Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ།

ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༠ འཚོགས་བཞིན་པ་དང་བསྟུན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་སོང་།ཁ་སང་ཕྱི་ཚེས་ ༢༤ ཉིན་འདི་ག་ཇི་ནི་ཝར་གནམ་གཤིས་གྲང་ངར་ཆེ་ཞིང་། ཆར་རླུང་དྲག་འཚུབ་ཆེ་བའི་ཁྲོད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣེ་ཁྲིད་དེ་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མདུན་ཐང་དུ་བོད་མི་དང་བོད་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་གནང་སྟེ་རྒྱ་གཞུང་བཙན་གནོན་འོག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་གཞིས་བཞུགས་བོད་མིའི་དཀའ་སྡུག་མངོན་གསལ་གནང་ཕྱིར་ལས་འགུལ་བ་རྣམ་པས་ཕྱག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་། རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམགས་ཏེ་ཞི་བའི་ངོ་རྒོལ་གནང་ཡོད།ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། སུད་སི་ས་གནས་བེུད་ལྷན་ཚོགས། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་རྒྱུན་ལྡན་ལྟར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་གི་མཚན་ཐོག་ལ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་ཕྲ་གསལ་བའི་ཞུ་སྙན་ཞིག་ཕུལ་ཡོད་པར་མ་ཟད། ལྷག་པར་དུ་ཞུ་སྙན་ནང་ཁོང་རྣམས་ནས་གཙོ་འཛིན་མཆོག་གིས་ཉེ་ཆར་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ཏེ་མང་ཚོགས་ཀྱི་རེ་བ་སྣང་མེད་དུ་བཏང་བ་དེས་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མཚན་གནས་ལོག་པར་སྤྱོད་ཡོད་སྟབས་བོད་མི་གཙོས་རྒྱ་ནག་གི་བཙན་གནོན་འོག་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་མང་ཚོགས་རྣམས་ཧ་ཅང་བློ་ཕམ་བྱུང་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ བརྒྱུད་ནས་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་གཉིས་མཉམ་རུབ་ཀྱིས་ད་བར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པའི་ནག་ཉེས་ཁག་འགན་ཁུར་ལྡན་པ་བཟོ་དགོས་པའི་ནན་བརྗོད་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་བ།

བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་། ད་ཆ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཞུ་དགོས་པ་སོགས་འཁོད་པའི་བསྒྲགས་གཏམ་ཞིག་གཏན་འབེབས་གནང་སྟེ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་སོང་། ཟླ་བ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ Washington DC དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་སྐུ་ཞབས་ Michael Van Walt Praag ལགས་ཀྱིས་གཙོས། ཐེངས་འདིའི་ཚོགས་ཆེན་གྱི་ཟིན་བྲིས་ཚོགས་ཆུང་ནས་ཚོགས་ཆེན་གྱི་སྤྱི་བསྒྲགས་རགས་ཟིན་ཚོགས་བཅར་བར་སྙན་སྒྲོན་དང་སྦྲགས། ཚོགས་བཅར་བ་རྣམས་ཀྱིས་དེའི་ཐོག་དགོས་ངེས་ཀྱི་བཅོས་སྒྲིག་དང་ཁ་སྣོན་སོགས་གནང་སྟེ་ཚོགས་ཆེན་གྱི་མཐའ་མའི་སྒྲགས་གཏམ་གཏན་འབེབས་གནང་སོང་། བསྒྲགས་གཏམ་གྱི་སྔོན་གླེང་ནང་ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༢༨ ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དངོས་སུ་ས་གནས་སུ་ཕེབས་པ་དང་། ཁག་ཅིག་དྲ་ཐོག་ནས་མཉམ་ཞུགས་གནང་སྟེ། བོད་ནང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་རྒྱུན་མར་གནས་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་ལ་གྲོས་བསྡུར་ཞིབ་རྒྱས་གནང་ཡོད་པ་སོགས་གསུངས་འདུག