའ་ཕུར་བུ་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༢ པ་གནང་སོང་བ་དང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་གཟའ་འཁོར་གཅིག་གི་ནང་ལ་བལ་ཡུལ་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་མིའི་ཁྲོད་ཏོག་དབྱིགས་གཉན་རིམས་ཕོག་པའི་ གྲངས་འབོར་ཇི་ཡིན་སྙན་སེང་ཞུས་མེད་ཀྱང་། རྒྱ་གར་ནང་གནས་བཞུགས་བོད་མི་བདུན་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁྲོད་ལོ་ན་རྒན་ཤོས་དེ་ ༤༤ དང་ལོ་ན་ཆུང་ཤོས་དེ་ ༢༧ ཆགས་ཀྱི་ཡོད་པ་དང་། གཉན་རིམས་ཕོག་མཁན་ཁོངས་ནས་འདས་གྲོང་སུ་གྱུར་བ་གཅིག་ཀྱང་བྱུང་མི་འདུག སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་བར་ས་གནས་ཁག་ཏུ་ཆེད་འཛུགས་གནང་བའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཚོགས་ཆུང་ཁག་གིས་རྒྱ་གར་གྱི་དབུས་ས་གཉིས་ཀྱི་ལམ་སྟོན་གཞིར་བཟུང་སྔོན་འགོག་དང་བརྟག་དཔྱད་སོགས་ཀྱི་ལད་དོན་ཁག་མུ་མཐུད་གནང་ཡིན་པར་མ་ཟད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ཁྲོད་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་སེམས་ཁམས་སློབ་གསོའི་ལས་གཞི་ཁག་ཅིག་གོ་སྒྲིག་ཞུས་ཡོད་པ་ངོ་སྤྲོད་གནང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་གཙོ་པའི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་ ༡༤༧༩ བྱུང་བའི་ཁྲོད་ ༡༤༡༡ དྲག་སྐྱེད་དང་། ༣༧ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱིས་མནར་བཞིན་པ་ ༣༡ བཅས་ཆགས་ཡོད།གསར་འགོད་ལྷན་ཚོགས་ཐོག་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་རིང་མིན་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་སྨན་ཁབ་ཀྱི་ལས་གཞི་ཁག་དབུ་འཛུགས་གནང་གི་ཡོད་སྟབས། དབུས་འཕྲོད་བསྟེན་དྲུང་ཆེ་མཆོག་གིས་ས་གནས་འགོ་འཛིན་དང་འཕྲོད་བསྟེན་འགན་འཛིན་རྣམས་ལ་རྒྱ་གར་གྱི་ས་གནས་སོ་སོའི་འཕྲོད་བསྟེན་འགན་འཛིན་ཚོ་དང་མཇལ་འཕྲད་ཀྱིས་བོད་མི་རྣམས་ལ་གཞན་དང་གཅིག་མཚུངས་ཀྱི་སྨན་ཁབ་ཁག་རག་ཐབས་སླད་ཞུ་སྐུལ་གནང་དགོས་པའི་ལམ་སྟོན་ཕུལ་ཟིན་པ་ལྟར། ད་ཆར་བོད་པའི་འཕྲོད་ལས་སྨན་པ་དང་སྨན་ཞབས་པ་རྣམས་ཀྱི་མཚན་ཐོག་ནས་རྒྱ་གར་གྱི་འབྲེལ་ཡོད་ལྷན་ཁང་ཁག་ལ་ཞུ་སྙན་ཕུལ་ཡོད་པ་སོགས་གསུངས་ཡོད།དེ་བཞིན་སྐབས་དེར་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་གཉན་རིམས་སྔོན་འགོག་གི་སྨན་ཁབ་དེ་དང་ཐོག་འཕྲོད་བསྟེན་ཞབས་ཞུ་བ་དང་། གཉན་རིམས་ལ་གདོང་ལེན་གནང་མཁན་གྱི་ལས་བྱེད་ཚོར་བརྒྱག་རྒྱུ་དང་། དེ་ནས་རིམ་པས་དགུང་ལོ་ ༥༠ ཡན་གྱི་མི་རབས་རྒན་པ་དང་། སྙིང་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཡོད་མཁན་ཚོར་བརྒྱག་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། གཉན་རིམས་ཕོག་མཁན་གྱི་གྲངས་ཚད་ཉུང་དུ་འགྲོ་བཞིན་ཡོད་སྟབས། མང་ཚོགས་རྣམས་ནས་སྔོན་འགོག་གི་སྨན་ཁབ་ཐོན་མིན་སོགས་ལ་ལྟོས་མེད་རྒྱུན་དུ་ཁ་རས་གྱོན་རྒྱུ་དང་། རྒྱང་ཁྱད་བསྟེན་རྒྱུ། དེ་བཞིན་དུག་སེལ་གནང་རྒྱུ་སོགས་སྔོན་འགོག་གི་གནང་སྒོ་ཁག་འཐས་ཤོར་མེད་པར་གནང་གལ་ཡིན་པར་ལམ་སྟོན་དང་གཞེན་སྐུལ་གནང་ཡོད།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དྲུག་བཞིའི་དོན་རྐྱེན་རྗེས་སུ་གདུག་རྩུབ་ཆེ་ཤོས་སུ་གྱུར་ཡོད།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་ད་ཆ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དེ་སྔ་དྲུག་བཞིའི་དོན་རྐྱེན་གྱི་ལས་འགུལ་སྤེལ་རྗེས་ཆེས་མུན་ནག་དང་གདུག་རྩབ་ཆེ་ཤོས་སུ་གྱུར་ཡོད་པར་ཐེར་འདོན་གནང་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་སང་འདོན་སྤེལ་གནང་བའི་སྙན་ཐོར་རྒྱ་གཞུང་གིས་འདས་ལོའི་ནང་བོད་དང་ཤིན་ཅང་། དེ་བཞིན་ནང་སོག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་དྲག་གནོན་ཆེས་ཆེར་བྱེད་བཞིན་རྐྱེན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་གི་ངོ་བོར་གྱུར་ཡོད་པར་མ་ཟད་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་ལྷག་དོན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་སྦས་གསང་སོགས་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འཛིན་འོག་གནས་སྟངས་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཆ་ཤས་ཤིག་ཡིན་པར་མངོན་གསལ་གནང་སྟེ། འདས་ལོའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་སྲིད་གཞུང་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དྲུག་བཞིའི་དོན་རྐྱེན་གྱི་ལས་འགུལ་རྗེས་སུ་ཆེས་མུན་ནག་དང་གདུང་རྩུབ་ཆེ་ཤོས་སུ་གྱུར་ཡོད་པར་ཐེར་འདོན་གནང་འདུག འདས་ལོདེའི་ནང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་འཁོན་ལན་གྱི་ཉེན་ཁ་སོགས་ལ་མ་འཛེམ་པར་རྒྱ་ནག་གི་དྲག་པོའི་སྲིད་བྱུས་དག་ལ་སྐྱོན་བརྗོད་གནང་བའི་རྣམ་པ་གསར་པ་ཞིག་ཐོན་ཡོད་པར་འགྲེལ་བརྗོད་གནང་ཡོད། སྙན་ཐོར་སྔ་ལོ་ཕྱི་ཟླ་ ༡༢ ནང་རྒྱ་ནག་ཝུ་ཧན་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བྱུང་བ་ནས་བཟུང་རྒྱ་གཞུང་གིས་སྨན་པ་ Li Wenliang ལགས་དམ་པ་དེ་ཉིད་ཀྱིས་གཙོས་པའི་དེའི་སྐོར་དངོས་ཡོད་གནས་ཚུལ་གསུང་མཁན་རྣམས་འཛིན་བཟུང་བཀག་ཉར་དང་སུན་གཙེར་བཟོ་བ་དང་གར་སོང་ཆ་མེད་དུ་བཏང་བ་སོགས་ཀྱི་གནས་ཚུལ་རིམ་པ་ཐོན་ཡོད་པ་དེས་རྒྱལ་སྤྱིའི་ཁྱོན་ལ་རྒྱ་ནག་གི་དྲག་པོའི་རིང་ལུགས་གསལ་བཏོན་དང་སྦྲགས། རྒྱ་གཞུང་གིས་ཤིན་ཅང་ནང་གི་ Turkic ཁ་ཆེ་མི་མང་སྟོང་ཕྲག་མང་པོ་བཙན་དབང་གིས་བཀག་སྐྱིལ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་བཟོ་ཚོང་ཁང་གང་སར་འགྲེམས་འཇོག་གིས་བཙན་ཤེད་བྱེད་བཞིན་པར་མ་ཟད། ནང་སོག་གི་སློབ་གྲྭ་ཁག་ཏུ་རང་ཉིད་ཀྱི་སྐད་ཡིག་ཚབ་ཏུ་རྒྱ་ཡིག་སློབ་ཏུ་བཅུག་པ་དང་ལྷག་དོན་བོད་ནང་ལ་མཚོན་ན་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་བཅས་ཀྱི་རང་དབང་ལ་ཆེས་དམ་དྲག་བྱས་ནས་བོད་ནང་གཏེར་ལས་དང་ས་ཞིང་བཙན་འཕྲོག་བྱེད་བཞིན་པའི་གནད་དོན་བཅས་ལ་བརྟེན་ནས་རྒྱ་ནག་ཉེན་རྟོག་པས་བོད་རིགས་མང་ཚོགས་ཐོག་ཁྲིམས་འགལ་གྱིས་བྱ་སྤྱོད་མི་སྤྱོད་ལས་འདས་པ་སྤེལ་མུས་ཡིན་པར་མངོན་གསལ་གནང་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ Yaqui Wang ལགས་ཀྱིས་ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཆགས་པ་ནས་བཟུང་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྔར་ལས་བརྩི་མེད་རྡོག་རོལ་མང་བ་བཏང་དང་གཏོང་མུས་ཁྲོད་འདིར་རྒྱ་ནག་ནང་རང་དབང་ལྡན་པའི་ལས་འགུལ་གང་འདྲ་སྤེལ་ཡང་དེར་གཞུང་འཛིན་ཚོགས་པས་བཟོད་སྒོམ་མི་ཐུབ་པའི་གནས་སུ་གྱུར་ཡོད་པར་བརྗོད་འདུག ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་ Kenneth Roth ལགས་ཀྱིས་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་རྒྱ་ནག་དེ་ཉེན་ཁ་ཆེ་ཤོས་སུ་གྱུར་ཡོད་པར་འགྲེལ་བརྗོད་དང་བསྦྲགས། སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་ཡུལ་དེའི་མང་ཚོགས་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེ་ནི་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་དྲུག་བཞིའི་དོན་རྐྱེན་རྗེས་སུ་ཆེས་གདུག་རྩུབ་ཆེ་ཤོས་སུ་གྱུར་ཡོད་པར་ཐེར་འདོན་གནང་འདུག རྩ་བའི་ཐེངས་འདིར་འདོན་སྤེལ་གནང་བའི་ཁྱོན་ཤོག་གྲངས་ ༣༨༦ ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོར་རྒྱལ་ཁབ་གཞན་ལས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དམིགས་བསལ་ཐུགས་སྣང་གིས་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་དང་། དེའང་གཙོ་བོ་འདས་ལོའི་ནང་རྒྱལ་སྤྱིའི་སྲིད་གཞུང་དག་གིས་དེ་སྔ་དང་མི་འདྲ་བར་རྒྱ་ནག་ཕྱོགས་ཀྱི་འཁོན་ལན་ལ་མ་མཛེམ་པར་ཡུལ་དེའི་ནང་ཆེས་དྲག་གནོན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་ཤུགས་ཆེད་བཏོན་གྱིས་སྐྱོན་བརྗོད་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཨ་རིས་ཤིན་ཅང་ས་ཁུལ་ནས་སྲིན་བལ་གྱིས་བཟོས་པའི་ཐོན་སྐྱེད་རྣམས་བཀག་སྡོམ།

