Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༢ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩.༣༠ སྟེང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་རྗེས་དྲན་དགའ་སྟོན་མཛད་སྒོ་ཐེངས་ ༣༢ པ་སྲུང་བརྩི་ཞུས་སོང་། དེ་རིང་གི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་པའི་ཕྱག་རོགས་བཀའ་བློན་ལྷན་རྒྱས་དང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས། གཞན་ཡང་སྲི་ཞུ་བ་སོགས་ཆེད་ཕེབས་གནང་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་གིས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སུམ་བཅུ་སོ་གཉིས་འཁོར་བའི་དུས་ཚེ་ཁྱད་པར་ཅན་འདིར་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་བ་དང་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་གཞིས་བཞུགས་བོད་རིགས་སྤུན་ཟླར་སེམས་ཤུགས་དང་སྙིང་སྟོབས་འཕར་མ་ཞིག་སྤར་ཐུབ་ཡོད་པ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་རྒྱལ་སྤྱིའི་ནང་གོམ་པ་སྤོ་སྟངས་ཀྱི་ཁ་ཕྱོགས་གསར་པ་ཞིག་རྙེད་ཐུབ་ཡོད་ལ། བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་ནས་སེལ་རྒྱུའི་སྲིད་བྱུས་འགྱུར་མེད་དུ་གནས་རྒྱུར་གཞུང་ལུགས་ཀྱི་རྒྱབ་རྟེན་ཁུངས་བཙན་ཞིག་བཞེངས་བསྐྲུན་ཐུབ་ཡོད་ཅེས་བཀའ་དྲིན་རྗེས་དྲན་ཞུས་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་རིང་དུས་དྲན་གྱི་མཛད་སྒོ་འདིར་ང་ཚོས་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དུས་ཆེན་གྱི་དགའ་སྟོན་ལ་རོལ་ཆོག་ནའང་༸མགོན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་གཞིས་བཞུགས་སྤུན་ཟླ་ཚོར་རྩ་བའི་བླ་མའི་༸སྐུ་པར་བཤམ་རྒྱུའི་རང་དབང་ཙམ་ཡང་མེད་པ་དང་། ད་དུང་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་ནང་གི་བོད་མི་ཚོར་མཁར་དབང་དང་འདོད་དབང་། ཆོས་དང་དང་འགྲོ་འོང་། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཙམ་ཡང་མེད་པའི་ཁར་རྒྱ་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་བོད་མིའི་ངོ་བོ་རྩ་བརླག་གཏོང་བའི་གདུག་རྩུབ་སྲིད་བྱུས་ཀྱི་གནོན་བཙིར་ཉིན་མཚན་གཉིས་སུ་མྱོང་དགོས་ཀྱི་ཡོད་པ་ལུང་འདྲེན་གནང་སྟེ་བོད་རྒྱ་གཉིས་ཀར་གྱོང་ལས་ཁེ་མེད་པའི་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་དེ་རིགས་ཁུངས་འཁྱོལ་ཐབས་མེད་ངེས་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་རྒྱ་གཞུང་ལ་འབྲེལ་གཏུག་བརྒྱུད་བོད་རྒྱའི་དཀའ་ངལ་སེལ་རྒྱུར་འབད་བརྩོན་བྱ་རྒྱུའི་ཆོད་སེམས་གཞིར་བཞག་ཐོག་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་རྒྱ་གང་ཆེར་སྤེལ་རྒྱུ་དང་དེ་མཚུངས་སུ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་དེའི་་རིགས་མཚམས་འཇོག་དང་ཡོ་བསྲང་དགོས་པའི་ཡིག་ཆ་ཞིག་ཀྱང་རྒྱ་གཞུང་ལ་རིང་མིན་སྤྲོད་འཆར་ཡོད་ཅེས་གསུངས་སོང་། ལྷག་དོན་ཉེ་ལམ་སྐབས་ ༡༦ པའི་བཀའ་ཤག་གིས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་དབུ་འཛུགས་ཀྱི་གསལ་བསྒྲགས་སྤེལ་ཟིན་པ་འགྲེལ་བརྗོད་དང་སྦྲགས། འཛམ་གླིང་ཡུལ་གྲུ་གང་སར་གནས་བཞུགས་གཞོན་་སྐྱེས་གཙོས་པའི་བོད་མི་མི་རེ་ངོ་རེ་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་སྟེ་བོད་དོན་བདེན་མཐའ་གསལ་ཐབས་སུ་སོ་སོའི་སེམས་ཤུགས་དང་ནུས་རྩལ་འདོན་སྤེལ་ཡོང་བའི་འབོད་སྐུལ་ཞུས་ཡོད་ལ། བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ་བོད་དོན་བདེན་མཐའ་གསལ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱ་རྒྱུ་ནི་བཅའ་ཁྲིམས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་གལ་ཆེ་ཤོས་དེ་ཡིན་སྟབས། རང་དབང་ལུང་པར་གནས་འཁོད་བོད་མི་གང་མང་ཞིག་ལས་འགུལ་འདིར་མཉམ་ཞུགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་གཞེན་སྐུལ་གནང་སོང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་བ་དང་འབྲེལ། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་སྟབས། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་ཧམ་བཟུང་བྱས་པར་ཞི་བས་བཅིངས་འགྲོལ་བཏང་ལུགས་ཀྱི་ལོ་ ༧༠ འཁོར་ཟེར་བའི་དུས་དྲན་སྲུང་བརྩི་བྱས་པ་དང་དེ་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་འགྲེམས་སྤེལ་གྱིས་མི་བདེན་རྫུན་སྒྲིག་དང་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་འཆར་ཡོད་པ་བཅས་ནི་དྲང་བདེན་དང་བཟང་སྤྱོད་མེད་པའི་བྱེད་སྒོ་སྤེལ་བ་འདི་རིགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་ནམ་ཡང་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་ལུགས་བསམ་གཞིགས་དགོས་པའི་དུས་ལ་བབ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་མི་རྣམས་རྒྱ་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་སོང་། དེ་བཞིན་ཚོགས་གཙོ་མཆོག་གིས་རྒྱ་གཞུང་ནས་ཉེ་ཆར་ཡང་༸གོང་ས་མཆོག་༸སྐུ་སྒེར་གྱི་གནད་དོན་ཙམ་ལས་བོད་དང་འབྲེལ་བའི་གནད་དོན་གང་ཡང་མེད་པའི་ལོག་བཤད་མུ་མཐུད་བྱེད་བཞིན་ཡོད་པས་རྒྱ་གཞུང་གི་འགོ་ཁྲིད་རྣམས་ལ་བོད་དོན་ཐག་གཅོད་བྱ་་རྒྱུའི་འདུན་པ་དང་ཆོད་སེམས་བརྟན་པོ་མེད་པ་ཁ་གསལ་དུ་འགྲོ་བཞིན་ཡང་༸གོང་ས་མཆོག་གི་ཐུགས་བསྐྱེད་མཛད་འཕྲིན་དང་བོད་ནང་གི་བོད་མིའི་སེམས་ཤུགས་དང་ལ་རྒྱ་བཅས་ལ་བརྟེན་ནས་བོད་དོན་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སྔ་ལྷག་ཡོང་ཐབས་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སྲ་བརྟན་གཏོང་ཐབས། བོད་ཀྱི་ཆོས་རིག་དང་བོད་མིའི་ངོ་བོ་མི་བརླག་པའི་ཐབས་ཤེས་གང་ཡོད་ཀྱིས་མདུན་བསྐྱོད་བྱ་དགོས་པའི་གཞེན་སྐུལ་གནང་སོང་། དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ནས་རིག་གཞུང་འཁྲབ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་གཅིག་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་མིའི་སྒྲིག་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱོགས་སྒྲིག་གནང་བའི་ཕྱག་དདག་དབུ་འབྱེད་དང་གཞན་ཡང་སྲིད་སྐྱོང་མཆོག་གིས་དབུས་འོས་བསྡུ་ལས་ཁུང་ནས་བཟོ་སྐྲུན་གནང་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེ་མོའི་ལས་རིམ་དང་འབྲེལ་བའི་གློག་བརྙན་ང་ཚོས་འོས་ནི་ང་ཚོའི་མ་འོངས་ཞེས་པ་བཅས་དབུ་འབྱེད་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་ཚོགས་པས་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པར་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༥ པ་སྲུང་བརྩི་ཞུ་གནང་གི་ཡོད་པ་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་གནང་བའི་དྲ་ཚིགས་ཤིག་འདོན་སྤེལ་གནང་གི་ཡོད་པ་རེད།

སྐུ་ཞབས་ Olaf Scholz མཆོག་འཇར་མི་ནིའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Olaf Scholz མཆོག་འཇར་མི་ནིའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་སྩལ་འདུག དེ་རིང་༸གོང་ས་༸སྐྱབས་གོན་ཆེན་པོ་མཆོག་གིས་སྐུ་ཞབས་ Olaf Scholz མཆོག་གི་མཚན་ཐོག་ལ་ཕྱག་ཡིག་ཞིག་སྩལ་བའི་ནང་དུ་ཁོང་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་སྩལ་བ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ཀྱི་ནུས་སྟོབས་དང་བརྟན་ལྷིང་སྲ་བརྟན་ཡོང་རྒྱུའི་ཐད་ལ་འཇར་མི་ནིའི་སྲིད་བློན་གྱི་ཞབས་སྟེགས་ཐོབ་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་རེ་བ་དང་སེམས་སྐུལ་སྐྱེད་གཞི་ཞིག་ཆགས་ཡོད་པར་བཀའ་སྩལ་བར་མ་ཟད། སྐུ་ཞབས་ Olaf ཁོང་གི་ཉམས་མྱོང་དང་དཔྱད་གསུམ་དག་པའི་དབུ་ཁྲིད་འོག་དཔལ་འབྱོར་དང་རང་དབང་། ཁྲིམས་ཀྱི་དབང་བསྒྱུར། མང་གཙོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐངསྲུང་མཁན་འཛམ་གླིང་སྣེ་ཁྲིད་ཀྱི་རྒྱལ་ཁབ་ཞིག་ལ་མུ་མཐུད་ནས་མདུན་བསྐྱོད་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་ནང་དུ་མགོན་པོ་མཆོག་འཇར་མི་ནི་ནང་དུ་ཐེངས་མང་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་ཡོད་པའི་ཁྲོད་ཡུལ་དེའི་མི་མང་གི་བརྩེ་སེམས་དང་བསམ་བློ། ལྷག་པར་དུ་མགོན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་འགྱུར་གྱི་མཛད་རྗེས་ལ་མང་ཚོགས་ཀྱི་དོ་སྣང་དང་རྒྱབ་སྐྱོར་གནང་ཕྱོགས་བཅས་ཀྱིས་ཐུགས་འགུལ་ཆེན་པོ་ཐེབས་ཡོད་སྐོར་བཀའ་སྩལ་ཡོད། ༸གོང་ས་མཆོག་གིས་འཇར་མི་ནིའི་མང་ཚོགས་ཀྱིས་བོད་མིའི་རང་དབང་གྱི་ཐོག་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་འབྲེལ། དེ་སྔའི་སྲིད་བློན་ལྕམ་ Angela Merkel མཆོག་གིས་ཀྱང་བོད་དོན་ལ་དམིགས་བསལ་དོ་སྣང་དང་ཐུགས་འཁུར་བཞེས་པརབ་སྔགས་བརྗོད་མཛད་འདུག དེའི་བར་ན་ཁ་སང་རྒྱ་གར་ནང་དུ་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་ Bipin Rawat ལགས་ཀྱིས་གཙོས་བདེ་སྲུང་མཐོ་རིམ་ལས་བྱེད་མི་སྣ་གཞན་ཁག་གཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་རྐྱེན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་སྟབས། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་རྒྱ་གར་གྱི་བདེ་སྲུང་སྤྱི་ཁྱབ་དམག་སྤྱི་བི་པིན་རཱ་ཝ་ཊ་ལགས་ཀྱིས་གཙོས་ཁོང་དང་ལྷན་དུ་ཕྱོགས་བསྐྱོད་གནང་མཁན་གཞན་ཁག་གཅིག་བཅས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་དབང་གིས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་གསན་པར་ཐུགས་ཕམ་དང་།ཁོང་རྣམ་པའི་ནང་མི་སྤུན་མཆེད་ཡོངས་ལ་ཐུགས་གསོ་སྩལ་བ་དང་ཆབས་ཅིག འདས་པོ་རྣམས་ལ་བསྔོ་སྨོན་མཛད་འདུག