ལྷག་པར་དུ་བསྒྲགས་གཏམ་དེར་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་གུས་བརྩི་དང་། རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བཤད་པ་ལྟར་ངོས་ལེན་གནང་རྒྱུ་མེད་པ་དང་། བོད་འདི་རྒྱ་ནག་གི་ཆ་ཤས་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ། དེ་བཞིན་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཟུང་འབྲེལ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱའི་དབར་གྲོས་མོལ་ཡོང་ཐབས་ལ་འབད་རྩོན་གནང་དགོས་པའི་སྐུལ་འདེད་གནང་དགོས་སྐོར་སོགས་གསུངས་འདུག ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ནང་ལ་བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་དང་། ཉན་ཞིབ་ཀྱི་ལས་རིམ་འཚོགས་ཐབས་གནང་དགོས་པར་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་ཐག་གཅོད་གནང་གལ་ཆེ་བ་དང་། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་ད་བར་འཁྱོག་བཤད་བྱེད་བཞིན་པ་ཁག་ལ་གདོང་ལེན་གནང་དགོས་པ་སོགས་འཁོད་འདུག དེ་བཞིན་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་དང་། གཙང་པོ་ཁག་ཏུ་ཆུ་མཛོད་སྣ་མང་གསར་རྒྱག་བྱས་པ་སོགས་ཀྱི་ལས་གཞིའི་ཁྲོད་དུ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་གནས་བབ་ལ་དོ་ཕོག་དང་གནོད་འཚེ་ཆེན་པོ་བཏང་ཡོད་པ་སོགས་བཀོད་འདུག་པ་དང་སྦྲགས། ཚོགས་ཆེན་མཇུག་སྒྲིལ་མཛད་སྒོའི་སྐབས་སུ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་གྱི་ཚོགས་ཆེན་དང་འབྲེལ་བའི་གནས་ཚུལ་བརྗེ་ཡུལ་གྱི་དྲ་ཚིགས་ཤིག་ཀྱང་སླར་གསོ་གནང་ཡོད།སྐབས་དེར་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས། མུ་མཐུད་རྒྱ་གཞུང་གི་བྱེད་བབ་ཁག་ཐེར་འདོན་དང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།གཞི་རྩའི་ཐེངས་འདིའིཨ་རིའི་རྒྱལ་སར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོ་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཚོགས་ཏེ་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་བ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དངོས་སུ་ཆེད་ཕེབས་ཀྱིས་གསུང་བཤད་སོགས་གནང་ཡོད་པ་དང་། ཚོགས་འདུ་ཉིན་གཉིས་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་ཀྱི་ལོ་རྒྱུས་གནས་བབ། བོད་མཐོ་སྒང་གི་ཁོར་ཡུག མང་གཙོ་སོགས་གནད་དོན་མང་དག་ཅིག་གི་ཐོག་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད། གཞན་ཡང་ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་ཆེད་བཅར་གནང་ཡོད་པ་ལྟར། དེ་རིང་ནས་ཉིན་གྲངས་གཉིས་ཀྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལྷན་རྒྱས་དབུ་ཞུགས་ཐོག་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་སྐོང་ཚོགས་གནང་གི་ཡོད་འདུག

༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་ཅེས་བཀའ་བཞེས་སྨིན་སྩལ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་སྦྲགས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་དབང་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་པ་དང་དེ་ལྟར་ཐུབ་ཀྱི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༦ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ནས་༸སྐུའི་ཚེ་སྒྲུབ་གནང་གྲུབ་མཚམས་སུ་ཚོུད་ ༧༌༢༠ ཡོལ་ཙམ་ལ་ཚོགས་ཁག་གི་སྐུ་ཚབ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ་ཏེ་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྩར་དགོངས་ཡངས་ཆེན་པོས་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་གྱུར་བ་མཁྱཻན། མཁྱཻན། མཁྱཻན་ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་མཛད་རིམ་ཡོངས་སུ་གྲུབ་པ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འཇོལ་ཀོང་རྒྱལ་གསུམ་གཙོས་ཚོགས་པ་ལྔས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། ལས་དང་སྨོན་ལམ་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་སེམས་ཤུགས་དང་ཡིད་ཆེས་ཡོད་པ་ལྟར་བཞུགས་ཐུབ་ངེས་ཡིན་སྟབས། ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་སོང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་གསལ་བར་ཐུགས་རེ་གནང་ཆོག་པ་དང་དེའང་དེང་སྐབས་རྒྱ་ནག་ནང་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་འདུག་ལ། བོད་ཀྱི་ནང་ཆོས་དང་༸གོང་ས་མཆོག་གི་མཚན་གནས་སོགས་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་བོད་ཀྱི་བདེན་དོན་གསལ་བར་སེམས་ཤུགས་བསྐྱེད་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་བོད་ཀྱི་ཆབ་སྲིད་ཀྱི་༸སྐུ་དབང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་བཀའ་སྤྱི་གཉིས་ཞེས་ཡག་ཐག་ཆོད་ཡོད་རེད། ཁོང་རྣམ་པས་དྲང་པོ་དྲང་བཞག་གིས་ཚགས་ཚུད་ངང་ཕྱག་ལས་གནང་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ལྷོད་ལྷོད་ཐོག་ནས་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཡོད། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་ཡར་འབྲོག་གཞིས་བྱེས་མི་མང་གི་མང་ཚོགས། འཇོལ་ཀོང་རྒྱལ་གསུམ་གྱི་མང་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་མང་ཚོགས། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་གི་མང་ཚོགས། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་ལགས་བཅས་སོགས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་བའི་ཐོག་ནས་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།བརྟན་བཞུགས་བསྟར་འབུལ་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་གིས་གཙོས་པའི་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་ཕེབས་འདུག ༸སྐུ་པར་ཁག་ཅིག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཕྱིར་དམིགས་པའི་བཅའ་སྡོད་སློབ་གྲྭའི་སྐོར་སྙན་སེང་།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ འཚོགས་བཞིན་པའི་ཐོག་བོད་མིའི་སྐུ་ཚབ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་སུ་རྒྱ་མི་རིགས་ཀྱི་མེ་སེར་སྤེལ་ཡུལ་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱེད་བཞིན་པའི་ཛ་དྲག་གནད་དོན་ལྷན་ཚོགས་སུ་སྙན་སེང་ཞུས་ཏེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ནས་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བར་དམིགས་པའི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱི་ལས་གཞི་འཕྲལ་མར་འཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུགཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤེས་ཡོན་སློབ་གསོ་རང་དབང་དང་འབྲེལ་བའི་ཚོགས་དུས་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Metten ལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་གཉིས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་མི་སེར་སྤེལ་ཡུལ་གྱི་ཤེས་ཡོན་སློབ་གསོའི་སྐོར་སྙན་སེང་ཞུས་ཡོད་པ་རེད།སྐབས་དེར་སྐུ་ཞབས་ Vincent ལགས་ཀྱིས་ Helsinki Foundation for Human Rights ཞེས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་ལོ་ན་ ༤ ཡན་བོད་ཕྲུག་འབུམ་གཅིག་ལྷག་བཙན་དབང་གིས་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་རྒྱ་ཡིག་ཁོ་ནའི་ཤེས་ཡོན་སློབ་གསོ་སྤེལ་ཆེད་ས་གནས་སུ་གཞུང་གི་བཅའ་སྡོད་སློབ་གྲྭར་བཅུག་ནས་རང་ཁྱིམ་ནས་ཁ་བྲལ་དུ་བཏང་བའི་བོད་ཕྲུག་ཚོར་རྒྱ་ནག་གི་ཆབ་སྲིད་ཤེས་ཡོན་སློབ་གསོ་སྤྲོད་བཞིན་ཡོད་པར་མ་ཟད། རྒྱ་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭར་རང་ཉིད་ཀྱི་བུ་ཕྲུག་མ་བརྫང་མཁན་བོད་པའི་ཕ་མ་ཚོར་རྒྱ་གཞུང་གིས་གཞུང་གི་མིང་ཐོ་ནག་པོར་བཅུག་ནས་དཔལ་འབྱོར་ཉེས་ཆད་གཏོང་བཞིན་ཡོད་སྐོར་སོགས་ལྷན་ཚོགས་སུ་སྙན་སེང་ཞུས་པ་དང་འབྲེལ། རིམ་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་གསུངས་འདུགསྐལ་ལྡན་མཚོ་མོ་ལགས་ཀྱིས་ Society for Threatened Peoples ཞེས་པའི་མིང་ཐོག་ནས་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ངང་བོད་ནང་གི་བོད་ཕྲུག་ཚོར་རང་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུའི་སློབ་གསོའི་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཤེས་ཡོན་སློབ་གསོ་དེ་ད་ཆ་རྒྱ་གཞུང་གི་ཆབ་སྲིད་བསམ་བློ་རྒྱ་བསྐྱེད་དང་སྟངས་འཛིན་བྱ་རྒྱུའི་ལག་ཆར་སྤྱོད་བཞིན་ཡོད་པ་སྙན་སེང་ཞུས་འདུག ད་ཆ་བོད་ནང་གི་ན་ཆུང་བྱིས་པ་དང་བོད་རིགས་གཞོན་སྐྱེས་ཚོ་ནི་ཞི་ཅིན་ཕིང་གིས་ཧན་མི་རིགས་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་ལས་འགུལ་གྱི་དམིགས་འབེན་དུ་གྱུར་ཡོད་ཅེས་གསུངས་འདུགསྐུ་ཞབས་ Vincent ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ནང་གསལ་མི་རིགས་ཀྱི་དབྱེ་འབྱེད་དང། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་ཐོབ་ཐང། དེ་བཞིན་ཕྲུ་གུའི་ཐོབ་ཐང་བཅས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་མང་དག་ཅིག་དང་ཡོངས་སུ་འགལ་ཡོད་པར་མ་ཟད། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལས་ཀྱང་འགལ་ཡོད་པ་རེད་ཅེས་གསུངས་ཏེ། ལྷན་ཚོགས་བརྒྱུད་ནས་ཁོང་རྣམ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་ཚོགས་ཁེ་ལས་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་རྒྱ་གཞུང་གིས་ད་ཆ་བོད་མི་རིགས་རྩ་མེད་བཟོ་བར་དམིགས་པའི་བཅའ་སྡོད་སློབ་གྲྭའི་ལས་གཞི་སྤེལ་བཞིན་ཡོད་པ་ཁག་འཕྲལ་མར་མཚམས་འཇོག་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་འདུག ལྷན་ཚོགས་ཐོག་ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་མཁན་བོད་མི་རྩོམ་པ་པོ་དང་ཤེས་ཡོན་ཅན། གླུ་བ། སློབ་ཕྲུག་སོགས་ཀྱི་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་བ། འཛིན་བཟུང། དེ་བཞིན་བཀག་ཉར་བྱེད་བཞིན་ཡོད་སྐོར་སོགས་ལྷན་ཚོགས་ཐོག་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་དམིགས་བསས་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ནས་དེ་དང་འབྲེལ་བའི་གང་གནང་འཆར་ཡོད་དམ་ཞེས་དང། དེ་བཞིན་བོད་ནང་གི་བོད་ཕྲུག་ཚོར་འདྲ་མཉམ་གྱི་གུས་བརྩི་ཡོད་པའི་ཐོག་ནས་བོད་པའི་སྐད་ཡིག་སློབ་རྒྱུའི་ཐོབ་ཐང་ཇི་ལྟར་བསྐྲུན་ཐུབ་བམ་ཞེས་ལྷན་ཚོགས་ཐོག་འདྲི་རྩད་ཀྱང་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་ཨ་རིའི་རྒྱལ་ས་ Washington DC དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ DSG ༡༡ ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་  ༨ པ་དངོས་སུ་དབུ་འཛུགས་གནང་སོང་།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་འདི་ལྟ་བུའི་ཚོགས་ཆེན་ཐོག་ལ་ཆབ་སྲིད་ཁོ་ན་ཙམ་མིན་པར་འཛམས་གླིང་སྤྱིར་ཞབས་འདེགས་སྒྲུབ་ཐུབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་བཟང་པོ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཐུགས་འཁུར་ཆེ་ཙམ་བཞེས་གནད་ཡིན་པ་བཀའ་སྩལ་སོང་།ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པའི་རྒྱབ་སྐྱོར་འདི་ནི་བོད་མིའི་རང་དབང་འཐབ་རྩོད་དང་བོད་མི་རྣམས་རང་དབང་ལྡན་པའི་ཐོག་ནས་ཕྱིར་སོ་སོའི་ལུང་པར་ཕེབས་ཐུབ་རྒྱུའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་དཔང་རྟགས་ཤིག་མཚོན་གྱི་ཡོད་པ་སོགས་གསུངས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད།མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་འདི་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་གྲོས་ཚོགས་འཐུན་མི་སྐུ་ཞབས་ Jim McGovern མཆོག་རྣམ་གཉིས་ཀྱིས་དབུས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གི་མཐུན་འགྱུར་རོགས་རམ་གནང་བའི་ཐོག་ནས་གོ་སྒྲིག་ཞུ་རྒྱུ་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ནི་ཛ་དྲག་རང་བཞིན་ཅན་ཞིག་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་སྟེ། རྒྱ་གཞུང་གི་བྱེད་བབ་དེ་དག་ལ་བོད་མིའི་ངོས་ནས་ངོས་བཞེས་རྩ་བ་ནས་གནང་གི་མེད་པ་ལྟར་རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་གཞུང་གི་བྱེད་བབ་དེ་དག་ལ་ངོས་བཞེས་གནང་རྒྱུ་མེད་པ་གསུངས་ཡོད།ལྷག་དོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་འདི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ལྡན་ཡོད་ཀྱང་། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་འོག་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་སྒྲིག་ཡོང་རྒྱུར་བཅོས་མིན་གྱི་འབད་བརྩོ་ཞུས་དང་ཞུ་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས་ཏེ། རྒྱ་གཞུང་གི་འགོ་ཁྲིད་ཚོས་ལོ་རྒྱུས་ཀྱི་འགན་ཁུར་དང་ཆབ་སྲིད་ཀྱི་རྣམ་སྤྱོད་ལྡན་པའི་ཐོག་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་དགོས་ཞེས་གསུངས་ཡོད།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་ཐེངས་འདིའི་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་འབྲེལ། བོད་ཀྱི་གནད་དོན་ནི་ཕྱོགས་གཅིག་ནས་བདེན་པའི་གནད་དོན་དང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བཟང་པོའི་གོམས་གཤིས་ཡོད་པ་འདི་བོད་མི་ཙམ་མིན་པར་འཛམ་གླིང་སྤྱིར་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས་ད་ཆ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱམས་བརྩེ་དང་བཟང་པོའི་ཆ་དེ་དག་ལ་ཐུགས་སྣང་གསར་པ་ཞིག་སླེབས་ཡོད་ཅེས་བཀའ་སྩལ་ཡོད།ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་སྐབས་རྣམ་པ་ཚོས་བོད་ཀྱི་ཆབ་སྲིད་དཀའ་ངལ་ཐོག་བཀའ་མོལ་གནང་རྒྱུ་དང་གཙོ་བོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་བཟང་པོ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།གསུང་འཕྲིན་ནང་ད་དུང་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་རིག་གཞུང་གི་གལ་གནད་དང་འབྲེལ་བའི་བཀའ་སྩལ་ཏེ་སེམས་པ་བཟང་པོ་བྱ་རྒྱུའི་རིག་གཞུང་འདི་དེང་དུས་ཀྱི་ཤེས་ཡོན་སྡེ་ཁག་ཏུ་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་བསླབ་རྒྱུར་ཤུགས་སྣོན་རྒྱག་ཐུབ་ཚེ་དགེ་མཚན་ལྡན་ངེས་ཡིན་པ་ལམ་སྟོན་མཛད་སོང་།དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་དང་བོད་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཁག་ལག་བསྟར་བྱེད་བཞིན་པ་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ལྟ་གྲུབ་དང་ཡོངས་སུ་འགལ་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས་ཏེ། རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུར་འཛེམ་ཟོན་གནང་ནས་བཞུགས་ཚེ་རྣམ་ཀུན་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གླེང་སློང་གནང་རྒྱུའི་འོས་བབ་མེད་ཅེས་གསུངས་ཡོད། དེ་བཞིན་ལྕམ་སྐུ་མཆོག་གིས་སྐུ་ཉིད་མཆོག་ཐོག་མར་བོད་ཀྱི་གནད་དོན་དང་འབྲེལ་བ་ཇི་ལྟར་བྱུང་ཚུལ་བརྒྱུད་རིམ་ཁག་ཅིག་དྲན་གསོ་དང་སྦྲགས་ད་བར་ཨ་རིའི་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབ་གནང་བ་ཁག་གི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།དབུ་འབྱེད་མཛད་སྒོ་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Damon Wilson