Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་གཅེས་པ་བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས། བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པའི་བཀྲ་ཤིས་སྐྱིད་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་ཁ་སང་གདོང་དྲོ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག དེ་རིང་བོད་ཀྱི་དུས་བབ་གསར་ཁང་ནས་དེ་དོན་གནས་ཚུལ་སྤེལ་བར་གཞིགས་ན། བཀྲི་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་རིང་པོ་མ་སོང་བར་ཡུལ་མི་ཚོས་མཐོང་སྟེ། ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་ཞུས་ཀྱང་། བོད་ནང་གི་ཐོ་རེངས་ཆུ་ཚོད་ ༣ པ་ཡས་མས་སུ་སྐུ་གྲོངས་ཡོད་པ་རེད་འདུག དེ་རིང་ཞོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་མང་པོ་ས་གནས་སུ་སླེབས་ནས་རྒྱལ་གཅེས་པ་དེ་ཉིད་ཀྱི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་རེད་འདུག རྒྱལ་གཅེས་པ་བཀྲིས་སྐྱིད་ལགས་དམ་པ་དེ་ཉིད་ནི་ལོ་འདིའི་ནང་གི་རང་ལུས་མེར་སྲེག་གནང་མཁན་བདུན་པ་དེ་ཡིན་པ་དང། ཕྱི་ལོ་༢༠༠༩ནས་ད་བར་གཞིས་ལུས་བོད་མི་༡༤༢ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་ཡོད་པ་རེད། ད་ལྟའི་སྐབས་སུ་གནས་ཚུལ་དེ་ཙམ་ལས་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་མེད།

བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་དྲུག་པའི་ནང་དོན་ལ་གཞིགས་ན་སྐབས་སྔ་མའི་སྲིད་བྱུས་ཁག་ལམ་ལྷོང་བྱུང་མེད་ཚོད་གསུངས་འདུག

བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi ལགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་དྲུག་པའི་ནང་དོན་ལ་གཞིགས་ན་སྐབས་སྔ་མའི་ཚོགས་འདུའི་སྲིད་བྱུས་ཁག་ལམ་ལྷོང་བྱུང་མེད་པར་ངོས་འཛིན་གནང་འདུག ཉེ་ཆར་ཟླ་ ༨ ཕྱི་ཚེས་ ༢༣ དང་ ༢༤ བཅས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཚོགས་པའི་རྒྱ་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi ལགས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བ་དེའི་ནང་དོན་ལ་གཞིགས་ན། ཁོང་གིས་དཔྱད་བརྗོད་དེའི་ཐོག་མར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུའི་གྲུབ་ཆའི་སྐོར་དང་འབྲེལ། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དབུ་བཞུགས་ཐོག་སྲིད་བློན་ལི་ཁེ་ཆང་སོགས་དབུས་ཆབ་སྲིད་ལྷན་ཁང་གི་འགོ་གཙོ་ཁག་ཕེབས་ཡོད་པ་གསལ་སྟོན་དང། ས་གནས་ཀྱི་ཆ་ནས་འབྲེལ་ཡོད་བོད་རང་སྐྱོང་ལྗོངས་དང།སི་ཁྲོན་དང་ཡུན་ནན། ཀན་སུའུ་དང་མཚོ་སྔོན་བཅས་ཞིང་ཆེན་བཞི་ཡི་དཔོན་རིགས་ཁག་ཅིག་སོགས་ཕེབས་ཡོད་པའི་སྐོར་གསུངས་འདུག ལྷག་དོན་ཁོང་གིས་དཔྱད་བརྗོད་དེའི་ནང་སྲིད་འཛིན་ཞི་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱི་གཏམ་བཤད་ཁག་ཅིག་ལུང་འདྲེན་ཞུས་ནས་གཏམ་བཤད་དེ་དག་བོད་དང་རྒྱ་གར་གཉིས་ལ་མཚམས་མིན་དང་ཉེན་ཁ་ཆགས་ཚུལ་སྐོར་ལ་གསུངས་གནང་འདུག