Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རི་གཞུང་གིས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་ཕྱག་བལྟར་གནང་རྒྱུ་དབུ་འཛུགས།  

ཨ་རིའི་སྲིད་འཛིན་སྐུ་ཞབས་ Biden མཆོག་གིས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་རིགས་མཚམས་འཇོག་བྱ་རྒྱུར་དམིགས་པའི་ Uyghur Forced Labor Prevention Act ཞེས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་པ་ལྟར་ཨ་རིའི་གཞུང་གིས་ཁ་སང་ཚེས་ ༢༡ ནས་བཟུང་སྟེ་ཁྲིམས་གཞི་དེ་དངོས་སུ་ཕྱག་བསྟར་གནང་རྒྱུ་དབུ་འཛུགས་གནང་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony J. Blinken མཆོག་གིས་ཁ་སང་ཕྱི་ཚེས་ ༢༡ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཨ་རིའི་ཕྱི་ཚོང་དང་ས་མཚམས་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་ཀྱིས་ཤིན་ཅང་ཁུལ་ནས་ཐོན་པའི་དངོས་ཟོག་ཡོངས་རྫོགས་བཀག་སྡོམ་གནང་རྒྱུའི་ཁྲིམས་གཞི་དངོས་སུ་ཕྱག་བསྟར་དབུ་འཛུགས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་གཙོས་ཟུང་འབྲེལ་ཚོགས་སྡེ་ཁག་དང་ལྷན་དུ་མུ་མཐུད་མཉམ་ལས་གནང་སྟེ་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེར་དགག་བྱ་ནན་མོ་གནང་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གདལ་བཤིག་བཏང་བ་དེ་ལྟ་བུའི་དྲག་སྤྱོད་ལ་གདོང་ལེན་སླད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་རུབ་ཀྱིས་ནུས་ཤུགས་འདོན་རྒྱུ་ཡིན་སྐོར་བཀོད་འདུགཕྱི་སྲིད་དྲུང་ཆེ་མཆོག་གིས་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་འདྲ་ཞིག་ཏུ་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་གཙོས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གདལ་བཤིག་བཏང་བའི་ལས་དོན་རིགས་ལ་གདོང་ལེན་གནང་རྒྱུ་ནི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཁོང་གིས་དབུ་ཁྲིད་པའི་ཨ་རི་གཞུང་གཉིས་ལ་གལ་གནད་ཆེ་ཤོས་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། ང་ཚོས་ཤིན་ཅང་ནང་གི་ཡུ་གུར་བའི་ངལ་རྩོལ་གནས་སྟངས་ལ་གཞིགས་ཏེ་ད་བར་རྒྱ་ནག་ཐོག་ Magnitsky ཞེས་པའི་ཁྲིམས་གཞི་ལག་བསྟར་འོག་དཔོན་རིགས་ཁག་གཅིག་ལ་མཐོང་མཆན་བཀག་སྡོམ་དང་དཔལ་འབྱོར་གྱི་ཁྲིམས་བཅད། དེ་བཞིན་ཕྱི་ཚོང་དངོས་ཟོག་དམ་བསྒྲགས་གནང་རྒྱུ་སོགས་དོན་དམ་གྱི་འགན་ཁུར་ཐུབ་པའི་ལས་དོན་མང་དག་ཅིག་སྤེལ་ཡོད་པར་གསུངས་འདུགགཞན་ཡང་ཁོང་གིས་ང་ཚོས་བློ་མཐུན་ཟུང་འབྲེལ་ཚོགས་སྡེ་ཁག་དང་མུ་མཐུད་མཉམ་ལས་གནང་དགོས་པ་དང་ཁྲིམས་མཐུན་ཁ་དན་ཟིན་པའི་བཟོ་ཚོང་ཁག་ལའང་རྒྱ་ནག་གིས་ལོག་པར་སྤྱོད་པའི་བྱ་སྤྱོད་དག་ལས་ཁེ་འབབ་རྩ་བ་ནས་ལེན་རྒྱུ་མེད་པའི་དྲན་སྐུལ་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་པར་མ་ཟད། ང་ཚོའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་གནང་སྟེ་རྒྱལ་སྤྱིའི་ཁྲོམས་རའི་ཁྲོད་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ལས་བྱུང་བའི་དངོས་ཟོག་རིགས་མེད་པ་བཟོ་ཐབས་དང་། ཤིན་ཅང་ནང་དུ་རྒྱ་གཞུང་གིས་ཚབས་ཆེན་གྱི་བཙན་གནོན་བྱ་སྤྱོད་སྤེལ་ཁག་མཚམས་འཇོག་ཐུབ་ཐབས། ཁྱད་པར་དུ་རྒྱ་ནག་གཞུང་ལ་འཕྲལ་མར་ཉིད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དང་དེ་བཞིན་ངལ་རྩོལ་བསྒྱུར་བཀོད་ཀྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ཞུ་འབོད་གནང་བཞིན་ཡོད་པ་གསུངས་འདུགགཞི་རྩའི་འདས་ལོ་ནང་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་གིས་ཤིན་ཅང་ཁུལ་དུ་མི་མང་བཀག་སྐྱིལ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པར་སྐྱོན་བརྗོད་གནང་སྟེ་ཁུལ་དེ་ནས་ཐོན་པའི་དངོས་ཟོག་ཡོངས་རྫོགས་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གསར་པ་ཞིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཡོད་པར་མ་ཟད། སྐབས་དེའི་གྲོས་འཆར་འདོན་མཁན་སྐུ་ཞབས་ Marco Rubio ལགས་དང་ Jeff Merkley ལགས་རྣམ་གཉིས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཤིན་ཅང་དང་འབྲེལ་བའི་དངོས་ཟོག་བཀག་སྡོམ་གྱི་གྲོས་ཆོད་དེས་རྒྱ་ནག་དང་སྒོས་ཤིན་ཅང་གི་ངལ་རྩལ་བསྒྱུར་བཀོད་ལས་ཁེ་འབབ་བྱུང་མཁན་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་དང་། ལྷག་དོན་ཨ་རིའི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་རིགས་ལ་ནག་ཉེས་འགེལ་བཞིན་པ་དག་ལ་མིག་ལོང་བ་ལྟར་སྡོད་རྒྱུ་མེད་པར་བཟོ་ཚོང་ཁང་གཞན་ལའང་ཚུན་མིན་གྱི་བྱ་སྤྱོད་ཚབས་ཆེན་དག་ལས་ཁེ་འབབ་ལོངས་སུ་སྤྱོད་འཇུག་རྒྱུ་མིན་སྐོར་ནན་བརྗོད་གནང་ཡོད།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་དོན་ཞུ་གཏུག་གནང་བ།

བོད་མིའི་ལས་འགུལ་བ་སརྒྱས་སྐྱབས་ལགས་དང་རབ་དགའ་ལགས་རྣམས་གཉིས་ཁེ་ན་ཌའི་རྒྱལ་ས་ Ottawa ལ་འབྱོར་རྗེས་ཁ་སང་ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌའི་དབུས་གཞུང་གི་གྲོས་ཚོགས་སུ་མཇུག་སྒྲིལ་གནང་བ་དང་བསྟུན་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་གྲོས་ཚོགས་ཀྱི་ར་བར་མཇལ་འཕྲད་བརྒྱུད་བོད་དོན་ཞུ་གཏུག་གནང་འདུགདེ་ཡང་ཟླ་བ་འདིའི་ཚེས་ ༡༡ ཉིན་ཁེ་ན་ཌར་གནས་བཞུགས་བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་ཨ་རི་ Minnesota གནས་བཞུགས་བོད་མི་ལས་འགུལ་བ་རབ་དགའ་ལགས་རྣམ་པ་གཉིས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་བ་ལྟར་ཕྱི་ཚེས་ ༢༠ འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་ཁོང་རྣམ་གཉིས་ Ottawa ལ་འབྱོར་རྗེས་ཕྱི་ཚེས་ ༢༡ ཉིན་གྲོས་ཚོགས་ར་བར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Elizabeth May ལགས་དང་མཇལ་མོལ་གནང་སྟེ་བོད་དོན་ཞུ་གཏུག་གནང་འདུག་པར་མ་ཟད། སྐབས་དེར་ལྕམ་སྐུ་མཆོག་གིས་ལས་འགུལ་བ་གཉིས་ལ་མཇལ་དར་སྒྲོན་ནས་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་བཞིན་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་Arif Virani ལགས་དང་སྐུ་ཞབས་ Garnett Genius ལགས་རྣམ་གཉིས་དང་མཇལ་མོལ་བརྒྱུད་བོད་དོན་ཞུ་གཏུག་གནང་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ལས་འགུལ་བ་གཉིས་དང་མཇལ་མོལ་གནང་བ་དང་། སྐབས་དེར་ཁོང་རྣམ་གཉིས་ནས་ལས་འགུལ་འདི་གང་གི་ཕྱིར་སྤེལ་བ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་བརྙན་ཞིག་ཆེད་བཀོད་གནང་འདུག་པ་དང་། སྐུ་ཞབས་ Arif Virani