ལགས་ཀྱིས་ཀྱང་རྒྱ་གཞུང་གི་བྱེད་བབ་ཁག་ལ་གདོང་ལེན་གནང་བར་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱི་ནུས་པ་སྤུངས་གནད་ཆགས་ཡོད་པ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ནུས་པ་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་གལ་གནད་ཐོག་གསུང་བཤད་གནང་ཡོད།གཞི་རྩའི་དེ་རིང་ཨ་རིའི་རྒྱལ་ས་ Washington DC ཁུལ་དུ་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་འདི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ནས་གྲོས་ཚོགས་འཐུས་མི་དང་མཁས་དབང་། དེ་བཞིན་ལས་འགུལ་བ་སོགས་ཁྱོན་ཚོགས་བཅར་བ་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། སང་ཉིན་ཚོགས་དུས་ཉིན་གཉིས་པའི་སྔ་ཐོག་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་དམིགས་བསལ་ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོགས་ཀྱི་ཡོད་པ་རེད།

སྤྱི་མང་ཐོབ་ཐང་གི་ཐེབས་རྩ་ཁང་གསར་འཛུགས་གནང་རྒྱུའི་གསལ་བསྒྲགས།

ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ཀྱིས་ཁོང་ནས་གང་མགྱོགས་རྒྱ་ནག་དང་ཊར་ཀི་ལྟ་བུའི་མང་ཚོགས་ཀྱི་ཐོབ་ཐང་རྩོད་ལེན་སླད་ཐེབས་རྩ་ཁང་ཞིག་གསར་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག སྐུ་ཞབས་ Enes Kanter Freedom ལགས་ཀྱིས་འཕྲུལ་སྒྲ་དྲ་ལམ་ཐོག་སྤྱི་མང་ཐོབ་ཐང་གི་ཐེབས་རྩ་ཁང་དེ་རྒྱལ་སྤྱིའི་ཁྲོད་རང་དབང་དང་ཞི་འཇགས། དབུལ་ཕོངས་ཀྱི་ངལ་བ་སེལ་ཐབས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གོང་མཐོར་བཅས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་གསུངས་འདུག་པ་དང་། རེས་གཟའ་ཕུར་བུ་ཉིན་ Capitol Hill དུ་གསར་འགོད་གསལ་བསྒྲགས་སྤེལ་བ་བརྒྱུད་ཐེབས་རྩ་ཁང་དབུ་འབྱེད་གནང་རྒྱུ་རེད་འདུག ཁོང་གིས་ Washington Times གསར་ཁང་ལ་མི་མང་པོ་ཞིག་གིས་ང་ལ་སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཡིན་ནམ་མང་གཙོ་ཚོགས་པའི་ཕྱོགས་གཏོགས་ཡིན་ནམ་ཞེས་བཅར་འདྲི་གནང་གི་འདུག་ཀྱང་། རང་ཉིད་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་ཕྱོགས་གཏོགས་གང་གི་ཁོངས་སུ་ཞུགས་འདོད་མེད། ལྷག་པར་དྲང་བདེན་གྱི་དོན་དུ་ཡོད་ཚོད་བློས་བཏང་དགོས་ཀྱང་དེ་ལྟར་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Enes Kanter Freedom ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་རིམ་པ་གནང་རྐྱེན་རྒྱ་གཞུང་ནས་དེ་སྔ་ཁོང་གི་རུ་ཁག་ Boston Celtics གི་རྩེད་མོ་ཡོངས་རྒྱ་ནག་དང་ཧོང་ཀོང་ནང་རྒྱང་བསྲིང་བཀག་སྡོམ་བྱས་ཡོད་པ་རེད།སིལ་སྤོལ་རུ་ཁག་ Boston Celtics གིས་ཁོང་ Houston Rockets རུ་ཁག་ལ་ཚོང་འབྲེལ་བྱས་པ་དང་མཐར་སིལ་སྤོལ་རུ་ཁག་དེས་ཀྱང་ཉར་མེད་པའི་གནས་ཚུལ་བྱུང་ཡོད།    ཁོང་གིས་གལ་ཏེ་ངས་ཊར་ཀིའི་གནད་དོན་གཅིག་པུ་བཤད་པ་དང་རྒྱ་ནག་གི་སྐོར་ལ་གང་ཡང་མ་བཤད་ཚེ་ད་ལྟའི་ཆར་སིལ་སྤོལ་རྩེད་འགྲན་ནང་མུ་མཐུད་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་ངེས་རེད་ཅེས་དང་། ལྷག་དོན་ཁོང་གིས་སིལ་སྤོལ་རྩེད་འགྲན་རུ་ཁག་གི་སྦྱིན་བདག་རྣམས་ནི་དངུལ་དང་ཚོང་ཁོ་ནར་དམིགས་པ་མ་གཏོགས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་དང་དོ་སྣང་གནང་གི་མེད་ཅེས་གསུངས་འདུག

བུ་ཆུང་བསོད་ནམས་ལགས་སུ་སྒྱུར་རྩོམ་ཐོག་ཨོས་ཊ་ན་རྩོམ་རིག་གཟེངས་རྟགས་ཐོབ་པ།