ད་དུང་ཁོང་གིས་བོད་ཀྱི་ལས་དོན་ཚོགས་འདུ་དེའི་ཐོག་སྲིད་འཛིན་ཞི་ཡིས་བློ་བརྟན་འགྱུར་མེད་སྒོ་ནས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོ་ནས་དམངས་ཀྱི་འཚོ་བའི་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཚོན། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཚུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་གསུངས་ཡོད་པ་དེས། རྒྱ་ནག་གཞུང་གིས་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་ཟེར་ཡང་། ས་གནས་ས་ཐོག་གི་མང་ཚོགས་རྣམས་དབུལ་ཞིང་ཕོང་ནས་མུ་མཐུད་འཚོ་བའི་དཀའ་ངལ་འཕྲད་མུས་ཡིན་པའི་ཁས་ལེན་གསལ་པོ་ཞིག་ཆགས་ཀྱི་ཡོད་པ་དང། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཚུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཞེས་བརྗོད་ནས། ཞིང་འབྲོག་མང་ཚོགས་རྣམས་གྲོང་ཁྱེར་དུ་སྤོ་གཞུག་བྱེད་བཅུག་པའི་སྲིད་བྱུས་དེ་དོན་དངོས་ཕུགས་ལ་མང་ཚོགས་ཀྱི་ཕན་ཐོགས་ཤིག་གྱུར་མིན་དྲི་བ་ཞིག་ཡིན་པར་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Claude Arpiལགས་ཀྱིས་ཞི་ཅིང་ཕིང་གི་ཚོགས་འདུའི་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། དེ་བཞིན་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིེས་ཏེ། བློ་བརྟན་གྱུར་མེད་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་དང་རྡུང་རྡེག་ཚ་ནན་བྱེད་པའི་འཐབ་རྩོད་སྤེལ་དགོས་སྐོར་གསུང་ཡོད་པ་དེ་ཡིས། རྒྱ་ནག་གཞུང་དེ་ད་དུང་འཇིགས་དངངས་འོག་ཡོད་པ་དང། འདས་པའི་ལོ་ངོ་ ༦༠ རིང་བརྟན་ལྷིང་སྐྲུན་ཐུབ་མེད་པའི་དངོས་གནས་ར་ཕྲོད་ཀྱི་ཡོད་པ་མ་ཟད། དེ་བཞིན་ཁ་བྲལ་ལ་འགོག་རྒོལ་བྱ་རྒྱུའི་བཀའ་མོལ་སོགས་ནས། སྐབས་སྔ་མའི་བོད་སྐོར་གྱི་ལས་དོན་ཚོགས་འདུའི་སྲིད་བྱུས་ཁག་ལམ་ལྷོང་མ་བྱུང་བ་གསལ་པོ་ཆགས་སྐོར་གསུངས་འདུག དེ་བས་ཀྱང་ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་དེ་སྔ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་དོན་རྐྱེན་དེ་ནི་མང་ཚོགས་ནས་རྒྱ་གཞུང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་ལ་ངོས་ལེན་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད་པ་སོགས་གསུངས་འདུག རྩ་བའི་ཁོང་གི་དཔྱད་བརྗོད་དེའི་ནང་གཞན་ཡང་རྒྱ་ནག་གཞུང་གི་ཡར་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་ཁོངས་བོད་ནང་གནམ་ཐང་དང་གཞུང་ལམ། མེ་འཁོར་ལྕགས་ལམ་དང་ཆུ་མཛོད་ཆུ་རག་སོགས་རྒྱག་གི་ཡོད་པ་དེ་ནི་རྒྱ་གར་ལ་སེམས་ཁྲེལ་སྐྱེས་གཞི་ཞིག་ཀྱང་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག

རྡ་རྨ་ས་ལ་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁོངས་སུ་འདེམས་པ།

