Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་ཚོགས་ནས་བོད་ནང་གི་གནད་དོན་ལ་ཐུགས་སྣང་གནང་རོགས།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་དུ་མ་ཕེབས་ཚེ་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུགཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་འདུ་འཛོམས་ཀྱིས་ལྷན་ཚོགས་ཐེངས་ ༤༣ པ་དེ་འཚོགས་བཞིན་ཡོད་པ་དང། ཁ་སང་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་ཞེས་པའི་ཚོགས་དུས་ ༢༣ སྟེང་བོད་མིའི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་གནང་སོང་། སྐབས་དེར་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་ཚོགས་པའི་མིང་ཐོག་ནས་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་ཚོགས་མཚོ་མོ་ལགས་ཀྱིས་རིང་མིན་རྒྱ་གཞུང་མགྲོན་འབོད་ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ཤར་ཏུ་ཀི་སི་ཐན་གཙོས་པའི་རྒྱ་ནག་རྒྱལ་ནང་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པར་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་ད་ཆ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་གནས་བབ་དེའི་ཐོག་རྒྱ་ནག་རྒྱལ་ནང་གི་འཚམས་གཟིགས་དེའི་སྐབས་སུ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་ལ་མ་ཕེབས་ཚེ་ཐེངས་དེའི་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག ཁོང་གིས་ད་ཆ་རྒྱ་གཞུང་གིས་ཡུ་གུར་བའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དེ་སྔར་བོད་ནང་གི་བོད་མིར་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་དུ་བཀག་འགོག་མེད་པའི་རྟོག་ཞིབ་གཟིགས་སྐོར་དུ་ཕེབས་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ལྷག་པར་དུ་སྐབས་དེར་རྒྱལ་ཚོགས་ལ་སྐར་མ་གཅིག་དང་ཕྱེད་ཀའི་ངག་ཐོག་ཞུ་སྦྱོར་སྙན་སེང་ཞུ་རྒྱུའི་དུས་ཡུན་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུ་བཞིན་ཡོད་པ་བསྟུན་ཁོང་གིས་རྒྱལ་ཚོགས་ལ་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་བཙན་ཁྲིད། དེ་བཞིན་གར་སོང་ཆ་མེད་དང་གནར་གཅོད་བཅས་ཀྱི་གནས་སྟངས་འོག་འཚོ་དགོས་བྱུང་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་བོད་ནང་གི་གནས་བབ་ནི་ཇེ་ཞན་ཇེ་སྡུག་འགྲོ་བ་བཞིན་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་གི་བོད་མི་༡༥༤ ལྷག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད་པ་རེད། ཁོང་གིས་ལྷན་ཚོགས་ཐོག་དེང་སྐབས་རྒྱ་ནག་ནས་ཐོན་པའི་གོ་ལ་ཁྱོན་ལ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་དེ་བོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་བརྡལ་བྱུང་ཡོད་པ་དེ་ལྟར་ཡང། ད་བར་རྒྱ་གཞུང་གིས་ས་གནས་མང་ཚོགས་ཐོག་དམ་དྲག་ཇེ་ཆེར་བྱེད་བཞིན་པར་བརྟེན་བོད་ཀྱི་ས་ཁུལ་ཁག་ཏུ་ད་ཆ་ནད་ཡམས་དེའི་ཁྱབ་ཚད་དང་བོད་མི་ག་ཚོད་ཙམ་ལ་ནད་དེ་ཕོག་ཡོད་མེད་ཀྱི་ཁ་གྲངས་གསལ་པོ་ཞིག་ཤེས་རྟོགས་མེད་ལྷག་ཡོད་པ་དང། དེ་བཞིན་ཁོང་གིས་ཁ་སང་ལྷན་ཚོགས་ཀྱི་གོ་སྐབས་དེའི་ཐོག་ནས་བོད་རྒྱ་གཉིས་དབར་དཀའ་ངེལ་གསལ་རྒྱུའི་ཆེད་རྒྱལ་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་དོན་དམ་གྱི་གྲོས་མོལ་ཡོང་རྒྱུར་ཐེ་བྱུས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་ད་བར་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གསུམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་བོད་ནང་གི་སྐད་ཡིག ལེགས་བྱང་། རིག་གཞུང་བཅས་པར་སྲུང་སྐྱོབ་གནང་རྒྱུའི་རང་དབང་ཐད་ལ་གླེང་སློང་གནང་ཡོད་པ་རེད།

བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ།

དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་རྒྱ་ནག་དབང་འཛིན་གྱི་དྲག་པོའི་བཙན་བཟུང་ལ་ཞི་བའི་ངོ་རྒོལ་གནང་ནས་ལོ་ངོ་ ༦༡ འཁོར་བའི་དུས་ཚིགས་གནད་ཆེ་ཞིག་ཆགས་ཀྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་ Frantisek Kopriva ལགས་དང་ Dana Belkarova ལགས་གཉིས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་ཞུགས་ཐོག་ད་བར་བོད་དང་བོད་མིའི་རྩ་དོན་སླད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་ངག་བཅད་དང་སྦྲགས་གཞུང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུས་སོང་བར་མ་ཟད། དེ་རྗེས་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་རུབ་ཐོག་གོ་སྒྲིགས་འོག་གཙུག་ལག་ཁང་ནས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ཉེ་འཁྲིས་གྷམ་རུ་ཐང་ཆེན་བར་ངོ་རྒོལ་སྐད་འབོད་སོགས་གནང་ཐོག་དེ་རིང་གི་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དེ་རིང་གི་དུས་ཚིགས་དང་འབྲེལ་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་དེ་རིང་གི་ཉིན་མོ་'འདིའི་གནད་དགག་གང་ཡིན་ངོ་སྤྲོད་དང་། བོད་སྤྱིའི་རྩ་དོན་ཆེད་དུ་ལུས་སྲོག་གློས་བཏང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་འདས་སོན་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་དང་མྱ་ངན་གུས་འདུད་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་ད་བར་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏང་ཐབས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་སོགས་གཏོང་མུས་ཁྲོད་འདས་པའི་ཕྱི་ལོ་ ༢༠༡༩ ལོའི་ནང་དུའང་རྒྱ་གཞུང་གིས་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང། སྤྱི་ཚོགས་དྲྭ་རྒྱའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་བརྒྱུད་སྤེལ་བྱས་པ་སོགས་ཀྱི་ཉེས་མིང་སྣ་ཚོགས་འོག་བོད་མི་མང་དག་ཅིག་འཛིན་བཟུང་བཀག་ཉར་དང་བོད་ནང་སྡུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་མུ་མཐུད་སྤེལ་ཡོད་པ་དང། སྔ་ལོ་བོད་མི་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་ནས་ད་བར་བོད་ནང་བོད་མི་ ༡༥༤ ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་སོགས་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ངོ་སྤྲོང་གནང་བ་དང་འབྲེལ། གནད་དོན་དེ་དག་ནས་རྒྱ་གཞུང་གི་བོད་ནང་བོད་མིའི་རང་དབང་ལ་དམ་དྲག་ཇི་ཙམ་བྱེད་ཀྱི་ཡོད་པ་རྟོགས་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་དྲག་ཤུགས་ཇི་ཙམ་བྱས་ཀྱང་བོད་མིའི་འབོད་སྒྲ་འགོག་མི་ཐུབ་པ་མ་ཟད། བོད་མིའི་སྙིང་སྟོབས་དང་ཆོད་སེམས་ཇེ་བརྟན་དང་བོད་མིའི་དམ་བཅའ་གཡོ་འགུལ་སྤུ་ཙམ་གཏོང་མི་ཐོབ་པའི་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་གནད་དོན་དེ་གསལ་ཐབས་བྱེད་ཀྱི་ཡོད་ཚེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་མ་ཟད་༸གོང་ས་མཆོག་གིས་སྐུ་ཚབ་དང་ལྷན་དུ་འཕྲལ་དུ་འབྲེལ་མོལ་དབུ་འཛུགས་གནང་དགོས་པ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གནང་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Michael Washlet Heriya མཆོག་ཤིན་ཅང་ནང་ཕེབས་གཏན་འཁེལ་བ་བཞིན་དེའི་སྐབས་སུ་བོད་ལའང་ངེས་པར་དུ་ཕེབས་ནས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་ཡོང་བའི་འབོད་སྐུལ་ཞུས་སོང་། བར་ལམ་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐོག་ཐད་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་འབྲེལ་ཏེ་སྔ་ལོ་བོད་མིའི་དམིགས་བསལ་ཚོགས་ཆེན་དང་ཆོས་ཚོགས་སོགས་ཀྱི་ཐོག་བོད་མིའི་བདེ་དོན་སླད་༸སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བ་དང། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་༸སྐུ་ཉིད་ལ་མ་གཏོགས་གཞན་གཞུང་དང་ཚོགས་སྒེར་སུ་ལའང་མེད་པའི་གྲོས་ཆོས་བཞག་པ་བཞིན་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་ལ་ཡོད་སྐོར་གྱི་གྲོས་ཆོད་བཞག་པ་སོགས་ཀྱི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དང། འཛམ་གླིང་རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་ཀྱི་རྩ་དོན་དང་བོད་མིར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་བཅས་ལ་དེ་རིང་གི་གོ་སྐབས་དངབ་སྟུན་ནས་བཀའ་སྤྱི་གཉིས་ནས་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་བོད་བཙན་བཟུང་བྱས་ནས་སྟེ་ལོ་ངོ་ ༦༡ ནང་རྒྱ་གཞུང་གིས་བོད་ནང་མི་རིགས་དབྱེ་འབྱེད་དང། བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བའི་སྲིད་བྱུས་ལག་བསྟར་བྱེད་མུས་འོག་དེ་སྔ་བོད་མི་དཔའ་བོ་དཔའ་མོ་མང་པོས་རང་ལུས་མེར་བསྲེགས་གནང་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༥༤ ཙམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་བྱུས་ལ་ངོ་རྒོལ་བྱས་ཡོད་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས་ཏེ་དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་འཚེ་བའི་ཐོག་ནས་གནད་དོན་གསལ་ཐབས་མེད་སྟབས་རྒྱ་གཞུང་གི་ངོས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་གནང་ཐུབ་ཚེ་འཚེ་བ་མེད་ཅིང་བྱམས་བརྩེའི་རང་བཞིན་ལྡན་པའི་སྲིད་བྱུས་གུ་ཡངས་ཤིག་གི་ཐོག་འགྱུར་བ་གཏོང་དགོས་པའི་ཞུ་སྐུལ་ནན་པོ་གནང་སོང་།དེ་བཞིན་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་བསྟོན་དང་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་གློས་བཏང་དང་སྙིང་སྟོབས་ཞུམ་པ་མེད་པར་བརྟེན་བོད་ཀྱི་རྩ་དོན་དེ་གསོན་པོར་གནས་ཡོད་པ་དང། རིང་མིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱི་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་ཞུ་དགོས་པའི་འབོད་སྐུལ་ཞུས་སོང་།དེ་བཞིན་དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་འོག་རྒྱ་ནག་གཙོ་བོར་གྱུར་པའི་རྒྱལ་སྤྱི་ཁྱོན་ཡོངས་སུ་མི་འབུམ་གཅིག་བརྒལ་བར་རིམས་ནད་དེ་ཕོག་པ་དང་། མི་ ༣༠༠༠ ལྷག་རྐྱེན་འདས་སུ་ཕྱིན་པའི་ཆེས་ཛ་དྲ་གི་གནས་སྟངས་ཐད་དེ་རིང་གི་གོ་སྐབས་དང་བསྟུན་བཀའ་སྤྱི་གཉིས་ཀས་གདུང་སེམས་མཉམ་བསྐྱེད་དང་མགྱོགས་མྱུར་འགོག་ཐུབ་པའི་སྨོན་འདུན་ཡོད་སྐོར་གསུངས་པ་མ་ཟད། དེང་སྐབས་བོད་ནང་དུའང་རིམས་ནད་དེ་འགོས་ཁྱབ་བྱུང་བའི་གནས་སྟངས་ཆགས་ཡོད་པ་ལྟར་བོད་ནང་གི་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་རོགས་སྐྱོར་ངེས་ཞུ་དགོས་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་བཀོད་སྡོམ་ཡོང་བ་སོགས་ཀྱི་རེ་སྐུལ་ཞུས་སོང་།ཐེངས་འདིའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩིའི་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཆེད་མངགས་ཆེད་ཕེབས་པའི་དམིགས་བསལ་སྐུ་མགྲོན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ Dana Belkarova ལགས་ཀྱི་གཏམ་བཤད་སྤེལ་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གཉིས་དབར་གྱི་འབྲེལ་བ་དམིགས་བསལ་ཅན་ཞིག་ཡོད་པ་དང། བོད་མི་དང་ཅེཀ་མང་ཚོགས་དབར་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་སྐོར་གསུངས་པ་འབྲེལ། ཅེཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད་པ་དང། ལྷག་པར་དུ་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད་པར་མ་ཟད་ཁོང་རྣམས་དུས་རྟག་ཏུ་བོད་མིའི་ལྷན་དུ་ཡོད་པ་གསུངས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Frantisek Kopriva ལགས་ཀྱིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དང། དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་རིན་ཐང་གཅིག་མཚུངས་ཡོད་པའི་ཆ་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ཅེཀ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང། ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཆབ་སྲིད་ཚོགས་པ་འདྲ་མིན་ ༨ ཙམ་གྱི་གྲོས་ཚོགས་འཐུས་མི་ ༥༣ ཡོད་པ་དང། ཚོགས་པའི་ངོས་ནས་ད་བར་སྲིད་སྐྱོང་མཆོག་ཡུལ་དེར་གདན་ཞུ་གནང་རྒྱུ་དང། བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་གྲོས་ཚོགས་ནང་བྱིས་པའི་རི་མོ་འགྲན་བསྡུར་སོགས་གནང་ཡོད་པ། ཁོང་རྣམས་ཅེཀ་གྲོས་ཚོགས་ཙམ་མ་ཟད་ཡུ་རོབ་གྲོས་ཚོགས་ནང་དུའང་བོད་དོན་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་མ་ཟད། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཡུལ་དེའི་ནང་རླུང་རྟ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་གོ་སྒྲིགས་འོག་ཡུལ་དེའི་གཞུང་འབྲེལ་ལས་ཁུངས་གཙོས་པའི་ས་ཚིགs་གང་སར་བོད་ཀྱི་རྒྱལ་དར་ཁྱོན་ ༩༠༠ ཙམ་སྒྲེང་འཛུགས་གནང་བཞིན་ཡོད་པ་དང་། ལས་འགུལ་དེའི་བརྒྱུད་ནས་རྒྱ་ནག་གཞུང་ལ་བོད་ནང་སྡུག་རྩུབ་ཀྱི་སྲིད་བྱུས་སྤེལ་བཞིན་པ་དེ་ནོར་འཁྲུལ་ཡིན་པའི་རྡ་ལན་གསལ་པོ་ཞིག་སྤྲོད་བཞིན་ཡོད་པ་གསུངས་སོང་།ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གིས་སྐུ་ཚེ་ཧྲིལ་པོའི་ལས་དོན་རྣམས་རྒྱུན་སྐྱོང་གནང་ཐོག་༸གོང་ས་མཆོག་ལ་འཚེ་མེད་ཞི་བའི་བརྡ་ལན་ལ་གུས་བརྩི་དང། བོད་མི་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་སྟེ་བོད་མིའི་ལྷན་དུ་བཞེངས་རྒྱུ་ཡིན་པ་གསུངས་ཡོད།དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་མཛད་སྒོ་ལེགས་པར་གྲུབ་མཚམས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་བོད་མའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཐོག་ས་གནས་མི་མང་ཚོས་གཙུག་ལག་ཁང་ནས་དྷ་ཤོད་གྷམ་རུ་ཐང་ཆེན་བར་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས། Bod.asia ངོ་དེབ།