བཞུགས་སྒར་དུ་གནས་བཞུགས་རྩོམ་པ་པོ་དང་སྙན་ངག་པ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་ཁོང་གིས་རྩོམ་བྲིས་དང་སྒྱུར་རྩོམ་གྱི་ལས་དོན་བརྒྱུད་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐད་ཞབས་འདེགས་རྒྱ་མི་ཆུང་བ་ཞུས་པར་ངོས་བཞེས་ཀྱིས་ Ostana Prize youth award ཞེས་པའི་རྩོམ་རིག་གཟེངས་རྟགས་གནང་འདུག བསོད་ནམས་ལགས་ཀྱིས་ཁོང་ལ་གཟེངས་རྟགས་དེ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། རྒྱ་ནག་གིས་རྩ་མེད་བཟོ་བཞིན་པའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་ངོས་འཛིན་ཞིག་ཐོབ་ཡོད་སྐོར་གསུངས་འདུག་པ་དང་། བཙན་བྱོལ་ལ་ཆ་མཚོན་ན་ནུབ་ཕྱོགས་སུ་མུ་མཐུད་དེ་གནས་སྤོ་གནང་བ་དེས་ང་ཚོའི་སྐད་ཡིག་སྲུང་སྐྱོབ་ཆེད་གདོང་ལེན་ཆེན་པོ་གནང་ཡུལ་ཞིག་ཆགས་ཡོད་སྐོར་ཁ་སང་བསྒྲགས་གཏམ་སྤེལ་བའི་ནང་གསུངས་འདུག Ostana Prize youth award ཞེས་པའི་རྩོམ་རིག་གཟེངས་རྟགས་དེ་ནི་ཨི་ཊ་ལི་ནང་གི་ཨོས་ཊ་ནའི་སྤྱི་ཁྱབ་ལྷན་ཁང་དང་། Chambra d'Oc རིག་གཞུང་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་རང་གི་སྐད་ཡིག་སྲུང་སྐྱོབ་དང་གོང་མཐོར་སླད་རྩོམ་བྲིས་གནང་མཁན་རྩོམ་པ་པོ་ཚོར་གནང་སྲོལ་ཡོད་པ་རེད། བུ་ཆུང་ལྡུམ་ར་བསོད་ནམས་ལགས་བོད་དུ་སྐྱེས་ཤིང་། ལོ་ན་ཆུང་དུས་ནས་བཙན་བྱོལ་དུ་འབྱོར་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཁོང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནང་སློབ་སྦྱོང་གནང་སྟེ་རིམ་པས་ཨ་རིའི་བྷོས་ཊོན་ནང་གི་ Emerson མཐོ་སློབ་ཏུ་གསར་འགོད་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ཁོང་གིས་ Tibet Writes དཔར་སྐྲུན་ཁང་གསར་འཛུགས་གནང་ཡོད་པར་མ་ཟད་ཕྱི་ལོ་ ༢༠༢༢ ནང་བདེ་བ་ཅན་གྱི་གླུ་གཞས་དང་། ཕྱི་ལོ་ ༢༠༡༣ ལོར་གཡག་གི་རྭ་ཅོ་ Yak Horns གཙོས་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པའི་སྒྱུར་རྩོམ་དང་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་མུས་ཡིན་པ་རེད། འབྲེལ་ཡོད་པར་བུ་ཆུང་ལྡུམ་ར་བསོད་ནམས་ཀྱི་ངོ་དེབ།

བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས།

ཉེ་ལམ་གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་དང་ན་གཞོན་ཤེས་ཡོན་པ་ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ལགས་གཉིས་སུ་ལོ་བཞི་དང་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གིས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དང་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མ་ཉིད་དུ་གློད་བཀྲོལ་དགོས་ཞེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ནས་གཞིས་བཞུགས་བོད་མི་རྣམས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པའི་ཐོག་རང་གི་ངོ་བོ་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་གནང་བར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་གིས་ཁྲིམས་ཐག་བཅད་པར་མ་ཟད་གཞིས་བཞུགས་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ལ་ཆེད་དུ་དམིགས་ཏེ་ཟླ་བ་མང་པོའི་རིང་བཀག་བསྐྱིལ་ཁང་དུ་ཁྲིམས་ཆད་ལྕི་མོ་གཏོང་གི་ཡོད་པ་གསུངས་འདུག ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཁྲོད་ནས་རྩོམ་པ་པོ་རྣམས་རྒྱ་གཞུང་ཉེན་རྟོག་པས་ལྟ་སྲུང་དང་དྲ་རྒྱའི་དམ་དྲག་འོག་ལྷུང་བའི་གནས་སུ་གྱུར་ཡོད་པ་དང་། ཁོང་རྣམ་པའི་བྲིས་པའི་རྩོམ་རིག་གི་ནང་དོན་དེ་དག་ཁྲིམས་འགལ་དང་རྒྱལ་ཁབ་བདེ་འཇག་ལ་གནོད་གཞི་བཟོས་འདུག་ཟེར་ནས་ཉེས་འཛུགས་བྱས་ཀྱང་། འཛིན་བཟུང་བྱས་པའི་རྩོམ་པ་པོ་ཕལ་མོ་ཆེའི་རྩོམ་ཡིག་ནང་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ནང་དོན་གང་ཡང་མེད་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་ཉེ་བའི་ཆར་ནས་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་འཛིན་བཟུང་བཙན་ཁྲིད་ཀྱིས་ཁྲིམས་ཆད་ལྕི་མོ་བཏང་བ་དེས་རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་ཤེས་ཡོན་ཅན་རྣམས་ཀྱི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཞུ་གཏུག་ལས་གཞིར་གཉའ་གནོན་དང་ཁོང་རྣམ་པའི་ཞལ་བཀག་ཐབས་བྱེད་ཀྱི་ཡོད་སྟབས། རྒྱ་གཞུང་ནས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་དེ་ངེས་པར་དུ་མཚམས་འཇོག་དང་བོད་མིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་ཞེས་གསུངས་འདུག