གཞན་དོན་གྱི་བསམ་བློ་མེད་ན་མི་ཚེ་འདི་སྐྱིད་པ་ཞིག་ཡོང་ཐབས་མེད་ཅེས་ལམ་སྟོན་སྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་སེམས་དང་སྲོག་ཚོགས་པས་གོ་སྒྲིག་ཞུས་པའི་ Embracing Hope, Courage and Compassion in Times of Crisis དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ནས་བཟང་སྤྱོད་གོང་འཕེལ་དང་ཆགས་འཇིག་གི་གནས་སྟངས་ཁྲོད་བསམ་བློའི་འཁྱེར་གསོ། དེ་བཞིན་སེམས་ཁམས་རིག་པའི་རྣམ་གཞག་སོགས་ཀྱི་ཐོག་ལ་བཀའ་སློབ་ལམ་སྟོན་དང་བགྲོ་གླེང་ཐོག་ལྷན་ཞུགས་གནང་མཁན་གྱི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་ཡོད།བགྲོ་གླེང་གི་ཐོག་མར་་སེམས་དང་སྲོག་ཚོགས་པའི་འགན་འཛིན་ལྕམ་ Susan Bauer ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་དབུས་པའི་བགྲོ་གླེང་ཐོག་ལྷན་ཞུགས་གནང་མན་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་སློབ་དཔོན་ཡོངས་ལ་འཚམས་དྲི་ཞུས་ཟིན་མ་ཐག་སེམས་ཁམས་འཕྲོད་བསྟེན་གྱི་སློབ་དཔོན་ Elissa Epel ལགས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་སྐབས་སུ་མིའི་སེམས་ཁམས་ཀྱི་གནས་སྟངས་སྐོར་ལ་ཉམས་ཞིབ་གནང་བའི་གྲུབ་དོན་ཁག་ཅིག་འགྲེལ་བརྗོད་དང་སྦྲགས། ཡིད་བརྟན་མེད་པའི་གནས་སྟངས་རིགས་འཕྲད་སྐབས་ང་ཚོས་གདོང་ལེན་གང་འདྲ་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་འབྱུང་བའི་གནད་དོན་སོགས་ངེས་གཏན་མེད་པའི་གནས་སྟངས་ཁག་ཅིག་བྱུང་གི་ཡོད་ཀྱང་འཛམ་གླེང་ཐོག་ཡོད་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་མི་རྣམས་ཀྱིས་ཕུགས་རྒྱང་རིང་པོའི་བསམ་བློ་མ་འཁོར་བ་དང་ང་འཛིན་གྱི་བསམ་བློ་ཆེ་བ་སོགས་ཀྱིས་བཟོས་པ་ཞིག་ཡིན་པར་བཀའ་འགྲེལ་དང་སྦྲགས་ཏེ་འགྲོ་བ་མི་རྣམ་པའི་རང་བཞིན་ལྷན་སྐྱས་སུ་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཡོད་པ་དེ་གོང་འཕེལ་ཐུབ་ཚེ་རང་བཞིན་གྱི་དཀའ་ངལ་ཉུང་དུ་གཏང་ཐུབ་པར་མ་ཟད་རང་ཉིད་སྒེར་གྱི་མི་ཚེ་སྐྱིད་པ་དང་ལྷག་དོན་སྤྱི་ཚོགས་དང་འཛམ་གླིང་སྤྱིའི་ཞི་བདེ་ལའང་ཕན་ཐོགས་ཡོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་ང་ཚོས་ད་ཡོད་ཤེས་ཡོན་ལམ་ལུགས་ནང་ལ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཆ་དེ་དག་ཆོས་ཀྱི་ངོ་བོའི་ཐོག་ནས་མིན་པར་ཤེས་བྱའི་ངོ་བོའི་ཐོག་ནས་སློབ་ཁྲིད་ཐུབ་གལ་ཡིན་པར་བཀའ་སྩལ་སོང་།བགྲོ་གླེང་ཐོག་མཉམ་ཞུགས་གནང་བ་ Arizona མངའ་སྡེའི་གཙུགས་ལག་སློབ་ཁང་གི་སེམས་ཁམས་རིག་པའི་སློབ་དཔོན་ Lani ལགས་ནས་འགྲོ་བ་མིའི་སེམས་ཚོར་རྣམ་གཞག་ཐོག་ཉམས་ཞིབ་གནང་བའི་གྲུབ་དོན་ཁག་ཅིག་འགྲེལ་བརྗོད་དང་སྦྲགས་ཏེ། ངེས་གཏན་མེད་པའི་དུས་སྐབས་འདིར་ཁོང་ཁྲོ་དང་དངངས་འཚབ་ཀྱི་སེམས་ཚོར་དེ་དག་བཏང་འཛིན་གནང་སྟངས་སྐོར་ལ་བཀའ་འདྲི་ཞུས་སོང་བར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་གི་འདས་པའི་དུས་ཚོད་ནང་ལ་དམག་འཁྲུག་སོགས་ཀྱི་དོན་རྐྱེན་སྣ་ཚོགས་བཟོས་ཡོད་པར་བཀའ་སྩལ་དང་སྦྲགས། ད་ཆ་ང་ཚོའི་ངོས་ནས་ཆོས་དད་ཡོད་མེད་སོགས་ཀྱི་སྐད་ཆ་མེད་པར་ནང་སེམས་ཀྱི་ཞི་བདེ་ཐོག་ལ་དགོངས་པ་ཆེ་ཙམ་བཞེས་དགོས་པ་དང་ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་ནས་འཚོ་དགོས་པ་ཞིག་ཡིན་སྟབས་ང་དང་ཁོ་ཞེས་སོགས་དབྱེ་འབྱེད་ཀྱི་བསམ་བློ་མེད་པར་འགྲོ་བ་མི་གཅིག་འགྱུར་དང་གོ་ལ་གཅིག་འགྱུར་གྱི་གནས་བབས་ཐོག་ལ་དགོངས་པ་བཞེས་གལ་ཡིན་པར་ལམ་སྟོན་བཀའ་སྩལ་མཛད་ཡོད།མགོན་པོ་མཆོག་གིས་ཆགས་འཇིག་གི་དུས་སྐབས་འདིར་བསམ་བློ་གུ་དོག་པོ་བཏང་ནས་བཞུགས་ན་མ་འགྲིག་པའི་གནས་སྟངས་མང་པོ་མཐོང་རྒྱུ་ཡོད་སྟབས་དུས་རྟག་ཏུ་སེམས་མ་ཞུམ་པར་གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་གདོང་ལེན་གནང་རྒྱུ་ཡོད་པར་དགོངས་ཚེ་དེར་དགེ་མཚན་ཡོད་པ་སོགས་ཀྱི་ལམ་སྟོན་མཛད་པ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་སྤྱོད་འཇུག་གི་ལེའུ་ཞིག་ལུང་འདྲེན་མཛད་པ་འབྲེལ་ནས་གཞན་དོན་གྱི་བསམ་བློ་མེད་ན་སངས་རྒྱས་ཀྱི་གོ་འཕང་ལྟ་ཞོག མི་ཚེ་འདི་ཡང་སྐྱིད་པོ་ཞིག་ཡོང་ཐབས་མེད་ཅེས་བཀའ་སྩལ་ཡོད།  མཛད་རིམ་གྱི་མཐའ་མར་སེམས་དང་སྲོག་ཚོགས་པའི་འགན་འཛིན་ལྕམ་སྐུ་ Susan Bauer ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་སེམས་དང་སྲོག་གི་ལས་གཞིའི་ཐོག་ལ་བཀའ་སློབ་ལམ་བསྟོན་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རིམས་ནད་ཀྱི་གནས་སྟངས་བཟང་དུ་སོང་ཚེ་ལོ་རྗེས་མར་བགྲོ་གླེང་གི་ཚོགས་འདུ་ཞིག་འཚོགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སེམས་དང་སྲོག་ཚོགས་པས་གནང་བཞིན་པའི་ལས་དོན་ཁག་ལ་བསྔགས་བརྗོད་མཛད་ཡོད།  