ལྡི་ལི་རྒྱ་མིའི་གཞུང་ཚབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་བཅིུག་གིེས་རྒོལ་འཆོང་གནང་སོང་།

དེ་རིང་གསུམ་བཅུའི་དུས་དྲན་ཐེངས་ ༦༡ དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་བཅས་ཀྱི་གཙོས་པའི་ལས་འགུལ་བ་མི་གྲངས་བཅིུག་གིེས་རྒྱལ་ས་ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཏུ་རྒོལ་འཆོང་གནང་སོང་། དེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་གློ་བུར་དུ་རྒྱལ་ས་ལྡིའི་རྒྱ་མིའི་གཞུང་ཚབ་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་ཪིང་དང་དྲུང་ཆེ་བསོད་ནམས་ཚེ་རིང་གཉིས་ཀྱི་སྣེ་ཁྲིད་པའི་ལྡི་ལི་རོ་ཧི་ནི་བོད་ཁྱིམ་མཐོ་རིམ་སློབ་མ་ཕོ་མོ་གྲངས་བཅིུག་གིས་རྒྱ་མིའི་གཞུང་ཚབ་ཏུ་བོད་ཀྱི་རྒྱལ་དར་དང་གཞོན་ནུའི་རྒྱལ་དར་སོགས་མཁའ་དབྱིངས་སུ་འཕྱར་ཏེ་བོད་མིར་རང་བཙན་དགོས་རྒྱ་མི་བོད་ནས་ཕྱིར་ཐོན་དགོས། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་སོགས་ཀྱི་དགོས་འདུན་བཏོན་སོང་། རྩ་བའི་ལོ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གསུམ་བཅུའི་དུས་དྲན་ཉིན་རྒྱ་མིའི་གཞུང་ཚབ་ཏུ་ལས་འགུལ་བ་མང་པོས་ངོ་རྒོལ་གནང་སྲོལ་ཡོད་ནའང་།   གཞོན་ནུའི་ཚོགས་གཞོན་གྱི་ངོས་ནས་ཐེངས་འདིར་ཏོག་དབྱིབས་ནད་རིམས་ཀྱིས་རྣམ་རྟོག་དང་ལྷག་པར་དེ་རིང་རྒྱ་གར་གྱི་ཧིན་རྡུའི་ཧོ་ལི་དུས་ཆེན་བཅས་འཁེལ་ཡོད་སྟབས། དབུས་དང་ས་གནས་གཉིས་ཀྱི་མི་ཚོགས་མང་པོ་འཛོམས་རྒྱུ་མེད་པའི་ལམ་སྟོན་གཞིར་བཟུང་བཀའ་བརྩི་དང་ལེན་ཞུས་པའི་སྐོར་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད།   དེ་རིང་གི་ལས་འགུལ་དེ་བརྒྱུད་དགོས་འདུན་གཙོ་བོ་དེ་བོད་ནང་གི་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་དགོས་འདུན་སྒྲུབ་ཐབས་ཤིག་ཡིན་པའི་འགྲེལ་བརྗོད་ཀྱང་གནང་གི་འདུག ཧོ་ལི་དུས་ཆེན་གྱི་རྐྱེན་པས་དེ་རིང་རྒྱ་མིའི་གཞུང་ཚབ་ཏུ་སྔར་རྒྱུན་ལྟར་སྐོར་སྲུང་བ་ཡང་དེ་ཙམ་འགྲེམས་འཇོག་བྱས་མི་འདུག་པར་བརྟེན།   ལས་འགུལ་བ་ཚོས་སྐར་མ་༢༠ལྷག་ངོ་རྒོལ་སྐད་འབོད་བྱེད་ཐུབ་ཡོད་ཀྱང་།   དེ་རྗེས་ལས་འགུལ་བ་མི་གྲངས་བཅིུག་ཡོད་པ་དེ་དག་ཚང་མ་འཛིན་བཟུང་བྱས་ཏེ་ Mandir Marg སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་ཡོད་པ་རེད།  གཞི་རྩའི་ལྡི་ལི་ཁུལ་གྱི་དེ་རིང་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དེ་བོད་སྒར་བསམ་ཡས་གླིང་གི་སློབ་གྲྭར་ཚོགས་ཡོད་པ་དང་།   རྒྱུན་ལྡན་ཡིན་ན་མི་མང་རྣམས་ཇན་ཏར་མན་ཏར་བར་ཞི་བའི་གོམ་བགྲོད་གནང་སྲོལ་ཡོད་ནའང་།   ཏོག་དབྱིབས་ནད་རིམ་གྱིས་རྐྱེན་གོམ་བགྲོད་ཀྱི་ལས་འགུལ་དེ་ཕྱིར་འཐེན་གནང་སྟེ་མཛད་སྒོ་སྟབས་བདེ་ཞིག་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་བཅས་ཕེབས་ཡོད་པ་རེད།

སྒང་ཏོག་ནས་ས་ལུ་གྷ་ར་བར་སྦག་སྦག་སྐོར་བསྐྱོད་གྱི་བརྒྱུད་དེ་བོད་དོན་དྲིལ་བསྒྲགས་གནང་བ།

ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ནས་རྒྱ་དམར་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་མི་ལོ་ ༦༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་ཚིགས་སམ་དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདི་དང་བསྟུན། རྒྱ་གར་བྱང་ཤར་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་སྒང་ཏོག་ནས་ས་ལུ་གྷ་ར་བར་དུ་བོད་དོན་དྲིལ་བསྒྲགས་ཀྱི་སླད་དུ་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་བོད་མིས་རང་དབང་སྒེར་ལངས་གནང་ནས་ལོ་ངོ་དྲུག་བཅུ་རེ་གཅིག་འཁོར་བའི་དུས་ཚིགས་ཀྱི་མཚོན་དོན་དུ་སྒང་ཏོག་ནས་ས་ལུ་གྷ་རའི་བར་སྦག་སྦག་ ༦༡ ཀྱིས་ས་ཚིགས་གལ་གནད་ཆེ་བའི་གཞུང་ལམ་གྱི་བརྒྱུད་དེ་སྤྱི་ལེ་ ༡༠༦ སྐོར་བསྐྱོད་གནང་འདུག་པ་མ་ཟད། ལས་འགུལ་བའི་ཁྲོད་བོད་རིགས་ཙམ་མིན་པར་མ་སྐུལ་དང་དུ་བླངས་བའི་ཡུལ་མིའི་མི་རིགས་ནས་ཀྱང་མཉམ་བཞུགས་གནང་འདུག་པ་དང་། ལས་འགུལ་བ་དེ་དག་གི་ཁོངས་སུ་དགུང་ལོ་ཆུང་ཤོས་ལོ་ངོ་༡༩ དང་དགུང་ལོ་ཆེ་ཤོས་ལོ་ན་དྲུག་བཅུ་རེ་གྲངས་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་སྒང་ཏོག་ས་གནས་གཞོན་ནུའི་ཚོགས་གཙོ་དཔལ་འབར་ལགས་སུ་ལས་འགུལ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་ཡོད། རྩ་བའི་དེང་སྐབས་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམ་ནད་ཀྱིས་རྐྱེན་པའི་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་རིམས་ནད་སྔོན་འགོག་གི་ཆེད་དུ་གལ་ཆེའི་ཚོགས་འདུ་ཁག་དུས་ཚོད་ངེས་མེད་བར་ཕྱིར་བཤོལ་གནང་བཞིན་ཡོད་ནའང་། བོད་མི་རྣམས་ནས་ཚ་ཚ་འུར་འུར་གྱི་སྒོ་ནས་ཏོག་དབྱིབས་རིམས་ནད་དེ་ཁྱབ་བརྡལ་འགྲོ་བཞིན་པར་ལྟོས་མེད་བཙན་བྱོལ་བོད་མི་གནས་སྡོད་བྱ་སའི་ས་གནས་ཁག་ཏུ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༡    པ་དྲན་གསོ་གནང་བ་དང་འབྲེལ་རྣམ་པ་འདྲ་མིན་གྱི་བརྒྱུད་དེ་ལས་འགུལ་སྤེལ་ཡོད་པ་རེད།

འཛམ་གླིང་ས་ཕྱོགས་གང་སར་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་ལས་འགུལ་སྤེལ་བཞིན་པ་རེད་འདུག

འདི་ལོའི་ཟླ་ ༣ ཚེས་ ༡༠ སྟེ་ཉིན་མོ་དེ་ནི་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ནས་རྒྱ་དམར་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་མི་ལོ་ ༦༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་སྟབས། འཛུམ་གླིང་ས་ཕྱོགས་གང་སར་ཉིན་མོ་དེ་དྲན་གསོ་གནང་རྒྱུའི་སླད་དུ་ལས་འགུལ་རྣམ་པ་འདྲ་མིན་གྲ་སྒྲིག་གནང་བཞིན་པ་ལྟར། ཁ་ཉིན་ཕྱི་ཚེས་ ༧ ཉིན་རྒྱ་གར་ Gujarat མངའ་སྡེའི་གྲོང་ཁྱེར་བྷ་རོ་ཊའི་ནང་བྷ་རོ་ཊ་ས་གནས་གཞོན་ནུ་དང་བྷ་རོ་ཊ་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བྷ་རོ་ཊར་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་བརྒྱ་ལྷག་དང་། དེ་བཞིན་རྒྱ་གར་གྱི་སློབ་མ་དང་རྒྱལ་སྤྱིའི་སློབ་མ་བཅས་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ནས་མཉམ་ཞུགས་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡པ་སྲུང་བརྩི་དང་འབྲེལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་ལས་འགུལ་ཁྲོད་བོད་ཕྲུག་གཙོས་རྒྱ་གར་གྱི་སློབ་ཕྲུག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཞལ་ལ་བོད་ཀྱི་རྒྱལ་དར་བྲིས་པ་དང་། ཆས་གོས་ནག་པོ་གྱོན་ནས་དཔྲལ་བར་རས་ནག་པོ་དཀྲིས་བ། གཞན་ཡང་སློབ་ཕྲུག་ཁག་ཅིག་གྱི་བོད་ཀྱི་རྒྱལ་དར་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་དར་གྱོན་པ། དེ་བཞིན་རས་གཞི་སེར་པོའི་སྟེང་དུ་བོད་རང་བཙན་དང་། བོད་སྐྱོབ་ཅེས་འཁོད་པའི་ཆས་གོས་སྤྲས་འདུག་པ་མ་ཟད། ཕྱག་ལ་བོད་ཀྱི་རྒྱལ་དར་དང་བོད་ཀྱི་རང་དབང་ནི་རྒྱ་གར་གི་བདེ་འཇགས་ཡིན་ཟེར་བ་དང་། བོད་མི་ཚོ་ལོངས་ཤོག དེ་བཞིན་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་བོད་ནང་མི་གསོད་ཁྲག་སྦྱོར་དང་སྡུག་སྦྱོང་མནར་གཅོད་གཏང་རྒྱུ་མཚམས་དགོས་ཞེས་པའི་འབོད་ཚིགས་འཁོད་པའི་སྦྱར་ཡིག་བསྣམས་ཏེ་ཞལ་ནས་ཚོར་ཤུགས་ཆེན་པོའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག འདི་ག་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་བྷ་རོ་ཊ་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་ཡེ་ཤེས་ལགས་སུ་ལས་འགུལ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་སྐབས། ཚོགས་གཙོ་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་རྒྱ་གར་གྱི་ Holi དང་དུས་ཚོད་གཅིག་མཚུངས་སུ་འཁེལ་གྱི་ཡོད་སྟབས། ལས་འགུལ་དེ་བཞིན་སྔ་སྣུར་བྱས་པ་ཡིན་སྐོར་གྱི་ངོ་སྤྲོད་གནང་སོང་། དེ་བཞིན་ཁ་སང་ཕྱི་ཚེས་ ༨ ཉིན་དབྱིན་ཡུལ་གྱི་ཁྱབ་ཁོངས་ Scotland གྱི་ནང་དུའང་བོད་རིགས་གཙོས་ཁུལ་དེའི་མི་རིགས་མང་དག་ཅིག་གི་མཉམ་ཞུགས་ཀྱི་ཐོག་ནས་མི་ལོ་ ༦༡ འཁོར་བའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་དྲན་གསོ་གནང་འདུག་པ་དང་། སྐབས་དེར་ཕྱི་གླིང་བ་ཚོས་བོད་ཀྱི་ཕྱུ་པ་སྤྲས་ནས་བོད་ཀྱི་རྒྱལ་དར་བསྣམས་པ་དང་ཕྱག་ལ་ཁྱེར་བ། དེ་བཞིན་ཁོང་རྣམ་པའི་ཕྱག་ལ་བོད་མི་སྐྱིད་སྡུག་མཉམ་མྱོང་དང་། བོད་ལ་རང་དབང་དགོས། དབྱིན་ཡུལ་གྱི་མི་རིགས་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སླད་དུ་ལངས་དགོས་ཞེས་འཁོད་པའི་སྦྱར་ཡིག་བསྣམས་པའང་མངོན་རྒྱུ་འདུག་པ་མ་ཟད། ཡང་ཕྱི་ཚེས་ ༨ ཉིན་ཐེ་ཝན་གྱི་ཁུལ་དུའང་བོད་མི་བཅུ་ཕྲག་ཁ་ཤས་ཤིག་གིས་ཕྱག་ལ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བསྣམས་ནས་ཞལ་ལ་བོད་ཀྱི་རྒྱལ་དར་འཁོད་པའི་ཁ་རས་གྱོན་ཏེ་༸གོང་ས་མཆོག་ཐུགས་རྗེ་ཆེ་ཞེས་པའི་འབོད་ཚིག་དང་། ཞི་བདེ་བདེ་ངོ་མ་ནི་སེམས་ཀྱི་ཞི་བདེ་དེ་ཡིན་པ་དང་། སྙིང་རྗེ་ནི་སེམས་ཀྱི་གཞི་རྩ་རེད་ཟེར་བའི་འབོད་ཚིག་སོགས་འཁོད་པའི་སྦྱར་ཡིག་བསྣམས་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག རྩ་བའི་དེང་སྐབས་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམ་ནད་ཀྱིས་རྐྱེན་པའི་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་་རིམས་ནད་སྔོན་འགོག་གི་ཆེད་དུ་གལ་ཆེའི་ཚོགས་འདུ་ཁག་དུས་ཚོད་ངེས་མེད་བར་ཕྱིར་བཤོལ་གནང་བཞིན་ཡོད་ནའང་། ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཆེས་གལ་ཆེ་བའི་ཉིན་མོ་ཞིག་ཡིན་སྟབས། སྔོན་གྱི་འཆར་གཞི་ལྟར་བཞུགས་སྒར་ཁུལ་དུ་གཞུང་འབྲེལ་མཛད་སྒོ་ཚོགས་གཏན་འཁེལ་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་མ་ཟད། བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་གནས་ཀྱི་གནས་བབ་དང་། ས་གནས་གཞུང་གི་ལམ་སྟོན་འོག་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདག་གཅེས་དང་སྔོན་འགོག་གི་ཐབས་ལམ་སྤྱད་པའི་སྒོ་ནས་སྲུང་བརྩི་ཞུ་དགོས་པ་གསུངས་ཡོད་པ་ལྟར། དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་གི་ནང་དུའང་ཚ་ཚ་འུར་འུར་གྱི་སྒོ་ནས་ཏོག་དབྱིབས་རིམས་ནད་དེ་ཁྱབ་བརྡལ་འགྲོ་བཞིན་པར་ལྟོས་མེད་བོད་མི་ཚོས་ནད་ཡམས་དེའི་སྔོན་འགོག་བྱས་པའི་སྒོ་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག་པ་མ་ཟད། བཙན་བྱོལ་བོད་མི་གནས་སྡོད་བྱ་སའི་ས་གནས་ཁག་གི་ཚོགས་པ་སྐྱིད་སྡུག་ནས་ཀྱང་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༡པ་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཚོགས་པ།

ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ཞི་རྒོལ་རྔམ་སྟོན་གནང་བ་དང་། སྐབས་དེར་རྒྱ་གཞུང་གིས་ལྷ་ས་ཕྱོགས་བཞི་མཚམས་བརྒྱད་དུ་དྲག་པོའི་བཀག་རྒྱ་བཏང་སྟེ་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་དྲག་གནོན་ལག་བསྟར་གྱིས་བོད་མི་མང་པོ་ཚེ་སྲོག་ཤོར་བ་དང་བཙོན་འཇུག་བྱས་ཡོད་སྟབས།  བོད་མིའི་སྒྲིག་འཛུགས་ནས་དུས་ཚིགས་དེ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་། དེ་ཡང་ཁ་སང་ཆུ་ཚོད་ ༡༠ པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྲིད་ཞུ་ལས་བྱེད།  དེ་བཞིན་སང་ཉིན་གསུམ་ཅུའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Frantisek Kopriva ལགས་དང་།  ལྕམ་སྐུ་ Dana Balcarova ལགས་བཅས་གཉིས་ནས་མཉམ་ཞུགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས།  ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་ཚོས་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་ཏེ།  རྒྱ་གཞུང་གིས་དྲག་པོའི་བཀའ་རྒྱ་བཏང་ནས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་།  སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་དང་ཆབས་ཅིག  ༨༩ སྔ་རོལ་དང་དེ་བཞིན་དེ་རྗེས་སུའང་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པས།  ད་རེས་ང་ཚོ་འདིར་འཛོམས་ནས་ད་བར་བོད་ཀྱི་རྩ་དོན་སླད་ལུས་སྲོག་བློས་གཏོང་གནང་མཁན་གྱི་བོད་མི་རྣམས་བོད་ཁ་བའི་ལྗོངས་སུ་བསྐྱར་དུ་འཁྲུངས་པ་དང་།  ལྷག་པར་དུ་བོད་མིའི་རྩ་དོན་སླད་མུ་མཐུད་སྐུ་ལས་བསྐྱོན་མཁན་ཞིག་བྱུང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་གཙོ་བོ་དེ་ཡིན་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་ནད་རིམས་དང་འབྲེལ།   རྒྱ་ནག་ནས་ད་ཆ་ཁྱབ་གདལ་དུ་བྱུང་བའི་ Covid  19 འམ་ཏོག་དབྱིབས་ནད་རིམས་དེ་ད་ཆ་བོད་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཁྱབ་གདལ་དུ་འགྲོ་བཞིན་ཡོད་སྟབས།  བོད་ནང་གི་བོད་མི་ཁག་གཅིག་ལ་ནད་རིམས་ཕོག་ཡོད་པ་གནས་ཚུལ་ཐོན་པ་བཞིན་ནད་རིམས་ཕོག་པའི་བོད་མི་དེ་དག་མྱུར་ནས་མྱུར་དུ་དྲག་སྐྱེད་བྱུང་བར་ཤོག་ཅེས་གསུངས་གནང་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་གཉིས་ནས་བོད་མིར་གདུང་སེམས་མཉམ་སྐྱེད་སླད་བཞུགས་སྒར་དུ་ཆེད་མངགས་ཕེབས་པར་བསྔགས་བརྗོད་དང་སྦྲགས།  ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དམ་པ་སྐུ་ཞབས་ Vaclav Havel མཆོག་ནས་༸གོང་ས་མཆོག་ཁུལ་དེར་ཐོག་མར་གདན་འདྲེན་ཞུས་པའི་སྐོར་དང་།  ལྷག་པར་དུ་རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པའི་སྐོར་སོགས་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་ཕྱི་ལོ་ ༡༩༨༩ ཟླ་བ་ ༣ པའི་ཚེས་ ༨ ཉིན་གྱི་ཞི་རྒོལ་སྐབས་རྐྱེན་འདས་སུ་ཕྱིན་པ་དང་།  བཙོན་འཇུག་བྱས་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་གཅེས་པ་དེ་དག་ལ་མྱ་ངན་གུས་འདུད་དང་།   གདུང་སེམས་མཉམ་སྐྱེད་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་པ་དང་།  འདི་ལོ་མཚོན་པ་ཡིན་ན་ ༨༩ དོན་རྐྱེན་བྱུང་ནས་མི་ལོ་ ༣༡ འཁོར་གྱི་ཡོད་པ་རེད།  འདྲ་པར། བོད་མིའི་སྒྲིག་འཛུགས།      

༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་བ།

རྡོར་སེམས་གཉིས་དང་འཇིགས་བྱེད། ༸རྒྱལ་བ་མི་འཁྲུག་པའི་ཆོ་ག་བཅས་གསུང་འདོན་ཐོག་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་སོང་། དེའང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་ལྟར། དེ་རིང་བོད་ཟླ་ ༡ ཚེས་ ༡༣ དང་ཕྱི་ཟླ་ ༣ ཚེས་ ༧ ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་དང་སྟབས་བསྟུན་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་ལ་ཆེད་དུ་བཅར་བའི་རྙིང་མའི་ཆོས་བརྒྱུད་ཀྱི་མ་དགོན་ཆེ་ཁག་དྲུག་ལས་སྔ་འགྱུར་རྙིང་མའི་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་དེ་བཞིན་མཁན་པོ་གཉིས། ༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག གནས་ཆུང་སྒྲ་དབྱངས་གླིང་གི་གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག རྙིང་མའི་སྤྱི་འཐུས་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་གཅིག དེ་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་གཅིག དེ་བཞིན་དད་ལྡན་མང་ཚོགས་ཁྱོན་ ༣༠༠ ལྷག་ཙམ་འདུ་འཛོམས་ཀྱིས་ཕྱག་ལ་མཇལ་དར་བསྣམས་པ་དང་། དེ་བཞིན་དུང་རྒྱ་གླིང་གིས་སྔོན་བསུས་ཏེ་སྔ་འགྱུར་རྙིང་མའི་དགོན་པ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དུ་སྐུ་གདུང་གདན་འདྲེན་གཟབ་རྒྱས་ཞུས་སོང་།སྐབས་དེར་ཤར་ཕྱོགས་སུ་འགྱུར་རྙིང་མའི་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དང་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡོར་སེམས་ཀྱི་ཆོ་ག་དང་། ལྷོ་ཕྱོགས་སུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག ནུབ་ཕྱོགས་སུ་༸དཔལ་བཀའ་བརྒྱུད་ཀྱི་རྒྱ་ར་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸རྒྱལ་བ་མི་འཁྲུག་པའི་ཆོ་ག དེ་བཞིན་བྱང་ཕྱོགས་སུ་༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོགདབུ་བཞུགས་ཐོག་རྡོར་སེམས་ཀྱི་ཆོ་ག་བཅས་གསུང་འདོན་གནང་ཡོད་པ་རེད།རླུང་འཕྲིན་ཁང་གི་གསར་འགོད་པས་དེ་རིང་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་དང་འབྲེལ་ཏེ། རིན་པོ་ཆེ་དམ་༸གང་ཉིད་ཀྱི་གདུང་སྲས་རྒན་པ་ཨ་བན་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སྐུ་གདུང་ཞུགས་འབུལ་གནང་གྲུབ་པའི་རྗེས་སུ་གང་གནང་འཆར་ཡོད་པ་སོགས་ཀྱི་ཐོག་ལ་བཀའ་འདྲི་ཁག་གཅིག་ཞུས་ཡོད།གཞི་རྩའི་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནི་བོད་ཆོལ་གསུམ་ལས་མདོ་ཁམས་ཁོངས་གཏོགས་ལི་ཐང་དུ་ཕྱི་ལོ་ ༡༩༢༨ ཟླ་ ༡༢ ཚེས་ ༢༩ ཉིན་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་བཙན་བྱོལ་དུ་ཕེབས་ཡོད་པ་རེད། ཕྱི་ལོ་ ༡༩༦༡ ཙམ་ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་སྲི་ཞུ་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ལྷག་པར་དུ་རིན་པོ་ཆེ་དམ་པ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པོར་ལུགས་གཉིས་ཀྱི་ཐོག་ནས་བསྟན་སྲིད་སྤྱིའི་སླད་དུ་མཛད་བཟང་དུ་མ་བསྐྱངས་མྱོང་ཡོད་པ་རེད།