ལགས་ཀྱིས་སརྒྱས་སྐྱབས་དང་རབ་དགའ་ལགས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་སླད་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་ཉིན་ལྟར་གོམ་བགྲོད་གནང་སྟེ་ལམ་བར་ན་བོད་དོན་གོ་རྟོགས་སྤེལ་བ་དང་དེ་བཞིན་གྲོས་ཚོགས་ལ་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག ཁོང་རྣམ་པ་གཉིས་ཀྱིས་དེ་ལྟར་རྒྱུན་སྲིང་ནས་ལས་འགུལ་སྤེལ་དོན་གང་ཡིན་ཞེས་བཀའ་འདྲི་ཞུས་པར་སརྒྱས་སྐྱབས་ལགས་ཀྱིས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཉིན་རེ་ལས་མ་འདས་པར་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ནང་གི་གནས་སྟངས་གོ་རྟོགས་སྤེལ་རྒྱུ་དང་ལྷག་པར་དུ་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་གང་ཡང་མེད་པའི་རྒྱུ་མཚན་དུ་བྱས་ནས་རྒྱལ་སྤྱིའི་དབུ་ཁྲིད་དང་མི་མང་ཡོངས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་དེ་ཡིན་པ་གསུངས་འདུགདེ་བཞིན་སརྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་ཁེ་ན་ཌའི་རྒྱལ་ས་ Ottawa ལ་འབྱོར་ཏེ། གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་སྐབས་བོད་དོན་ཞུ་གཏུག་ཞིབ་ཚགས་གནང་རྒྱུ་བྱུང་བར་གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀོད་འདུགགཞི་རྩའི་ཨ་རི་དང་ཁེ་ན་ཌ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཙོས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ལ་རོགས་པ་དགོས་པ། བོད་མི་སྐུ་མེར་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོའི་སྐུ་པར་སོགས་ཕྱག་ལ་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བར་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ལྔའི་སྒོ་ནས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་ Ottawa དང་ཕྱིར་ Ottawa ནས་ Toronto བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།བོད་མིའི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཕྱི་ལོ་ ༢༠༢༠ དང་ ༢༡ སོ་སོར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་རྗེས་སུ་བོད་དོན་ལས་འགུལ་སྤེལ་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

ཆར་ཞོད་ཀྱི་གོད་ཆག་ཕོག་པའི་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་མཛད་པ།

དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་དབྱར་དུས་ཀྱི་དུས་ཚོད་དང་བསྟུན་ཨ་སམ་ཁུལ་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་ཕོག་པས་ཆེས་ངལ་བ་འཕྲད་བཞིན་ཡོད་སྟབས། དེ་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Dr. Himanta B. Sharma མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་ནང་ཨ་སམ་གཙོས་རྒྱ་གར་གྱི་ས་གནས་མང་པོར་ལོ་བསྟུད་མར་དབྱར་དུས་ཀྱི་ཆར་ཞོད་ཀྱི་རྐྱེན་གྱིས་གོད་ཆག་བྱུང་གི་ཡོད་པ་དེ་ནི་སྟབས་མ་ལེགས་པ་ཞིག་དང་། ལྷག་པར་ད་རེས་ཨ་སམ་ཁུལ་དུ་ཆར་ཞོད་གོད་ཆག་ཆེ་རྐྱེན་མང་ཚོགས་ཀྱི་ཚེ་སྲོག་ཤོར་ཏེ་མི་རྒྱུ་གཉིས་ཀར་གྱོང་གུད་ཕོག་པར་ཐུགས་ཕམ་བྱུང་སྐོར་བཀའ་སྩལ་དང་སྦྲགས་ཏེ། ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ས་གནས་ལ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་སྤེལ་མཁན་ཚོར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགགཞི་རྩའི་དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། ཉེ་བའི་ཆར་རྒྱ་གར་བྱང་ཤར་ཕྱོགས་སུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་ལ་ཆར་ཞོད་ཤུགས་ཆེ་རྐྱེན་ཆུ་ལོག་དང་ས་རུད་སོགས་བྱུང་སྟེ་མང་ཚོགས་ཀྱི་འཚོ་ཐབས་སོགས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རེད། ཨ་སམ་མངའ་སྡེ་ནང་འདི་ལོའི་ཆར་ཞོད་ཀྱི་གོད་ཆག་ནི་སྔར་ལས་ལྷག་པ་བྱུང་ཡོད་པ་དང་ལྷག་དོན་ཨ་སམ་སྨད་ཕྱོགས་ཁུལ་དུ་གནོད་འཚེ་ཚབས་ཆེན་ཕོག་འདུག བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་སམ་ནང་དེ་རིང་བར་མི་ ༨༠ ལས་ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་རྫོང་ ༣༦ ཡོད་པའི་ཁོངས་ནས་རྫོང་ ༣༢ ནང་གི་མི་འབུམ་ ༤༨ ཙམ་ལ་ངལ་བ་འཕྲད་པ་བྱུང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རྒྱལ་ཁབ་ ༢༦ ནས་ཚོགས་བཅར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ནས་གྲོས་ཚོགས་འཐུས་མི་དང་མཁས་དབང་། དེ་བཞིན་ལས་འགུལ་བ་སོགས་ཁྱོན་ཚོགས་བཅར་བ་ ༡༠༠ ལྷག་དངོས་སུ་མཉམ་ཞུགས་གནང་སྟེ་བོད་ཀྱི་གནད་དོན་ཐད་ལ་བཀའ་བསྡུར་སྦྱང་བཤད་དང་བགྲོ་གླེང་སོགས་གནང་གཏན་ཁེལ་ཡོད།དེ་རིང་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པའི་གོ་སྒྲིག་ཚོགས་ཆུང་གིས་ཨ་རིའི་རྒྱལ་ས་ནས་ཚོགས་ཆེན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་འདུག གསར་འགོད་བསྒྲགས་གཏམ་ནང་ཐེངས་འདིའི་ཚོགས་ཆེན་འདི་ནི་དེ་སྔོན་ཚོགས་ཟིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བདུན་གྱི་རྒྱུན་མཐུད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་རྒྱུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོང་ཐབས་གནང་རྒྱུ་དེ་ཡིན་པ་གསུངས་པ་དང་ཆབས་ཅིག ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཚོགས་འཐུས་མིས་དབུས་པའི་གནད་ཡོད་མི་སྣ་བརྒྱ་ལྷག་དངོས་སུ་མཉམ་ཞུགས་དང་། གཞན་ཁག་གཅིག་དྲ་ཐོག་ནས་མཉམ་ཞུགས་གནང་གི་ཡོད་པ་གསུངས་འདུག ལྷག་དོན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་རྒྱུ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དངོས་སུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་པ་གསལ་འདུག དེ་བཞིན་རྒྱ་ནག་དམར་གཞུང་གིས་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་བོད་ནང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ཀྱང་། བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་དང་། ཆོས། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་ཐོག་ཆོད་སེམས་བརྟན་པོས་འབད་བརྩོན་རིམ་པ་གནང་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་ནང་རང་དབང་མེད་པའི་དངོས་ཡོད་གནས་ཚུལ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱལ་སྤྱིའི་ནང་ཞུ་སྐུལ་རིམ་པ་བྱས་དང་བྱེད་མུས་ཡིན་པར་འགྲེལ་བརྗོད་དང་སྦྲགས། ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྟེ། ཨ་རིའི་གྲོས་ཚོགས་ནས་ད་བར་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་། སྲིད་བྱུས་གཏན་འབེབས་གནང་བ་སོགས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མང་གཙོའི་ལྟ་གྲུབ་དང་། དེའི་རིན་ཐང་གལ་ཆེར་བརྩིས་ནས་དེའི་ཐོག་ཤར་བསྐྱོད་གནང་བཞིན་ཡོད་པར་དོ་སྣང་གནང་རྒྱུའི་འབོད་སྐུལ་ཞུས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་ ༨ པའི་དབུ་འབྱེད་མཛད་སྒོ་དེ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་འཚོགས་འཆར་ཡོད་པ་དང་། ཚོགས་དུས་ཉིན་གཉིས་རིང་ལ་རྐང་དེ་སྔའི་ཚོགས་ཆེན་ཐོག་བཀའ་བསྡུར་བྱུང་བའི་གནད་དོན་ཁག་ལ་མཇུག་སྐྱོང་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་མ་འོངས་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་དང་། ཚོགས་ཆེན་ཚོགས་དགོས་པའི་དགོས་དམིགས་གཙོ་བོ་ཁག་གཅིག་ནི། བོད་མིའི་ངོ་བོ་དང་། འཛམ་གླིང་ནང་ཞི་བདེ་གོང་སྤེལ་ཡོང་རྒྱུར་དམིགས་བསལ་གྱི་ནུས་པ་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཡོང་སླད་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གཙོ་བོ་སྣེ་ཁྲིད་ཀྱི་འགན་ཁུར་བཞེས་ཐབས་གནང་རྒྱུ་དང་། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་བཅས་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ལ་གྲོས་ཚོགས་འཐུས་མི་རྣམ་པས་དམིགས་བསལ་ཐུགས་སྣང་གནང་སྟེ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་ལྷན་གླེང་སློང་གནང་རྒྱུ། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་དབར་གང་མགྱོགས་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་གྲོས་ཚོགས་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ནང་ལས་འཆར་གང་ལེགས་སྤེལ་གནང་རྒྱུ་བཅས་ཆགས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། ཐེངས་འདིའི་ཨ་རིའི་རྒྱལ་སར་འཚོགས་རྒྱུའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་དབུས་པའི་བོད་མི་མང་སྤྱི་འཐུས་བཅིུས་ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དེ་བཞིན་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་བཅས་ལྷན་ཞུགས་གནང་གི་ཡོད་པ་རེད།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་༸རྒྱལ་བའི་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་བཞིན་པ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད། སྐབས་དེའི་༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་གཅིག་རིང་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་ལྟར་ཕྱི་ཚེས་ ༡༨ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་གཟའ་འཁོར་གཅིག་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་བཞིན་ཡོད་པར་མ་ཟད། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་འདུགརྩ་བའི་ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཐུན་མོང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སངས་ཀྱི་སྐུ་གསུང་ཐུགས་རྟེན་མཚོན་བྱེད་སངས་རྒྱས་ཀྱི་འདྲ་སྐུ་དང༌གསུང་རབ་གླེགས་བམ། མཆོད་རྟེན་བཅས་དང་། དེ་བཞིན་འབྲུ་སྣ་ལྔ་དང་རིན་ཆེན་སྣ་ལྔ་བཅས་ཆགས་ཀྱི་འདུགརྩ་བའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་། བཀའ་སློབ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ཀྱང་། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ཡར་རྒྱས་སུ་སོང་བར་བརྟེན་རིམ་པས་སྔར་བཞིན་མཛད་འཆར་ཁག་མུ་མཐུད་དབུ་འཛུགས་བསྐྱང་གནང་མཛད་པ་ལྟར། ཟླ་བ་ ༧ ཚེས་ ༨ ནས་ཚེས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། དེ་ཡང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་ཡོད་པར་མ་ཟད། དེ་བཞིན་ཟླ་བ་ ༩ ཚེས་ ༡༥ དང་ ༡༦ གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་བོད་ནམ་ཡང་མ་བརྗེད་ཅེས་གསུངས་འདུག