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Bob Dole ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Bob Dole ལགས་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག ཉེ་ཆར་ཟླ་བ་འདིའི་ཚེས་ ༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་དང་ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་ཞུགས་མྱོང་མཁན་སྐུ་ཞབས་ Bob Dole ལགས་དགུང་དགྲངས་ ༩༨ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླའི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། དམ་པ་ཁོང་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ཚོའི་ཁྲོད་ནས་༸གང་ཉིད་ལ་རྒྱུས་མངའ་ཆེ་ཤོས་གྲས་ཤིག་དང་ནམ་རྒྱུན་དམ་པ་ཁོང་དང་མཇལ་འཕྲད་བྱུང་སྐབས་ཁོང་གིས་མི་མང་ཉམ་ཐག་དང་རང་དབང་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་འཐབ་རྩོད་བྱེད་བཞིན་པའི་བོད་མི་རྣམས་ལ་དངོས་ཡོད་ཀྱིས་བྱམས་སྐྱོང་གནང་མཁན་བོད་མི་མང་གི་གྲོགས་པོ་ཞིག་ཡིན་པར་གསུངས་ཏེ་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བས་ཆེས་ཐུགས་ཕམ་བྱུང་ཞེས་བཀའ་སྩལ་འདུག དེབཞིན་མགོན་པོ་མཆོག་ནས་སྐུ་ཞབས་ཁོང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་མི་མང་ཆེད་དུ་བློས་བཏང་གིས་ཞབས་འདེགས་ཞུས་ཏེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པས་དམ་པ་ཁོང་ལ་མགོན་པོ་༸གང་ཉིད་མཆོག་ནས་གུས་བཀུར་ཞུ་སའི་ཨ་རིའི་རིན་ཐང་ཆེ་བའི་རང་དབང་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་སྐུ་ཚབ་ལྟ་བུ་ཞིག་མཚོན་གྱི་ཡོད་པ་དང་དམ་པ་ཁོང་སྒེར་གྱི་ངོས་ནས་ཕྱག་རོགས་རྣམ་པ་ཚོ་དང་ལྷན་དུ་གནད་དོན་བྱེ་བྲག་པའི་ཐོག་དགོངས་ཚུལ་མི་མཐུན་པ་བྱུང་སྐབས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་གཞིར་བཟུང་གིས་མིག་དཔེ་བསྟན་ནས་ཕན་ཚུན་བརྩི་བཀུར་ཞུ་གནང་གི་ཡོད་ཅེས་བཀའ་སྩལ་ཡོད། དམ་པ་དེ་ཉིད་ཀྱིས་གཙོས་ཤུལ་ལུས་ནང་མི་སོགས་ལ་ཐུགས་སྨོན་མཛད་འདུག གཞི་རྩའི་སྐུ་ཞབས་ Bob Dole ལགས་ནི་ཕྱི་ལོ་ ༡༩༢༣ ནང་(Russell) གྲོང་ཁྱེར་ནང་སྐྱེས་ཤིང་། ཕྱི་ལོ་ ༡༩༤༢་ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིའི་དམག་གི་ནང་ཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༦༨ ནས་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་དེ་ནས་ཨ་རིའི་སྲིད་འཛིན་འོས་མིར་ཞུགས་ཡོད་པ་མ་ཟད། ཕྱི་ལོ་༡༩༩༧ ལོར་ཨ་རིའི་སྲིད་འཛིན་མཚན་ཐོག་གི་རང་དབང་གཟེངས་རྟགས་ཐོབ་ཡོད་པ་དང་། ཁོང་གིས་བོད་དོན་སྐོར་ལ་ཡུན་རིང་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༡ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཕེབས་ཏེཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་སྐབས། སྐུ་ཞབས་ཁོང་ནས་༧གོང་ས་མཆོག་དང་བོད་མི་མང་གིས་རང་དབང་འཐབ་རྩོད་ཆེད་མདུན་སྐྱོད་བྱས་ཡོད་པས། ཁོང་ཉིད་༧གོང་ས་མཆོག་དང་སྔ་རྗེས་ཐེངས་མང་ལ་མཇལ་འཕྲད་གནང་ཡོད་པ་རེད།

ཡི་ཤུའི་ཆོས་གྲོགས་ཚོར་བྱམས་བརྩེ་གོང་སྤེལ་གནང་རྒྱུར་དམིགས་བསལ་ནུས་པ་ལྡན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡི་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ཆེད་འཛུགས་གནང་སྟེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན་གོ་སྒྲིག་ཞུས་པའི་གཅིག་འདུས་ཀྱི་ཤེས་པ། སེམས་གཅིག་དང་བློ་གཅིག་ཅེས་ཡི་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་དབུ་བཞུགས་མཛད་ནས་ཉེ་རིང་གི་དབྱེ་འབྱེད་མེད་པའི་དཀོན་མཆོག་གི་རྗེས་འབྲང་པར་ཡིད་ཆེས་གནང་མཁན་ཡི་ཤུའི་ཆོས་གྲོགས་ཚོར་ཆོས་ལུགས་མཐུན་སྒྲིག་དང་བྱམས་བརྩེ་གོང་སྤེལ་གནང་རྒྱུའི་ཐོག་དམིགས་བསལ་ནུས་པ་ལྡན་ཡོད་པར་བཀའ་སློབ་སྩལ་ཡོད།དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation)  ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༨༌༣༠ ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་ཚོགས་སྡེས་གོ་སྒྲིག་ཞུས་པའི་ Unified Consciousness: One Mind and One Heart