རྡ་རམ་ས་ལ་དེ་བཞིན་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་ (Smart City) འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་རེད། ཟླ་ ༨ ཕྱི་ཚེས་ ༢༧ ཉིན་རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་ལས་ཁང་བློན་ཆེན་ Venkaiah Naidu ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ནང་ནས་ Smart City དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་སྤེལ་ཡུལ་ས་གནས་ཁག་ ༡༠༠ མིང་ཡོངས་གྲགས་བྱས་འདུག ཐོ་གཞུང་དེའི་ནང་ཧི་མཱ་ཅལ་མངའ་ཁོངས་ནས་དྷ་རྨ་ས་ལ་ས་གནས་གཅིག་བུ་འདེམས་ཐོན་བྱུང་འདུག ད་རེས་རྒྱ་གར་དབུས་གཞུང་གི་དེང་དུས་ཅན་གྱི་གྲོང་ཁྱེར་ཞེས་པའི་འཛུགས་སྐྲུན་ཀྱི་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི། རྡ་རམ་ས་ལ་དེ་བཞིན་དེང་དུས་དང་མཐུན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་འཆར་ཞིག་རེད་འདུག ལས་གཞི་དེ་བརྒྱུད་ནས་ས་གནས་མང་ཚོགས་ཀྱི་འཐུང་ཆུ་ཡར་རྒྱས་དང། དྲ་ཐོག་བརྒྱུད་ལམ་ཁག་ཡར་རྒྱས་དང། མོ་ཊ་འཇོག་སའི་ས་མཁྱོན་རྒྱ་ཆེ་རུ་གཏོང་རྒྱུ་དང། དེ་བཞིན་གཞུང་ལམ་རྒྱ་སྐྱེད་གཏོང་རྒྱུ་སོགས་ལས་གཞི་མང་པོ་ཞིག་ཡོད་པར་བརྟེན་ད་ལན་དྷ་རྨ་ས་ལའི་འཛུགས་སྐྲུན་ལས་གཞིའི་དེའི་ཆེད་རྒྱ་གར་དབུས་གཞུང་ནས་ཧིན་སྒོར་ཐེར་འབུམ་ལྔ་གནང་རྒྱུ་རེད་འདུག

རྒྱ་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐད་གནོན་ཤུགས་སྤྲོད་དགོས་པའི་སྐུལ་ཞུས་པ།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་དང་ས་གནས་བོད་རིགས་ཁག་ཅིག་ནས་ཨ་རི་ནང་ཡོད་གྲོས་ཚོགས་འཐུས་མི་དང་ལྷན་མཇལ་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་གཙོས་པའི་བོད་དོན་ཞུ་གཏུགས་གནང་འདུག ཟླ་ ༨ ཕྱི་ཚེས་ ༢༧ ཉིན་ཨ་རིའི་བྷོ་སི་ཊོན་ (Boston) ཁུལ་དུ་ཡོད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲེས་མཐོང་ལྷ་སྒྲོན་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི། དེ་བཞིན་ས་གནས་བོད་རིགས་བཅས་ཁྱོན་མི་ལྔས་བྷོ་སི་ཊོན་ནང་རྟེན་གཞི་བྱས་པའི་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Elizabeth Warren ལགས་དང་ Ed Markey གཉིས་ཀྱི་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་དང་།ལྷག་དོན་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་མུས་ཡིན་པ་སོགས་མངོན་གསལ་གནང་འདུག་པ་མ་ཟད། རིན་པོ་ཆེའི་གནད་དོན་ཐད་རྒྱལ་སྤྱིའི་རང་དབང་བདེན་པའི་རྟོག་ཞིབ་ཡོང་བར་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཞི་ཅིང་ཕིང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གྱི་རེ་བཏོན་ཞུས་འདུག རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེ་ཡའི་ངེས་སྟོན་པ་རྡེ་རྗེ་ཚེ་བརྟན་ལགས་ཀྱིས་གསུང་དོན་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་རིགས་རྣམས་ནས་རིན་པོ་ཆེའི་གནད་དོན་ཐད་ཨ་རིའི་བྷོ་སི་ཊོན་ཙམ་དུ་མ་ཟད། ཉེ་ཆར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིང་ཊོན། དེ་བཞིན་མངའ་སྡེ་ Minnesota སོགས་ས་གནས་དང་མངའ་སྡེ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་ཆེད་མཇལ་ཐོག་བོད་དོན་ཞུ་འབོད་གནང་པར།  གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་ད་ལན་རིན་པོ་ཆེའི་གནད་དོན་དེ་བརྒྱུདནས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་གསལ་སྟོན་བྱས་ཀྱི་ཡོད་སྐོར་གསུངས་པ་དང་། སྟབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྩིས་མེད་རྡོག་རོལ་བཏང་བཞིན་པར་དམིགས་བསལ་ཐུགས་འགན་བཞེས་ཏེ་རྒྱ་གཞུང་ལ་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་དུས་ལ་འབབ་ཡོད་སྐོར་ནན་བརྗོད་གནང་འདུག གཞི་རྩའི་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་སྐུ་བཀྲོངས་པའི་གནད་དོན་དེ་བྱུང་རྗེས། ད་བར་བཙན་བྱོལ་དང་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བོད་རིགས་མང་ཚོགས་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་གཏུགས་དང་ཞི་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་མུས་ཁར། དེ་རིང་དྷ་ས་བཞུགས་སྒར་ཉེ་འཁྲིས་སྦིར་བོད་མའི་གཞིས་སྒར་དུ་བོད་ཚོགས་དང་། ནང་ཆེན། དེ་བཞིན་སྡེ་དགེ་བཅས་གཞིས་ཆགས་གསུམ་གྱིས་གོ་སྒྲིག་འོག་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་ལྷན་བགས་གནང་ཐོག་ཟླ་འདིའི་ཚེས་ ༣༠ སྟེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་སྔ་རོལ་དང་བསྟུན། མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་སྐོར་ཅོཎ་ཏཱ་རཱ་ས་གནས་འགོ་འཛིན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་སོང།

ཆབ་སྲིད་བཙོན་པ་དོན་འགྲུབ་ལགས་ཀྱི་སྐུ་གཟུཊ་གནས་སྟངས་ཤིན་ཏུ་ཞན་པོ་ཆགས་འདུག

སྤྱི་ལོ་ ༢༠༡༢ ལོའི་ ༡༢ ཚེས་ ༣ ཉིན་བོད་མགོ་ལོག་ཞིང་ཆེན་པདྨ་རྫོང་ཐོག་ཏུ་དགེ་འདུན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ཞི་རྒོལ་སླད་རང་ལུས་མེར་བསྲེགས་གནང་སྟེ་ཁོང་སྐུ་འདས་གྲོངས་སུ་གྱུར་མ་ཐག ཁོང་གི་སྐུ་ཕུང་རྒྱ་གཞུང་ལག་ཏུ་མ་ཤོར་བར་རང་ཁྱིམ་དུ་གདན་འདྲེན་ཞུ་མཁན་གཙོ་གྲས་དགེ་འདུན་པ་ཝ་ཞུ་དོན་འགྲུབ་ལགས་ཡིན་སྟབས། རྒྱ་གཞུང་གིས་ཝ་ཞུ་དོན་གྲུབ་ལགས་མི་ལོ་བཅུ་ལྷག་བཙོན་འཇུག་འོག་ད་བར་མཚོ་སྔོན་ཟི་ལིང་མཐའ་ཉེ་དུ་ཡོད་པའི་ཤར་ཕྱོགས་བཙོན་ཁང་ཞིག་ཏུ་བཙོན་འཇུག་ཁྲིམས་ཐག་གཅད་ཡོད་པ་རེད་འདུག ཁོང་གི་ནང་མི་ཉེ་འབྲེལ་རྣམས་བཙོན་ཁང་དུ་ཁོང་དང་ཐུག་འཕྲད་ཆེད་སྐྱོད་སྐབས་རྒྱ་གཞུང་གིས་ཁོང་གི་རྐང་པ་རྨས་སྐྱོན་བཟོས་པ་དང་དེ་བས་ཁོང་གི་གཟུགས་གཞི་གནས་སྟངས་ཤིན་ཏུ་ཞན་པོ་ཆགས་ཡོད་པ་དངོས་སུ་མཐོང་རྒྱུ་བྱུང་འདུག ད་ལྟའི་ཆར་ཁོང་གི་ནང་མི་ཉེ་འབྲེལ་ཚོས་བློ་འཚབ་ཆེན་པོ་ངང་དྲང་བདེན་ལ་དགའ་བའི་འཛམ་གླིང་རྒྱལ་ཁབ་ཁག་དང་ཚོགས་སྐྱིད་སོགས་ནས་ཁོང་སྨན་བཅོས་ཆེད་གློད་བཀྲོལ་ཐུབ་པའི་རོགས་སྐྱོར་གནང་པའི་རེ་འདུན་དང་དེ་ལྟར་མ་བྱུང་ནའང་བཙོན་འཇུག་གི་དུས་བཀག་ཉུང་དུ་གཏོང་ཐུབ་པའི་འབད་བརྩོན་གནང་རོགས་ཞེས་ཞུ་སྐུལ་གནང་མུས་རེད་འདུག རྩ་བའི་ཝ་ཞུ་དོན་འགྲུབ་ལགས་ཀྱི་རང་ཁྱིམ་དུ་ཁོང་གི་བཟའ་ཟླ་དང་བོུ་གཉིས། དེ་བཞིན་ཁོང་གི་ཕ་མ་གཉིས་ལོ་ན་བརྒྱད་ཅུ་རྒས་ཡོད་སྟབས། བཙོན་འཇུག་དུས་བཀག་ལྟར་ན་བཙོན་གྲོལ་ཡོང་བར་ད་དུང་ལོ་བདུན་ལྷག་པས་ཁོང་གི་ཕ་མ་གཉིས་དང་ཐུག་འཕྲད་དཀའ་བའི་གནས་སྟངས་ཆགས་ཡོད་པ་དང། ཁོང་ཐོག་མར་བཙོན་འཇུག་གནང་སྐབས་ལོ་ན་ ༥༦ སོན་པ་དང་ད་ཆ་ ༦༠ ཙམ་ཟིན་གྱི་ཡོད་འདུག  