ཁ་སང་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྲོད་སྐྱབས་བཅོལ་བའི་མི་མང་ཚོས་རང་གི་ལོ་རྒྱུས་ཕྱིར་དྲན་གནང་སྟེ་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་ལྟར་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Hong Kong Watch ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Benedict Rogers ལགས་ཀྱིས་ང་ཚོས་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཏུ་འཛམ་གླིང་གི་ས་གནས་མང་པོ་ཞིག་ཏུ་ང་ཚོས་དོ་སྣང་གནང་དགོས་པར་མ་ཟད་སྒོས་བོད་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་བསྟུན་སྐུ་ཞབས་ Benedict Rogers ལགས་ཀྱིས་ Tibet Rights Collective ཞེས་ལྡི་ལིར་རྟེན་གཞི་བྱས་པའི་བོད་དོན་ཞུ་གཏུག་དང་ཆབ་སྲིད་ཉམས་ཞིབ་ཀྱི་ལྟེ་གནས་ཁང་གི་དྲ་རྒྱར་དཔྱད་རྩོམ་ཞིག་སྤེལ་བར་ཁོང་གིས་འཛམ་གླིང་གི་ས་གནས་དུ་མར་ཡོད་པའི་སྐྱབས་བཅོལ་བ་རྣམས་ལ་ང་ཚོས་དོ་སྣང་གནང་དགོས་ཀྱི་འདུག་ཅེས་གསུངས་སྐབས་དགོངས་པར་དེ་མ་ཐག་ཏུ་ཡུཀ་རེན་གྱི་མི་མང་བྲོས་བྱོལ་དུ་ཕེབས་མཁན་ཚོ་དང་སིརྱ། བྷར་མ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་ལས་ཐར་མཁན་ཡུ་གུར་བ་དང་ཕྷ་ལཱུང་གྷོང་ཆོས་བརྒྱུད་འཛིན་པ། ཧོང་ཀོང་བ་སོགས་འཆར་གྱི་ཡོད་ཀྱང་དེ་དག་ཁྲོད་བོད་ཀྱི་གནད་དོན་དེ་བརྗེད་ཉེན་ཡོད་སྟབས། ང་ཚོས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ཁོང་གིས་བོད་ཀྱི་གནད་དོན་དེ་མང་ཚོགས་ཀྱི་དྲན་པའི་ཡུལ་ལས་འདས་ཉེན་ཡོད་པ་དང་འབྲེལ་དོན་ཚན་གསུམ་འགྲེལ་བརྗོད་གནང་འདུག བོད་ཀྱི་གནད་དོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་དོན་རྒྱབ་སྐྱོར་བ་སྙན་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ Richard Gere དང་ Brad Pitt  དེ་བཞིན་ Beastie Boys ཁོང་རྣམས་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་སླེབས་ཡོད་པ་དེ་ལྟར་ནའང་ཉེ་ཆར་རྒྱ་ནག་གཞུང་གིས་དཔའ་འབྱོར་གྱི་སྟོབས་ཤུགས་ལག་ཆར་སྤྱོད་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྡིགས་ར་སོགས་སྐུལ་ཏེ་བོད་ཀྱི་གནད་དོན་དེ་མི་གླེང་བར་འབད་རྩོན་བྱེད་མུས་ཡིན་སྐོར་གསུངས་འདུག ད་ཆ་༸གོང་ས་མཆོག་དགུང་ནའི་བབ་ཀྱི་ཆ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དཀའ་བ་ཆགས་ཡོད་པ་མ་ཟད་སྤྱིར་འཛམ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་སླད་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ཆིབས་བསྒྱུར་མཛད་མ་ཐུབ་པ་དེས་བོད་ཀྱི་གནད་དོན་ཉམས་རྒུད་འགྲོ་བཞིན་ཡོད་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་དང་ཧོང་ཀོང་རང་དབང་རྡོག་རོལ་བཏང་བ། ཐེ་ཝན་ལ་འཇིགས་སྐུལ་བྱས་པ་སོགས་ལ་དོ་སྣང་གནང་མཁན་མང་དུ་འགྲོ་ཡོད་པ་དང་དེ་འབྲེལ་དོ་སྣང་གནང་དགོས་ཀྱང། གནད་དོན་དེ་དག་ཁྲོད་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་བསྣམ་ཐབས་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་བཀའ་མོལ་གནང་སྐབས་བོད་ཀྱི་གནད་དོན་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་འདུག