གཅིག་འདུས་ཀྱི་ཤེས་པ། སེམས་གཅིག་དང་བློ་གཅིག་ཅེས་ཡི་ཤུ་པའི་བཞེད་སྲོལ་ཞིག་གི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་དང་། སྐབས་དེར་ཡི་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ཆེད་འཛུགས་གནང་མཁན་ཡི་ཤུའི་གྲྭ་བ་ Father Laurence Freeman ལགས་ཀྱིས་དེ་སྔ་ ༡༩༩༦ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་མགོན་པོ་༸གང་ཉིད་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་བའི་དུས་ཚིག་དྲན་གསོ་ཞུས་པ་དང་སྦྲགས། ད་རེས་སླར་ཡང་མགོན་པོ་༸གང་ཉིད་མཆོག་དྲ་ཐོག་བརྒྱུད་ཞལ་མཇལ་ཞུ་རྒྱུ་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་ཤུའི་གྲྭ་བ་ཧྥ་དྷར་ལོ་རེན་སི་ཧྥརི་མེན་ལགས་ཀྱིས་གཙོས་པའི་འཛམ་གླིང་གི་ས་གནས་འདྲ་མིན་ནས་བགྲོ་གླེང་ཐོག་ལྷན་ཞུགས་གནང་བར་འཚམས་འདྲི་མཛད་པ་དང་འབྲེལ་ཏེ་འཛམ་བུ་གླིང་ཐོག་ཡོད་པའི་མི་གཙོ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཀྱང་། སྟབས་ལེགས་པ་ཞིག་ལ་དུས་རབས་ཀྱི་འགྱུར་བའི་ཁྲོད་དུ་མི་རྣམས་ནས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་གཞན་ཕན་དང་སེམས་བཟང་གནང་རྒྱུ་སོགས་ལ་དོ་སྣང་དེ་ཙམ་མ་གནང་བའི་དབང་གིས་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དམག་འཁྲུག་གི་དོན་རྐྱེན་རིམ་པ་བྱུང་ཡོད་པ་སོགས་བཀའ་སྩལ་དང་ཆབས་ཅིག ད་ཆ་འཛམ་གླིང་ཐོག་དམག་འཁྲུག་ལ་ཡིད་སྨོན་གནང་མཁན་མེད་པར་མ་ཟད། ལྷག་པར་དུ་གོ་ལ་འདི་ནི་གོ་མཚོན་མེད་པ་ཞིག་ཏུ་བཟོ་བར་འབད་བརྩོན་དང་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་སྐོར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་དཔལ་འབྱོར་དང་ཁོར་ཡུག་སོགས་གནད་དོན་མང་དག་ཅིག་ནི་རྒྱལ་མཚམས་མེད་པར་རྒྱལ་སྤྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། ང་དང་ཁོ། ངའི་རྒྱལ་ཁབ་དང་ཁོའི་རྒྱལ་ཁབ་ཞེས་དབྱེ་འབྱེད་དང་ངར་འཛིན་གྱི་འཇིག་ལྟ་བ་དེ་དུས་ཚོད་ཡོལ་ཟིན་པའི་གནས་སྟངས་ཤིག་ཡིན་པར་བཀའ་སྩལ་དང་འབྲེལ། ང་ཚོའི་ངོས་ནས་གོ་ལ་གཅིག་གྱུར་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་དགོངས་པ་ཆེ་ཙམ་བཞེས་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་འབྱོར་མཛད་རྗེས་རང་དབང་གི་ཐོག་ནས་ཤེས་ལྡན་མི་སྣ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདྲ་མིན་ཁག་དང་ལྷན་དུ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐད་བཀའ་བསྡུར་མཛད་རྒྱུའི་དམིགས་བསལ་གོ་སྐབས་ཐོབ་སྐོར་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་ལྟ་བུར་མཚོན་ན་ཆོས་ལུགས་འདྲ་མིན་མཉམ་གནས་ཐུབ་པའི་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་མཚོན་གཙོ་བོ་ཞིག་ཏུ་ངོས་མཛད་བཞིན་པ་མ་ཟད་ད་ཆ་མགོན་པོ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་སོགས་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་དུ་གསུངས་པ་ཁག་སླར་གསོ་མཛད་རྒྱུར་ཐུགས་འགན་བཞེས་བཞིན་ཡོད་པར་བཀའ་སྩལ་བ་དང་། ཡི་ཤུའི་ཆོས་ལུགས་པའི་རྗེས་འབྲང་པ་རྣམས་ཀྱང་ཆོས་ལུགས་གཞན་ལྟར་འཚེ་བ་མེད་པ་དང་བྱམས་སྙིང་རྗེ།སེམས་པ་བཟང་པོ་བྱ་རྒྱུ་སོགས་ལ་དགོངས་པ་བཞེས་མཁན་གཅིག་མཚུངས་ཡིན་པར་མ་ཟད་ལྷག་པར་དུ་ཉེ་རིང་གི་དབྱེ་འབྱེད་མེད་པའི་དཀོན་མཆོག་གི་རྗེས་འབྲང་པར་ཡིད་ཆེས་གནང་མཁན་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིག་དང་བྱམས་བརྩེ་གོང་སྤེལ་གནང་རྒྱུར་དམིགས་བསལ་ནུས་པ་ལྡན་ཡོད་པ་སོགས་ལམ་སྟོན་བཀའ་སྩལ་མཛད་ཡོད།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་སུ་དྲ་ཐོག་ནས་ལྷན་ཞུགས་གནང་བ་ཡི་ཤུའི་གྲྭ་བ་ཧྥ་དྷར་ལོ་རེན་སི་ཧྥརི་མེན་ལགས་ཀྱིས་གཙོས་པའི་འཛམ་གླིང་ཡི་ཤུའི་སྒོམ་སྒྲུབ་ཚོགས་སྡེའི་ཚོགས་མི་ཁག་ཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་བཟང་སྤྱོད་གོང་འཕེལ་དང་སེམས་རྩེ་གཅིག་ཏུ་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་གིས་བཟང་སྤྱོད་དང་སེམས་ཀྱི་རྣམ་གཞག་དེ་དག་ཆོས་ཀྱི་ངོ་བོའི་ཐོག་ནས་མིན་པར་རྒྱུན་ལྡན་གྱི་ཤེས་བྱ་ལྟར་ཤེས་ཡོན་སློབ་གསོའི་ཁྲོད་ནས་སློབ་ཁྲིད་གནང་ཐུབ་གལ་ཡིན་པ་དང་། ལྷག་པར་དུ་དེང་སྐབས་རྒྱལ་སྤྱིའི་འགོ་ཁྲིད་རྣམས་ཀྱི་བསམ་བློར་འགྲན་རྩོད་ཀྱི་རྣམ་པ་ཆེན་པོ་ཡོད་པ་དང་། དེའང་ཕྱིའི་གནད་དོན་ཁག་ལ་གལ་འགངས་ཆེ་བར་ངོས་འཛིན་བཞིན་པའི་གྲུབ་འབྲས་ཤིག་ཀྱང་ཡིན་པར་བཀའ་ལན་སྩལ་བ་དང་སྦྲགས། ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་ཁྲོད་དུ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཆ་དེ་དག་སློབ་ཁྲིད་གནང་གལ་ཡིན་པར་བཀའ་སྩལ་ཡོད།དེ་བཞིན་ཚོགས་མི་ཞིག་གིས་ཁོར་ཡུག་གི་གནད་དོན་ཐད་བཀའ་འདྲི་ཞུས་པར་ད་ཆ་འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པའི་ཁོར་ཡུག་གི་གནད་དོན་འདི་ནི་འགྲོ་བ་སྤྱི་དང་ལྷག་པར་འཛམ་གླིང་ཐོག་ཡོད་པའི་མི་ཐེར་འབུམ་བདུན་པོ་ཚང་མ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་ཚང་མས་གོ་ལའི་གནམ་བཤིས་འགྱུར་ལྡོག་གི་དཀའ་ངལ་ལ་དགོངས་པ་བཞེས་གལ་ཡིན་པ་དང་། ཁྱད་པར་དུ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་མཚོན་ན། རྒྱ་གར་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་དེ་བོད་ཆགས་ཀྱི་ཡོད་སྟབས་བོད་ཀྱི་གནམ་གཤིས་ཀྱི་གནས་སྟངས་ལ་དགོངས་པ་བཞེས་གནད་ཡིན་པར་ལམ་སྟོན་སྩལ་སོང་།  གཞི་རྩའི་བགྲོ་གླེང་གི་མཛད་རིམ་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་བརྒྱ་ལྷག་གི་ནང་ལ་ཡན་ལག་ཆོས་ཚོགས་ཡོད་པ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ World Community of Christian Meditation ཞེས་འཛམ་གླིང་ཡི་ཤུའི་སྒོམ་སྒྲུབ་ཚོགས་སྡེས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་སྡེའི་རྒྱལ་སྤྱིའི་སྒོམ་གྲུབ་ལྟེ་གནས་ཁང་གསར་འཛུགས་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་སྦྲགས་མ་འོང་པའི་ལས་དོན་ཇི་གནང་ཐབས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་བཅས་མཛད་ཡོད།

༸གོང་ས་མཆོག་གི་དྲྭ་རྒྱའི་མཛད་འཆར་ཁག་ཅིག་གསལ་བསྒྲགས་གནང་བ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༢ དང་༡ པོ་ནང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྐྱང་གཏན་ཁེལ་དོན་ལྟར་མཛད་འཆར་ཁག་ཅིག་ཡོངས་ཁྱབ་གནང་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation)  ཞེས་པ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན་ཚོགས་པ་གསར་འཛུགས་གནང་མཁན་དང་དགེ་རྒན་ཡེ་ཤུའི་གྲྭ་བ་ཧྥ་དྷར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) མཆོག་དང་ལྷན་དུ་ Unified Consciousness: One Mind and One Heart གཅིག་འདུས་ཀྱི་ཤེས་པ། སེམས་གཅིག་དང་བློ་གཅིག་ཅེས་ཡེ་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུགདེ་བཞིན་ཚེས་ ༨ ཉིན་༸གོང་ས་མཆོག་གིས་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཚན་རིག་པ་གཉིས་དང་ལྷན་དུ་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་ཚོགས་བཅར་བ་ཚོས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།དེ་བཞིན་ཕྱི་ཚེས་ ༡༧ དང་ཚེས་ ༡༨ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་དྷི་ནེ་ཤཱི་ཡ། མཱ་ལེ་ཞི་ཡ། འབར་མ། ཤྲིལངྒ། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་པ་རྣམས་ལ་གཙོ་བོར་དམིགས་ཏེ། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༨ ནས་ ༩ བར་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་སྩལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་ཧ་རི་ཡ་ནའི་རའོ་ཊག་(Rohtak)ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ The Indian Institute of Management  (IIM) Rohtak.) གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གཏོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་ཚོགས་བཅར་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་སུ་ཕྱི་ཚེས་ ༢༩  ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་དང་། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཁ་རག་པུར་དུ་རྟེན་གཞི་བྱེད་པའི་རྒྱ་གར་འཕྲུལ་རིག་མཐོ་སློབ་ཁང་ Indian Institute of Technology (IIT) Kharagpur གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ Finding Happiness in Troubled Times ཞེས་དཀའ་ངལ་ཅན་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་གནང་མཛད་རྒྱུ་བཅས་དྲྭ་ཐོག་གི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད།གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ལས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་སྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ དེ་ཉིད་རྒྱ་ནག་ནས་ཆེས་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་སྟེ་གསན་གཟིགས་གནང་མཁན་ཚོས་རང་ཉིད་ཀྱི་གནས་ཡུལ་རྒྱལ་ཁབ་དང་དེའི་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་ཀྱི་ཡོད་པ་རེད།