ཁ་སང་ཨ་རིའི་ནང་སྲིད་བདེ་འཇགས་ལྷན་ཁང་གི་ཁྱབ་ཁོངས་ Customs and Border Protection ཞེས་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱིས་ཨ་རི་རྒྱལ་ཡོངས་སུ་བཀོད་ཁྱབ་ཅིག་བཏང་ནས་ཤིན་ཅང་ས་ཁུལ་ནས་ སྲིན་བལ་གྱིས་བཟོས་པའི་ཐོན་སྐྱེད་སྤྱི་དང་སྒོས་བླ་མ་དམར་རི་འམ་ Tomato སོགས་བཟའ་ཆས་ཀྱི་ཐོན་སྐྱེད་ཁག་ཅིག་ཨ་རིར་ནང་འདྲེན་གནང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ཨ་རིའི་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱིས་འདས་པའི་ཟླ་ཤས་ནང་ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་ཐོབ་ཐང་སོགས་ཀྱི་ཐོག་ཞིབ་འཇུག་གནང་སྐབས་རྒྱ་ནག་གཞུང་ནས་ཁུལ་དེར་འཛིན་བཟུང་བཀག་སྐྱིལ་བྱེད་བཞིན་པའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ས་གནས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་གི་བཟོ་གྲྭ་དང་ཞིང་ལས་སོགས་ཀྱི་ལས་རིགས་འདྲ་མིན་ནང་བཙན་འདེད་དང་དབང་གནོན་ཐོག་ནས་ལས་ཀ་བྱེད་བཅུག་པ་མ་ཟད། ངལ་རྩོལ་བ་རྣམས་ལས་དགོས་ངེས་ཀྱི་མཐུན་རྐྱེན་དང་གླ་ཕོགས་སོགས་ཚད་ལྡན་སྤྲོད་ཀྱི་མེད་པ་ཤེས་རྟོགས་བྱུང་ཡོད་སྟབས་ཨ་རི་སྲིད་གཞུང་གིས་ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་རང་དབང་སྲུང་ཐུབ་ཐབས་ལ་དམིགས་ཏེ་ཁ་སང་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཨ་རིའི་ཚོང་ལས་སྡེ་ཚན་སྒེར་གཉེར་སུ་འདྲ་ཞིག་ནས་ཀྱང་ཤིན་ཅང་ནང་གི་བཟོ་གྲྭ་ཁག་ནས་སྲིན་བལ་གྱིས་བཟོས་པའི་རས་ཆ་དང་གྱོན་ཆས་སོགས་ཀྱི་ཐོན་སྐྱེད་སྤྱི་དང་སྒོས་བླ་མ་དམར་རི་འམ་ Tomato སོགས་བཟའ་ཆས་ཀྱི་ཐོན་སྐྱེད་ཁག་ཅིག་ཨ་རིར་ནང་འདྲེན་གནང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ལྷག་པར་དུ་ཁ་སང་གི་བཀའ་ཁྱབ་ནང་ཨ་མི་རི་ཀའི་ནང་སྲིད་བདེ་འཇགས་ལྷན་ཁང་གི་དྲུང་གཞོན་ Ken Cuccinelli ལགས་ཀྱིས་ཨ་རིའི་ངོས་ནས་ངལ་རྩོལ་བའི་རང་དབང་བརྩི་མེད་རྡོག་རོག་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་བཟོད་བསྲན་རྩ་བ་གནང་ཐབས་མེད་པས་ཨ་རིའི་བཟོ་གྲྭ་དང་ཚོང་གི་སྡེ་ཚན། དེ་བཞིན་གང་ཟག་སྒེར་གཉེར་ཚང་མས་ངལ་རྩོལ་བའི་རང་དབང་ལ་བརྩི་སྲུང་ཞུས་ཏེ་རྒྱ་གཞུང་གི་གནོན་ཤུགས་འོག་ཤིན་ཅང་ས་ཁུལ་ནས་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་ཁག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ང་ཚོས་ད་རེས་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་དུ་གསར་རྒྱག་བྱས་པའི་བཀག་སྐྱིལ་ཁང་རྣམས་སྒོ་རྒྱག་དགོས་ཞེས་གསུངས་འདུགདེ་བཞིན་ལྷན་ཁང་དེའི་ཁྱབ་ཁོངས་སུ་ཡོད་པའི་ཕྱི་ཚོང་སྒོ་ཁྲལ་དང་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱི་འགན་འཛིན་ Mark  Morgan ལགས་ནས་རྒྱ་ནག་གཞུང་གིས་ངལ་རྩོལ་བ་རྣམས་བཙན་དབང་ཐོག་ལས་ཀ་བྱེད་བཅུག་པr་མ་ཟད་ཁོང་རྣམ་པས་བཟོས་པའི་ཐོན་སྐྱེད་དེ་དག་ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་ནང་རིན་གོང་མདའ་པོར་ཚོང་འགྲེམ་བྱེད་བཞིན་པ་དེས་ངལ་རྩོལ་བའི་རང་དབང་དང་ཨ་རིས་གཙོས་པའི་རྒྱལ་སྤྱིའི་ཚོང་གི་གནས་བབ་ལ་དོ་ཕོག་དང་། མང་ཚོགས་ཅ་དངོས་ཉོ་མཁན་རྣམས་ལ་ཡང་མགོ་སྐོར་བཏང་བ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་ནང་སྲིད་དང་བདེ་འཇགས་ལྷན་ཁང་ནས་ཐག་གཅོད་གནང་་དེ་ནི་ད་རེས་གློ་བུར་དུ་གནང་བ་ཞིག་མིན་པར་ལྷན་ཁང་དེས་དེ་སྔ་ཕྱི་ཟླ་ ༧ དང་ ༡༢ བཅས་སུ་གནད་དོན་དེ་དང་འབྲེལ་ཨ་རིའི་ཚོང་གི་སྡེ་ཁག་དང་ཤིན་ཅང་ཁུལ་དུ་ཆེད་འཛུགས་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ལ་བརྡ་ལན་ཐེངས་གཉིས་བཏང་ཟིན་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༧ དང་ ༨ ནང་།  Department of the Treasury ཞེས་ཨ་རིའི་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གིས་ཀྱང་ཤིན་ཅང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གིས་ཤིན་ཅང་ནང་ཚོང་དང་དཔུང་དམག་གི་ལས་དོན་རྒྱ་སྐྱེད་སླད་ཆེད་འཛུགས་བྱས་པའི་ Xinjiang Production and Construction Corps ལྟེ་གནས་ཁང་དང་། Nanchang O-Film Tech དེ་བཞིན་ Esquel Textile Ltd སོགས་ཤིན་ཅང་ནང་ཡོད་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༡༡ དངོས་སུ་མིང་འདོན་གྱིས་དེ་དག་ཨ་རི་ནང་ཡོད་པའི་ཚོང་ལས་སྡེ་ཚན་ཁག་དང་འབྲེལ་བ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཁ་ཉིན་རེས་གཟའ་མིག་དམར་ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་ཀྱིས་ཀྱང་ཡུལ་དེའི་གྲོས་ཚོགས་སུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་ཁུལ་དེར་ཡོད་པའི་ཁ་ཆེས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་བཙན་འདེད་ཐོག་ངལ་རྩལ་གྱི་ལས་རིགས་བྱེད་བཅུག་པ་དང་འབྲེལ། དབྱིན་ཡུལ་གཞུང་གིས་དབྱིན་ཡུལ་གྱི་ཚོང་ལས་སྡེ་ཁག་རྣམས་ཤིན་ཅང་ནང་ཡོད་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ཁག་དང་ངན་པ་ལག་སྦྲེལ་གནང་རྒྱུ་མེད་པ་དང་། གལ་སྲིད་དེ་ལྟར་གནང་ཚེ་ཉེས་ཆད་བཀལ་རྒྱུ་ཡིན་ཞེས་གསུངས་འདུག  ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེར་ངོས་ལེན་གནང་ཐབས་མེད་ཅེས་གསུངས་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣས་ཤིན་ཅང་ནང་གི་དངོས་ཡོད་གནས་སྟངས་གང་རྟོག་ཞིབ་སླད་ཕེབས་ཐབས་གནང་དགོས་པ་གསུངས་འདུག

Latest news