ལྷག་པར་ཁོང་གིས་ International Commission of Jurists ཞེས་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་འགལ་དང་དེ་བཞིན་མི་རིགས་རྩ་གཏོར་གྱི་གནད་དོན་བྱུང་ཡོད་སྐོར་གསུངས་པ་དེ་ང་ཚོའི་ངོས་ནས་དེ་བརྗེད་རྒྱུ་མེད་ཅེས་གསུངས་འདུག ཆབས་ཅིག་ཏུ་ཁོང་གིས་ཆེད་རྕོམ་གནང་བས་འདི་ལོའི་ཟླ་བ་ ༡༠ ནང་འདོན་སྤེལ་གནང་རྒྱུའི་ The China Nexus ཞེས་པའི་རྒྱ་ནག་ཐོག་གི་དཔེ་དེབ་ནང་བོད་ཀྱི་སྐོར་ལེའུ་ཞིག་ཡོད་པ་གསུངས་འདུག རྩ་བའི་སྐུ་ཞབས་ Benedict Rogers ལགས་ནི་རྩོམ་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་ཡིན་པ་དང་།  ཁོང་གིས་ད་བར་དཔེ་དེབ་དྲུག་ཆེད་རྩོམ་གནང་ཡོད། དེའི་ཁོངས་ནས་གསུམ་བྷར་མའི་སྐོར་ཆགས་ཀྱི་ཡོད་པ་རེད།

ཆོས་ལུགས་དམ་དྲག་རྐྱེན་གྱིས་མཚམས་པ་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།

རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་རྡོག་རོལ་གྱིས་སྔར་ལྷག་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ཉེ་ལམ་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་བཅས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཙོས་གྲོང་ཁྱེར་ནས་ཡིན་པའི་མཚམས་པ་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་དུས་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཙོས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁ་གྱ་ཡུལ་ཚོ་ནས་ཡིན་པ་མཚམས་པ་དགེ་འདུན་པ་ཞིག་གིས་དམར་ཤོག་དྲུང་ཆེ་གཞོན་པ་ཡཱང་ཝུས་བཀོད་ཁྱབ་འོག་ཁུལ་དེའི་ཆོས་དད་རང་མོས་སོགས་ཚད་ལ་བརྒལ་བའི་རྡོག་རོལ་གྱིས་མང་ཚོགས་དང་དགེ་འདུན་པ། དེ་བཞིན་མཚམས་པ་སོགས་ལ་སུན་གཙེར་བཟོ་བཞིན་ཡོད་པ་དང་ཆབས་ཅིག ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལྷག་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་དེར་ངོ་རྒོལ་གནང་སྟེ། ༸གོང་ས་མཆོག་གི་༸སྐུ་པར་མདུན་དུ་རང་སྲོག་བཅད་པའི་གནས་ཚུལ་བྱུང་འདུག གནས་ཚུལ་ཁག་གཅིག་ནང་དགེ་འདུན་དེས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཡོད་སྐོར་བཀོད་འདུག རྒྱ་གཞུང་གིས་ཕྱི་ཟླ་ ༥ ཟླ་སྟོད་ཙམ་ནས་བླ་བྲང་སོགས་ཀྱི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ལ་ཁ་གཡར་ཏེ་ཁུལ་དེའི་ནང་ཆེས་དམ་དྲག་བྱས་པར་བརྟེན་དགེ་འདུན་པ་ཁོང་གི་མཚན་དང་རང་སྲོག་ཇི་ལྟར་བཅད་ཚུལ། དེ་བཞིན་ཚེས་གྲངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག གནས་ཚུལ་དེ་བྱུང་འཕྲལ་ཁོང་གི་ནང་མི་གཅིག་རྒྱ་ནག་ནང་ཞོར་ལས་བྱེད་བཞིན་ཡོད་པ་ཕྱིར་ཕ་ཡུལ་དུ་ལོག་སྐབས་ས་གནས་གཞུང་ནས་འབྲེལ་ཡོད་ཁོང་དང་ནང་མི་ཚོར་ཏོག་ནད་ཐོན་པར་ཁག་དཀྲིས་ཏེ་བཙན་ཁྲིད་ཀྱིས་ད་ལྟའི་ཆར་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་པ་འཁོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་བཅས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁུལ་དཔོན་དམར་ཤོག་དྲུང་ཆེ་ཡུ་ཆན་གྷུ་དང་དམར་ཤོག་དྲུང་ཆེ་གཞོན་པ་ཡཱང་ཝུ་གཉིས་ནས་གནད་དོན་དེའི་ཐད་འགན་ཁུར་གྱིས་ངེས་པར་དུ་ཕྱི་གསལ་ནང་གསལ་བྱས་ཏེ་དངོས་ཡོད་གནས་ཚུལ་གསལ་འདོན་བྱེད་དགོས་པའི་འབོད་སྐུལ་དང་ཆབས་ཅིག