གསུམ་བཅུའི་དུས་དྲན་ཉིན་གཞུང་གི་ཁྲིམས་སྒྲིག་ལས་འགལ་བའི་ལས་འགུལ་མི་སྤེལ་བའི་འབོད་སྐུལ།

འདི་ལོའི་ཟླ་ ༣ ཚེས་ ༡༠ ཉིན་མོ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ནས་རྒྱ་དམར་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་མི་ལོ་ ༦༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར། བལ་ཡུལ་ཀཐ་མན་གྲུ་བོད་མིའི་བདེ་དོན་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་ནས་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པར་བརྟེན། ཁུལ་དེར་གནས་བཞུགས་རང་རེའི་བོད་མི་རྣམས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་ལས་འགུལ་རིགས་མི་སྤེལ་བར་གཞེན་སྐུལ་གནང་འདུག གཞི་རྩའི་བལ་ཡུལ་ནང་རྒྱ་ནག་གིས་གནོན་ཤུགས་སྤྲོད་རྐྱེན་བལ་ཡུལ་གཞུང་ནས་ལོ་ལྟར་འཆར་ཅན་ཁུལ་དེར་གནས་བཞུགས་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུར་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་ལྟར། ཉེ་ལམ་བལ་ཡུལ་ཀཐ་མན་གྲུ་བོད་མིའི་བདེ་དོན་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བར་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཁུལ་དེར་གནས་བཞུགས་རང་རེའི་བོད་མི་རྣམས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་ལས་འགུལ་རིགས་མི་སྤེལ་བར་གཞེན་སྐུལ་གནང་འདུག་པ་དང་ཆབས་ཅིག དུས་དྲན་གྱི་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་སོགས་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབ་གནང་འདུག རླུང་འཕྲིན་ཁང་ནས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་འབོད་སྐུལ་དེ་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་སྟངས་ལ་བརྟེན་ནས་འབོད་སྐུལ་གནང་བ་ཅིག་ཡིན་སྐོར་གསུངས་སོང་། གཞན་ཡང་འདི་ལོའི་ཕྱི་ཟླ་དང་པོའི་ནང་བལ་ཡུལ་དང་རྒྱ་ནག་གཉིས་དབར་གསང་བའི་གྲོས་མཐུན་འདྲ་མིན་ ༢༠ བཞག་ཡོད་པ་དང་། གྲོས་མཐུན་དེའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་འཛུལ་མཁན་རྣམས་རྒྱལ་ཁབ་སོ་སོའི་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱ་གཏན་འཁེལ་བ་འཁོད་ཡོད་པ་དང་། གལ་ཏེ་གྲོས་མཐུན་དེ་དངོས་སུ་ལག་བསྟར་གནང་ཚེ་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཕེབས་མཁན་བོད་མི་ཚོ་ཉིན་གྲངས་བདུན་ནང་ཚུད་རྒྱ་ནག་ལ་ཕྱིར་ལོག་བྱེད་ཉེན་ཡོད་སྟབས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་ཆ་གྲོས་མཐུན་དེ་དངོས་ཡོད་ལག་བསྟར་མི་གནང་བར་ཞུ་སྐུལ་གནང་མུས་ཡིན་པ་གསུངས་ཡོད།

གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་དགོས།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གནང་སྟེ་ཚེ་དབང་དངོས་གྲུབ་ལགས་ཀྱིས་དངོས་སུ་ལས་འཁུར་བཞེས་འདུགབོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་བགྲེས་ཡོལ་དུ་ཕེབས་པ་དང་ལྷན་དུ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་བ་ལྟར་ལས་འཁུར་ཞུས་འདུགགསར་འགོད་པས་ཁོང་ལ་ཚོགས་དྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ཆེ་ཤོས་ཀྱི་ཐོག་ལ་བཀའ་འདྲི་ཞུས་པར་འཛིན་སྐྱོང་གི་ཕྱག་ལས་སྤྱི་དང་རྩོམ་སྒྲིག རྩིས་ཞིབ། དེ་བཞིན་ལོ་འཁོར་གྱི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་ལ་མཐུན་འགྱུར་གནང་ཕྱོགས་སོགས་ངོ་སྤྲོད་གནང་སོང་། ཁོང་གིས་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཕལ་མོ་ཆེ་གཞོན་སྐྱེས་ཆགས་ཡོད་པ་དང་། གཞོན་སྐྱེས་རྣམས་ཀྱིས་རང་གི་ལྷག་བསམ་དང་འཇོན་ཐང་གཞིར་བཞག་གིས་མ་མཐའ་ཡང་ལོ་ངོ་བཅུ་ཙམ་ལ་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་དགོས་པའི་འབོད་སྐུལ་གནང་ཡོད། རྩ་བའི་ཚོགས་དྲུང་གསར་པ་ཚེ་དབང་དངོས་གྲུབ་ལགས་ནི་ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་འཁྲུངས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་བྱུང་། དེ་ནས་བཟུང་ད་བར་ལོ་སུམ་ཅུ་ཙམ་རིང་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། དྷ་ས་བདེ་དོན་ལས་ཁུངས་ཀྱི་ལས་དྲུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཤེས་རིག་ལས་ཁུངས་ཀྱི་རྩིས་ཁང་འགན་འཛིན། སྦེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན། ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་བཅས་ཀྱི་ཕྱག་ལས་གནང་ཡོད་པ་རེད།

Latest news