རྒྱ་གཞུང་གིས་གསར་འགོད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་ལ་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ནས་སྐྱོན་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་བཀོད་ཁྱབ་བཏང་ནས་དམ་བསྒྲགས་དང་སྟངས་འཛིན་མུ་མཐུད་བྱེད་བཞིན་པའི་ཐད་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ (The International Federation of Journalists ) ཀྱིས་སྐྱོན་བརྗོད་གནང་འདུག ཟླ་འདིའི་ཕྱི་ཚེས་ ༢༠ དང་། ༢༣ སོ་སོར་རྒྱ་གཞུང་གི་དྲ་རྒྱ་དང་དྲིལ་བསྒྲགས་ཚན་པས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ནང་གི་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ལ་ལམ་སྟོན་བཀོད་ཁྱབ་སྔ་རྗེས་བཏང་སྟེ། ཟླ་འདིའི་ཚེས་ ༢༣ ནས་ཟླ་བ་རྗེས་མའི་ཚེས་ ༥ བར་རྒྱལ་ནང་དུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ ༧༠ འཁོར་བ་དང་དེ་བཞིན་དེ་སྔ་རྒྱ་ནག་གིས་ཉི་ཧོང་གི་དམག་འཁྲུག་ལ་གདོང་ལེན་བྱེད་པའི་དུས་ཚིགས་སྲུང་བརྩི་ཞུ་གྱི་ཡོད་སྟབས། སྐབས་དེར་རྒྱལ་ནང་གི་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ནས་པར་རིགས་དང་གནས་ཚུལ་གང་བཏང་ཡང་བཟང་ཕྱོགས་ཤ་སྟག་གཏོང་དགོས་པ་བཤད་ནས་བརྒྱུད་ལམ་ཁག་གི་རང་དབང་ལ་རྡོག་རོལ་བཏང་བར་བརྟེན། འཛམ་གླིང་རྒྱལ་ཁབ་༡༣༤ ཡི་གསར་འགོད་པ་འབུམ་དྲུག་ལས་བསྡུས་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ནས་རྒྱ་གཞུང་ལ་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་ལ་ཐུགས་འཚབ་དང་འབྲེལ། འདི་ལོ་ནི་རྒྱ་ནག་གཞུང་ནས་བརྒྱུད་ལམ་ཁག་ལ་ལམ་སྟོན་བཀོད་ཁྱབ་ཇེ་མང་སྤེལ་བཞིན་པའི་ཁར། གནས་ཚུལ་བཀག་སྡོམ་དང་གསར་ཁང་ཁག་འབུར་འཇོམས་གཏོང་མུས་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཅེས་དང།རྒྱ་གཞུང་གིས་བཀོད་ཁྱབ་ཡིན་ཟེར་ནས་བཏང་ཞག་པ་དེ་དག་ནི་མི་མང་གི་གནས་ཚུལ་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་རང་དབང་ལ་རྡོག་རོལ་དང་ལྷག་པར་དུ་སྨྲ་བརྗོད་རང་དབང་དང་འགལ་གྱི་ཡོད་པ་གསུངས་འདུག རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་སྤེལ་བའི་བསྒྲགས་གཏམ་དེའི་ནང་ Hong Kong ནང་རྟེན་གཞི་བྱས་པའི་ Ming Pao གསར་ཁང་གིས་རྒྱ་གཞུང་གི་ལམ་སྟོན་བཀོད་ཁྱབ་དེའི་སྐོར་འགྲེལ་བརྗོད་གནང་དོན་ལ། ཟླ་འདིའི་ཚེས་ ༢༣ ནས་ཟླ་བ་རྗེས་མའི་ཚེས་ ༥ བར་རྒྱལ་ནང་དུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ ༧༠ འཁོར་བ་དང་། དེ་བཞིན་དེ་སྔ་རྒྱ་ནག་གིས་ཉི་ཧོང་གི་དམག་འཁྲུག་ལ་གདོང་ལེན་བྱེད་པའི་དུས་ཚིགས་སྲུང་བརྩི་ཞུ་སྐབས། རྒྱལ་དོན་དམག་གི་སྐོར་ཐོག་སྐྱོན་བརྗོད་དང་གནས་ཚུལ་ཐབས་སྡུག