མིའི་རིགས་ཀྱི་རྣམ་དཔྱོད་དེ་ཉིད་བྱམས་སྙིང་རྗེ་དང་མཉམ་སྤྱོད་གནང་གལ་སྐོར་བཀའ་སྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་ཛལ་ (Brazil) གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་པཱ་ལ་སི་ཨ་ཐེ་ན་ (Palas Athena) ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་ཏེ་དད་ལྡན་དོན་གཉེར་བ་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་རིང་གི་བཀའ་སློབ་ཀྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་དྲ་ཐོག་ནས་བཀའ་སློབ་ལམ་སྟོན་ཞུ་མཁན་རྣམས་ལ་འཚམས་འདྲི་གནང་བ་བརྒྱུད་ནས། མིའི་རིགས་ལ་སེམས་ཅན་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་རྣམ་དཔྱོད་བཀྲ་བ་དེ་ཡིན་ཞིང་། དེ་ལྟ་བུའི་རྣམ་དཔྱོད་ཀྱི་ཁྲོད་ནས། འདས་བའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བདག་ཅག་གི་སྟོན་པ་ཤཀྱ་མུ་ནེ་མཆོག་གི་མཚོན་པའི་རླབས་ཆེན་གྱི་སྐྱེས་བུ་བྱོན་ཡོད་པ་དང་། མིའི་རིགས་ཀྱི་རྣམ་དཔྱོད་དེ་ཁོང་ཁྲོ་དང་ཞེ་སྡང་ལ་མཉམ་བསྲེས་བྱས་པ་ཡིན་ན། རྣམ་དཔྱོད་ཀྱི་སྤྱོད་སྒོ་དེ་རང་བཞིན་གྱིས་གཏོར་བཅོམ་གྱི་ངོ་བོར་འགྱུར་འགྲོ་བ་ཞིག་ཡིན་ཡང་། དེ་ལས་ལྡོག་སྟེ་རྣམ་དཔྱོད་དེ་ཉིད་བྱམས་སྙིང་རྗེ་ལ་བསྲེས་སྦྱོར་བྱས་པ་ཡིན་ན་མིའི་རིགས་ཀྱི་བདེ་དོན་ལ་ཕན་པ་མ་ཟད། གང་ཟག་སྒེར་གྱི་འཕྲོད་བསྟེན་ལ་ཆ་བཞག་ན་ཡང་ནང་སེམས་ཞི་བདེར་འགྱུར་རྒྱུར་ཕན་རླབས་ལྡན་པ་ཞིག་ཡིན་པར་བཀའ་སོང་།དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། འདས་བའི་དུས་རབས་ཀྱི་ནང་དུ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་མི་གསོད་ཁྲག་སྦྱོར་གྱི་འཛམ་གླིང་དམག་ཆེན་སྔ་རྗེས་གཉིས་བྱུང་ཟིན་པ་མ་ཟད། འཛམ་གླིང་གི་དམག་ཆེན་གསུམ་པ་ཞིག་ཀྱང་འབྱུང་མི་སྲིད་པ་མིན་དུས།  ང་ཚོས་ངེས་བར་དུ་དེང་དུས་ཀྱི་སློབ་གྲྭ་ཁག་གི་གཙོ་བྱས་པའི་སྤྱི་ཚོགས་གང་སར་སེམས་པ་བཟང་བོའི་རང་བཞིན་ནམ་བྱམས་སྙིང་རྗེ་ཁྱབ་སྤེལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་སྩལ་ཏེ། སེམས་པ་བཟང་པོའམ་སྙིང་རྗེ་རང་བཞིན་དེ་ནི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་ངོས་འཛིན་གནང་རྒྱུ་མེད་པར། མིའི་རིགས་ཀྱི་ནང་སེམས་ཀྱི་འཕྲོད་བསྟེན་དང་སྤྱི་ཚོགས་འཆམ་མཐུན། དེ་བཞིན་འཛམ་གླིང་ཞི་བདེ་སོགས་ལ་དམིགས་ནས་སེམས་པ་བཟང་པོའི་རང་བཞིན་དེ་ཁྱབ་སྤེལ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་ཡོད། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་ནས་འཛམ་གླིང་ཤར་ནུབ་གྱི་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་སྙིང་རྗེ་ཕྱག་བསྟར་གནང་གི་ཡོད་པར་བཀའ་སྩལ་ཏེ། དད་ལྡན་ཆོས་ཞུ་རྣམས་ཀྱིས་ཀྱང་རང་གི་ས་གནས་སུ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་ཆོས་ལུགས་དང་མ་འབྲེལ་བྱམས་སྙིང་རྗེ་ཡི་དམིགས་བསལ་གྱི་བསླབ་གཞིའི་རྩ་འཛིན་ཞིག་གཏན་འབེབས་བྱེད་རྒྱུར་ཤུགས་སྣོན་གནང་རྒྱུའི་ལམ་སྟོན་སྩལ་གནང་སོང་།དེ་རིང་གི་བཀའ་སློབ་ལམ་སྟོན་གྱི་མཛད་རིམ་མཇུག་སྒྲིལ་བ་དང་བསྟུན་ནས། དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་མགོན་པོ་གང་ཉིད་མཆོག་ལ་བརྗོད་གཞི་སྣ་མང་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་པའི་ཁྲོད་སྤྱི་ཚོགས་ཀྱི་ནང་ཆབ་སྲིད་རང་བཞིན་གྱི་མི་མཐུན་པའི་འགལ་འདུའི་ཁྲོད་ནས་རྟེན་འབྱུང་དང་མི་རྟག་པ་བརྟེན་ཕྱོགས་ཀྱི་སྐོར་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས། རྟེན་འབྱུང་དང་མི་རྟག་པ་གཉིས་ནི་ནང་པ་སངས་རྒྱས་ཀྱི་ལྟ་གྲུབ་གལ་ཆེན་ཞིག་ཆགས་ཡོད་ཀྱང་དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་ལྟ་གྲུབ་ཅིག་ཆགས་ཡོད་དུས།  དེ་གཉིས་ཟུར་དུ་བཞག་ནས། གཙོ་བོ་མིའི་རིགས་ཐུན་མོང་ལ་མངའ་བའི་བྱམས་སྙིང་རྗེ་རང་བཞིན་དེ་བསྟེན་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།དེང་རབས་ཀྱི་གཞོན་སྐྱེས་རྣམས་ལ་ཁོར་ཡུག་ཉམས་རྒུད་ཀྱི་འཇིགས་སྣང་ཆེན་པོ་ཡོད་པ་དང་། འཇིགས་སྣང་དེ་དག་ལ་ཉུང་འཕྲི་བྱེད་པར་ཐབས་ལམ་གང་ཡོད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། དེང་གི་ཆར་འཛམ་གླིང་གི་ཚ་དྲོད་གོང་དུ་འཕེལ་བཞིན་པའི་རྟག་མཚན་མང་པོ་ཡོད་པར་བཀའ་བཀའ་ལན་གནང་སྟེ། བོད་མཐོ་སྒང་ནི་རྒྱ་ནག་དང་རྒྱ་གར་གྱི་མཚོན་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་གཙང་ཆུའི་འགོ་ཁོངས་ཆགས་ཀྱང་ད་ཆ་བོད་མཐོ་སྒང་དུའང་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་བཀའ་གནང་སྟེ། གཙོ་བོ་ཉི་འོད་དང་རླུང་གི་ནུས་ཤུགས་བེད་སྤྱོད་དང་གཞན་ཡང་དེང་རབས་ཀྱི་འཕྲུལ་ལས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་གནང་བར་འབད་བརྩོན་གནང་དགོས་བའི་ལམ་སྟོན་སྩལ་ཏེ་དེ་རིང་གི་མཛད་རིམ་ལེགས་པར་མཇུག་སྒྲིལ་སོང་།