གཞི་རྩའི་ཉེ་ལམ་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་མཇུག་ཙམ་ནས་འཛིན་བཟུང་བྱས་པའི་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སུ་འདས་ལོ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་བསྐུལ་ཞེས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཏང་ཡོད་པ་དང་། དེ་བཞིན་བོད་ཁམས་ཕྱོགས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་ཅན་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞེས་པ་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་བབ་འོག་ལྷག་རྗེས་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༤ ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། འབྲེལ་ཡོད་པར་སྒྲིག་བཟོ་བ་བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ལྕམ་སྐུ་Uzra Zeya མཆོག་དང་ Diane Fienstin མཆོག་རྣམ་གཉིས་དང་མཇལ་མོལ།

ཨ་རིའི་རྒྱལ་ས་ Washington DC ནང་དེ་རིང་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་  ༨ པ་དབུ་འཛུགས་གནང་གི་ཡོད་པ་ལྟར་ཁུལ་དེའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལྷན་འཛོམས་གནང་བ་དང་བསྟུན། ཁ་སང་ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༡༠་༣༠ ཐོག་ཁོང་རྣམ་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་མོལ་གནང་བ་དང་། ཕྱི་དྲོར་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Diane Fienstin མཆོག་དང་ལྷན་མཇལ་མོལ་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ལྕམ་སྐུ་ Zeya མཆོག་གིས་ཇི་ལྟར་མགྲོན་འབོད་གནང་བ་བཞིན་ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་བཅས་ལྕམ་སྐུ་མཆོག་གི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་མཇལ་མོལ་གནང་འདུགཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་ཀྱི་དྲྭ་བརྙན་ཚན་པར་འགྲེལ་བརྗོད་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་སྐབས་དེར་གཙོ་བོ་དམིགས་བསལ་འབྲེལ་མཐུད་པ་མཆོག་ལ་དབུ་མའི་ལམ་གྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཐད་ཞུ་འབོད་གནང་ཡོད་པ་དང་། སྤྱིར་ཨ་རི་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐད་ད་བར་རྒྱབ་སྐྱོར་ཆ་ཚང་གནང་ཡོད་ཀྱང་། ད་ལྟའི་ཆར་གདོང་ལེན་གནང་དགོས་པ་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་ཇི་ལྟར་འབྲེལ་གཏུག་བརྒྱུད་བོད་ཀྱི་གནད་དོན་ལ་འཛིན་སྐྱོང་རིམ་པའི་ཐོག་ནས་རྒྱབ་སྐྱོར་འཚོལ་སྒྲུབ་བྱ་རྒྱུ་དེ་ཡིན་པ་གསུངས་འདུགབོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དེ་རྗེས་ཕྱི་དྲོར་འདི་ལོའི་ཕྱི་ཟླ་དང་པོའི་ནང་དགོངས་པ་རྫོགས་པའི་བོད་ཀྱི་གྲོགས་པོ་རྙིང་གྲས་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Blum མཆོག་གི་སྐུ་ཟླ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Diane Fienstin མཆོག་དང་ལྷན་མཇལ་མོལ་གྱིས་བོད་དོན་གླེང་མོལ་དང་འབྲེལ་ཁོང་ལ་བཀྲིན་རྗེས་དྲན་མཚོན་ཕྱིར་སྤྱན་རས་གཟིགས་ཕྱག་བཞི་མའི་ཞལ་ཐང་ཞིག་ཕུལ་འདུགགཞི་རྩའི་ཨ་རིའི་རྒྱལ་ས་ Washington DC ནང་དེ་རིང་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་  ༨ པ་དབུ་འཛུགས་གནང་གི་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ནས་གྲོས་ཚོགས་འཐུས་མི་དང་མཁས་དབང་། དེ་བཞིན་ལས་འགུལ་བ་སོགས་ཁྱོན་ཚོགས་བཅར་བ་ ༡༠༠ ལྷག་དངོས་སུ་མཉམ་ཞུགས་གནང་སྟེ་བོད་ཀྱི་གནད་དོན་ཐད་ལ་བཀའ་བསྡུར་སྦྱང་བཤད་དང་བགྲོ་གླེང་སོགས་གནང་རྒྱུ་ཡིན་པ་རེད། འབྲེལ་ཡོད་པར་ཁག་བོད་མིའི་སྒྲིག་འཛུགས།

Latest news