དེ་བཞིན་དམའ་འབེབས་སོགས་བྱ་མི་རུང་ཞིང་། པར་རིགས་དང་གནས་ཚུལ་གང་བཏོན་ཡང་བཟང་ཕྱོགས་ཁོ་ན་ཡིན་དགོས་ཀྱི་ཡོད་པ་དང། ཁྱད་པར་དུ་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གི་སྲིད་བྱུས། དེ་བཞིན་འགོ་ཁྲིད་ཚོར་ཁ་བཏང་བའི་ཚིག་ངན་རིགས་དྲ་ཐོག་ཏུ་བཞག་མི་ཆོག་པའི་སྐོར་བཅས་གསུངས་འདུག ད་དུང་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་བསྒྲགས་གཏམ་དེའི་ཐོག་ནས་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ལ་དམ་བསྒྲགས་བྱེད་བཞིན་པའི་སྐོར་དང་འབྲེལ། རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ཚན་པས་ཟླ་འདིའི་ཚེས་ ༩ ཉིན་བཏང་པའི་གསལ་བསྒྲགས་ཤིག་གི་ཐོག་ཕྱི་ཟླ་ ༩ ནས་ལག་ཐོགས་ཁ་པར་གྱི་བྱང་བུ་ (Sim card ) ཉོ་མཚམས་རང་ཉིད་ཀྱི་ངོ་སྤྲོད་དཔང་ཡིག་ཚད་ལྡན་བསྟན་དགོས་སྐོར་སོགས་ཀྱི་གནས་ཚུལ་གསུངས་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཞི་ཅིང་ཕིང་དང་ཐུག་འཕྲད་བྱ་རྒྱུ་ཕྱིར་འཐེན་དགོས་པའི་ཞེན་སྐུལ་ཞུས་འདུག

༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་མི་ཁག་ཅིག་ནས་འོས་བསྡུའི་གཏམ་བཤད་ཀྱི་གོ་སྐབས་དང་བསྟུན། ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཁག་ཅིག་ལ་སྐྱོན་བརྗོད་གནང་པ་དང་སྦྲགས། རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཡོང་སྐབས་སུ་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཐུག་འཕྲད་གནང་རྒྱུ་གཙོས་པའི་འཚམས་འདྲིའི་གསོལ་སྟོན་ཁག་ངེས་པར་དུ་ཕྱིར་འཐེན་གནང་དགོས་ཀྱི་རེད་ཅེས་ཞེན་སྐུལ་ཞུས་ཡོད་པ་རེད། ཨ་རིའི་ Wisconsin མངའ་སྡེའི་སྤྱི་ཁྱབ་ལས་ཐོག་དང་། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་ Scott Walker ལགས་ནས་ཉེ་ལམ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མ་རྐང་ཁྲོམ་ར་དང་། དཔལ་འབྱོར་ཚོང་ར་། དེ་བཞིན་ཕྱི་ཚོང་སོགས་ཀྱི་ཐད་ལ་ཉམས་རྒུད་ཆེན་པོ་འཕྲད་བཞིན་པའི་མཚམས་དེར། རྒྱ་གཞུང་གིས་རྒྱ་སྒོར་གྱི་འཛའ་ཐང་དེ་གཡོ་བྱུས་ཐོག་ཨ་སྒོར་དང་འཛའ་མཉམ་པའི་གཅོག་ཆ་བྱས་སྟབས། རྒྱ་ནག་གི་དངོས་ཟོག་ཁག་མུ་མཐུད་ཨ་རིའི་ནང་གོང་ཚད་དམའ་བོའི་ཐོག་ཕྱི་ཚོང་བྱས་ཐུབ་པ་མ་ཟད་། ཨ་རིའི་བཟོ་ཚོང་ཁག་ལ་ཁེ་ཕན་འདྲ་མཉམ་མེད་པ་སོགས་ཀྱི་དཀའ་ངལ་བཟོས་པ་ཁག་ལུང་འགྲེན་གནང་པ་དང། སྟབས་ཅིག་སྲིད་འཛིན་ཨོ་བྷ་མ་ཆོག་ནས་རྒྱ་ནག་གི་སྲིད་འཛིན་ལ་ཕེབས་བསུ་དང་ཆེ་བསྟོད་གནང་རྒྱུ་ལས་རྒྱལ་ཁབ་གཉིས་དབར་འཕྲད་བཞིན་པའི་དཀའ་ཚེགས་དེ་དག་གི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པར་གསལ་བཤད་ནན་པོ་གནང་དགོས་པ་གསུངས་པ་མ་ཟད་། སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱ་གཞུང་གིས་ཡུལ་དེའི་ནང་གི་ཁྲིམམ་རྩོད་པ་དང་། ཞི་བརྒོལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་པ། དེ་བཞིན་གྲངས་ཉུང་མི་རིགས་གཙོས་པའི་རྒྱ་རིགས་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་གནད་དོན་དག་ལ་བརྟེན་ནས་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་ཕྱོགས་བསྐྱོད་བྱ་འཆར་ཡོད་པ་དེ་ཕྱིར་འཐེན་བྱ་བཅུག་དགོས་པའི་སྐུལ་མ་གནང་སོགས་གནང་འདུག