ཨནྡྲ་མངའ་ཁུལ་དུ་ཆར་ཞོད་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་ཁུལ་དུ་ཆར་ཤོད་འོག་ཁུལ་དེའི་མི་རྒྱུ་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ཐུགས་འཚབ་དང་སྦྲགས། མགོན་པོ་མཆོག་ནས་གོད་ཆག་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ཕྱག་དངུལ་གསོལ་བསྩལ་མཛད་རྒྱུ་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག རྩ་བའི་འདས་པའི་བདུན་ཕྲག་ཁ་ཤས་ནང་དུ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་ཅིག་ཏུ་དྲག་ཆར་རླུང་འཚུབ་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཁྲོད། འདས་པའི་ཉིན་ཤས་ནང་ Andhra Pradesh མངའ་ཁུལ་གྱི་ Chitoor དང་ Kadapa གཙོས་པའི་ Anantpur རྫོང་ཁག་ཏུ་ཁ་སང་བར་མི་སྟོང་ཕྲག་ ༢༠ ཙམ་ས་གནས་གཞན་དུ་གནས་སྤོར་བྱེད་དགོས་བྱུང་བ་དང་། མི་ ༢༥ ཙམ་འདས་གྲོངས་སུ་གྱུར་བ། དེ་བཞིན་མི་ ༣༠ ལྷག་གར་སོང་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ Andhra Pradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Y S Jagan Mohan Reddy མཆོག་གི་མཚན་ཐོག་ལ་ཐུགས་གསོའི་བཀའ་ཡིག་ཞིག་སྩལ་ཡོད་པའི་ནང་དུ་ད་ལྟ་མངའ་སྡེའི་ནང་དུ་དྲག་ཆར་གྱི་གོད་ཆག་འབྱུང་བཞིན་པར་ཐུགས་འཚབ་དང་འབྲེལ། བློན་ཆེན་མཆོག་གིས་དབུས་པའི་ཆར་ཤོད་འོག་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་དང་དཀའ་ངལ་འོག་ཚུད་པ་ཚང་མར་ཐུགས་གསོ་མཛད་པ་མ་ཟད་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག མགོན་པོ་མཆོག་གིས་མངའ་སྡེ་གཞུང་དང་རྒྱལ་ཡོངས་གོད་ཆག་མྱུར་སྐྱོབ་ཚོགས་པ་སོགས་ནས་མྱུར་སྐྱོབ་དང་ངལ་སེལ་གྱི་ཕྱག་ལས་ཁྱད་དུ་འཕགས་པ་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ། Andhra Pradesh མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ཕྱག་དངུལ་གསོལ་བསྩལ་མཛད་རྒྱུ་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་བཀའ་ཡིག་དེའི་ནང་ད་དུང་མགོན་པ་མཆོག་དེ་སྔ་ Andhra མངའ་སྡེ་ནང་དུ་ཆིབས་བསྒྱུར་ཐེངས་ཁ་ཤས་མཛད་མྱོང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༠༦ ལོར་ Amravati དུ་དུས་འཁོར་དབང་ཆེན་བསྩལ་ཡོད་པ་མ་ཟད། Guntur རྫོང་ཁུལ་གྱི་ Nagarjunakonda ས་གནས་སུ་གནས་གཟིགས་ཀྱང་མཛད་ཡོད་སྐོར་བཀའ་སྩལ་དང་འབྲེལ། སྐབས་དེར་མངའ་སྡེའི་་གཞུང་གི་ངོས་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་མཐུན་འགྱུར་གང་ལེགས་སྦྱར་ཡོད་པ་ད་ལྟ་ཡང་བཀའ་དྲིན་ཆེན་པོ་དགོངས་བཞིན་ཡོད་ཅེས་བཀའ་སྩལ་འདུག  

༸གོང་ས་མཆོག་གིས་སྲིད་སྐྱོང་མཆོག་གཙོས་བཀའ་བློན་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ་བ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་རྣམ་པར་དམིགས་བསལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་འདུགབོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་རྒྱའི་ཐོག་དམིགས་བསལ་མཇལ་ཁ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་བཀའ་ཤག་སྐབས་ ༡༦ པའི་ལས་བསྡོམས་དང་མ་འོངས་ལས་འཆར་སྐོར་སྙིང་བསྡུས་རེ་སྙན་སེང་ཞུས་པར་མ་ཟད། ལྷག་དོན་སྲིད་སྐྱོང་མཆོག་གིས་སྐབས་ ༡༦ པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཞག་ཐོག་ཤར་སྐྱོད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་སྙན་སེང་ཞུས་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་རྣམ་པར་བོད་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་སྤྱིར་སྨན་པའི་མཛད་ཁུར་ཆེ་བཞེས་མཛད་བཞིན་ཡོད་པ་ལྟར་ཚང་མས་དོ་སྣང་དང་ཧུར་སྐྱེད་བྱེད་དགོས་ཞེས་སོགས་ལམ་སྟོན་བཀྲིན་ཆེ་བ་སྩལ་གནང་མཛད་འདུགགཞི་རྩའི་བཀའ་དྲུང་ཡིག་ཚང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་སྐབས་ ༡༦ པའི་བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པ་གསུམ་གྱིས་བཀའ་བློན་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཟིན་རྗེས། བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་རྣམ་པའི་མཛད་ཁུར་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་གྱི་མཛད་ཁུར་བཞེས་རྒྱུ་ཡིན་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་དང་ཆོས་རིག་ལས་ཁུངས་དང་ནང་སྲིད། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་གཅིག་ལྕོགས་ཀྱི་མཛད་འགན་བཞེས་རྒྱུ་ཡིན་པ་བཅས་ཐུགས་གཏན་ཁེལ་ཡོད།

Latest news