གཞན་ཡང་ཨ་རིའི་མི་སེར་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བཞེངས་མཁན་སྐུ་ཞབས་Donald Trump ནས་རྒྱ་ནག་གིས་མུ་མཐུད་ཨ་རིའི་དཔལ་འབྱོར་དང་མི་སེར་རྣམས་ཀྱི་ལས་གནས་ཐོབ་ཐང་ཐད་ལ་གྱོང་རྒུད་སྟུན་མར་སྤྲད་བཞིན་པར་སྐྱོན་བརྗོད་དང་། གལ་ཏེ་ང་ཨ་རིའི་སྲིད་འཛིན་ཡིན་ན་རྒྱ་ནག་གི་སྲིད་འཛིན་ལ་འཚམས་འདྲིའི་གསོལ་སྟོན་སོགས་ནམ་ཡང་བཤམ་ས་མ་རེད་ཅེས་ཟུར་ཟའི་གསུང་བཤད་གནང་འདུག དེ་བཞིན་ཨ་རིའི་ Florida གྲོས་ཚོགས་གོང་མའི་ཚོགས་མི་དང་སྲིད་འཛིན་འོས་མི་སྐུ་ཞབས་ Marco Rubio ལགས་ནས་ཀྱང་རྒྱ་གཞུང་གིས་ཨ་རིའི་དཔལ་འབྱོར་གཙོས་པའི་རྒྱབ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་བཞིན་པའི་གནད་དོན་ཁག་ཅིག་གསལ་སྟོན་གནང་འདུག

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་ཏཱ་ལའི་རུ་ཚོགས་ཀྱི་དབུ་མའི་ལམ་ལ་ཁས་ལེན་མེད་སྐོར་བཤད་འདུག

བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོཊ་འདུ་ཐེངས་ ༦ གྲུབ་མཚམས་དེར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་དབུ་མའི་ལམ་དེ་ནམ་ཡང་ངོས་ལེན་གནང་གི་མ་རེད་ཅེས་བཤད་འདུག ཟླ་བ་ ༨ ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱ་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་པ་དྲུག་པ་མཇུག་སྒྲིལ་དང་བསྟུན། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་ཏཱ་ལའི་རུ་ཚོགས་ཀྱི་དབུ་མའི་ལམ་ནི་ཁ་བྲལ་བའི་ཆབ་སྲིད་ཀྱི་དགོས་འདུན་ཞིག་ཡིན་པར་སྐྱོན་བརྗོད་བྱེད་པ་དང་ཆབས་ཅིག དབུས་གཞུང་ནས་འདས་མ་འོངས་དང་ད་ལྟ་བཅས་སུ་དབུ་མའི་ལམ་དེ་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག ཟླ་བ ༨ ཕྱི་ཚེས་ ༢༤ དང། ༢༥ བཅས་ཉིན་གཉིས་རིང་པེ་ཅིང་དུ་ཚོགས་པའི་ཚོགས་འདུ་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་སྲིད་བློན་ལི་ཁེ་ཆང་གིས་གཙོས་པའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་འགོ་གཙོ་གཙོར་བོར་གྱུར་པའི་འབྲེལ་ཡོད་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན་དང་ཡུན་ནན་སོགས་ཞིང་ཆེན་བཞིའི་འགོ་ཁྲིད་སོགས་ཚོགས་འདུར་སླེབས་ཡོད་པ་རེད་འདུག བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་འདི་ལྟ་བུ་ནི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་དང། ཚོགས་འདུ་འདིའི་ཐོག་ནས་རྐང་རྒྱ་ནག་གཞུང་ནས་བོད་ཐོག་སྲིད་བྱུས་དང་ལས་འཆར་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་གི་ཡོད་པ་རེད། ད་ལན་གྱི་ཚོགས་འདུ་དེ་གྲུབ་རྗེས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་་ཁང་ནས་རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་ཐོག་དཔྱད་གཏམ་ཞིག་སྤེལ་ཏེ། རྒྱ་ནག་དབུས་གཞུང་གིས་མེས་རྒྱལ་ཁ་བྲལ་གཏོང་བའི་ཏཱ་ལའི་རུ་ཚོགས་ཀྱི་དབུ་མའི་ལམ་གྱི་དགོས་འདུན་དེ་ལ་དུས་ནམ་ཡང་ཁས་ལེན་བྱེད་ཀྱི་མ་རེད་ཅེས་དང། ཏཱ་ལའི་བླ་མས་ཚད་མཐོའི་རང་སྐྱོང་འོག་དབུས་གཞུང་གི་དབང་ཚད་མེད་པར་བཟོ་རྒྱུའི་རྒྱབ་འགལ་གྱི་ཐུགས་འདུན་དེ་ལ་རྩ་བ་ནས་ངོས་ལེན་མེད་སྐོར་བརྗོད་འདུག འོན་ཀྱང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་འཐབ་ཕྱོགས་གཅིག་གྱུར་ནས་གང་གསུང་པ་དེ་ནི་མང་ཚོགས་མགོ་སྐོར་གཏོང་ཆེད་ཀྱི་འཁྱོག་བཤད་ཅིག་ཡིན་པ་ལས་བོད་མིའི་ཕྱོགས་ནས་སྤྲད་པའི་བསམ་འཆར་ཡིག་ཆ་དེ་ནི་ཁ་བྲལ་མ་ཡིན་པར་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གང་དང་འགལ་མེད་མཐུན་པ་ཞིག་ཡིན་པར་གསུངས་སོང། ད་རེས་པེ་ཅིང་དུ་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་དེར་བོད་མི་གཙོ་བོར་གྱུར་པའི་ཕྱོགས་མང་པོ་ཞིག་ནས་ཞི་ཅིང་ཕིང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་དང་མངོན་གསལ་ཞིག་ཡོང་རྒྱུའི་རེ་སྒུག་གནང་གཞི་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱ་ནག་ཉམས་ཞིབ་པ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་དོན་ལ་ཞི་ཅིང་ཕིང་གིས་ཚོགས་འདུ་དེའི་སྐབས་ བོད་ཐོག་ནང་གི་དོན་སྙིང་ལས་ཕྱིའི་རྣམ་པ་དེ་གལ་ཆེར་བརྩི་བ་ཙམ་ལས་གསར་པ་གང་ཡང་ཐུགས་ཞིབ་བྱུང་མེད་སྐོར་གསུངས་སོང།  

ནང་ཆེན་ཆུ་སྨད་གྲོང་ཚོའི་ནང་རྔམ་སྟོན་ཁྲོམ་སྐོར་ཁྲོད་བོད་མི་ཅུ་ཙམ་འཛིན་བཟུང་བྱས་འདུག

བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་ཐོན་པའི་གནས་ཚུལ་ལྟར་ན།  དེ་རིང་ཕྱི་ཟླ་ ༨ ཚེས ༢༦ ཉིན་མཚོ་སྔོན་ཞིང་ཆེན་ཁོངས་སུ་དབྱེ་བའི་བོད་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་ནང། མང་ཚོགས་ཁག་གཅིག་གིས་ས་གནས་གཞུང་ལ་ཞུ་གཏུགས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང། རྒྱ་གཞུང་ཉེན་རྟོགས་པའི་དེའི་ཁྲོད་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་རེད་འདུག ད་རེས་ཁུལ་དེའི་ནང་གི་བོད་མི་ཚོས་རྔམ་སྟོན་བྱེད་དགོས་དོན་གཙོ་བོ་དེ་ནི། ནང་ཆེན་རྫོང་དབུལ་སྐྱོར་ལས་ཁུངས་ཀྱིས་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་ནང་གི་བོད་མི་རྣམས་ལ་་འཛུགས་བསྐྲུན་གྱི་ལས་གཞི་དང་སློབ་ཡོན་སོགས་ཀྱི་རོགས་དངུལ་སྤྲོད་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་ཀྱང། གྲོང་ཚོ་འདི་ནས་ས་གནས་གཞན་དུ་གནས་སྤོས་ཟིན་པའི་དུད་ཁྱིམ་བརྒྱ་ལྷག་ལ་ཐོབ་ཐང་དེ་རག་གི་མེད་སྟབས།དེ་རིང་ས་གནས་དེའི་ཕྱི་ཕྱོགས་སུ་རང་གི་བུ་ཕྲུག་ནང་མི་བཅས་ཡོད་པའི་བོད་མིའི་ཁྱིམ་ཚང་བརྒྱ་ལྷག་ཙམ་ནས་རྔམ་སྟོན་བརྒྱུད་རྫོང་སྲིད་གཞུང་ལ་ཞུ་གཏུགས་བྱས་ཡོད་པ་རེད་འདུག བོད་མིའི་སྒྲིགས་འཛུགས་ལ་འདྲ་དཔར་དང་བཅས་པ་གནས་ཚུལ་འབྱོར་བ་ནང་གསལ་ལྟར་ན། བོད་མི་དེ་དག་ནས་སྐབས་དེར་ཕྱག་ཏུ་མང་གཙོ་དང་ དཔལ་ཡོན། དྲང་བདེན། ཁྲིམས་སྐྱོང་སོགས་ཀྱི་འབོད་ཚིག་བཀོད་པའི་ཤོག་བྱང་བསྣམས་ཡོད་པ་དང། ད་ལྟའི་འར་རྒྱ་གཞུང་ཉེན་རྟོགས་མི་སྣས་ལས་འགུལ་སྤེལ་མཁན་མི་མང་སྣེ་ཁྲིད་པ་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་ལས་དེ་མིན་གནས་ཚུལ་ཐོན་མིན་འདུག

Latest news