ལྷག་པར་དུ་ཀན་ལྷོ་སོགས་བོད་ཡུལ་སྤྱིའི་ནང་“བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་”སྲིད་བྱུས་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལས་ཡོངས་སུ་བརྒལ་བའི་ལས་འགུལ་སྤེལ་བཞིན་ཡོད་པ་རྣམས་འཕྲལ་མར་མཚམས་འཇོག་བྱས་ཏེ་བོད་མི་ཚོའི་ཆོས་དད་རང་དབང་སོགས་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག གཞི་རྩའི་ཉེ་ལམ་ཀན་ལྷོ་ཁུལ་དུ་སྔར་ལས་ལྷག་པའི་དམ་དྲག་ཇི་ཆེར་སོང་རྐྱེན་ནི་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༥ བར་རྒྱ་ནག་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ། ཤིན་ཅང་ལས་དོན་མཐུན་སྦྱོར་རུ་ཁག་གི་ཚོགས་གཙོ་ཝང་དབྱང་ཟེར་བ་ཁུལ་དེའི་ནང་ལྟ་སྐོར་སླེབས་པ་དང་འབྲེལ་བ་ཆགས་ཀྱི་ཡོད་པར་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ནས་བཟུང་ཀན་ལྷོ་ཁུལ་དུ་རྒྱ་གཞུང་ནས་“ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་༸སྐུ་པར་གཙང་སེལ”སོགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་མུས་ཡིན་པ་དང་། ཆབ་སྲིད་ཀྱི་སློབ་གསོ་ལས་འགུལ་སོགས་རིམ་པ་སྤེལ་ནས་བོད་མི་ཚོའི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཚད་ལས་བརྒལ་བའི་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མངོན་གསལ་ཡིན་པ་རེད།

བོད་མི་ཤེས་ཡོན་ཅན་གཉིས་ལ་ལོ་བཞི་ནས་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༢༠ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སུ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་འོག་ལོ་བཞི་དང་དེ་བཞིན་ན་གཞོན་ཐུབ་བསྟན་བློ་གྲོས་ལགས་སུ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ར་འཕྲོད་བྱུང་འདུག ཁ་སང་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་དེ་སྔ་ཕྱི་ལོ་ ༢༠༢༠ ལོ་མཇུག་ཙམ་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་འདས་པའི་ལོ་ངོ་གཉིས་ཙམ་རིང་ཁོང་གི་གནས་བབ་གང་ཡིན་གསལ་ཁ་མེད་པར་གྱུར་ཡོད་ཀྱང་ད་ཆ་གནས་ཚུལ་འབྱོར་བར་གཞིགས་ཚེ་འདས་ལོ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ཁོང་ལ་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཏང་ཡོད་སྐོར་བཀོད་འདུག གཞི་རྩའི་དེ་སྔ་བོད་གནས་ཉམས་ཞིབ་ཁང་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་གནད་དོན་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་ཁོང་འཛིན་བཟུང་བྱས་པ་དེ་རྒྱ་ནག་གིས་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་དང་འབྲེལ་ཏེ་རེབ་གོང་རོང་བོ་ས་ཁུལ་དུ་དེར་འབྲེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པའི་སྐབས་སུ་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་ཀྱང་མཉམ་ཞུགས་གནང་ནས་ནང་བསྟན་རྒྱ་བསྒྱུར་གྱི་ཟབ་ཁྲིད་པ་རྣམས་ལ་དོན་དངོས་སུ་ནང་བསྟན་རྒྱ་བསྒྱུར་ཟེར་བ་དེ་གང་ཡིན་ཐོག་དྲི་བ་དྲིས་པ་དང་འབྲེལ་ནས་ཕན་ཚུན་དབར་ཚིག་རྩོད་ བྱུང་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་མ་ཟད་གནད་དོན་དེ་བྱུང་ནས་ཉིན་ཤས་རྗེས་ཁོང་རོང་བོ་དགོན་ཆེན་ནས་རོང་བོ་གྲོང་བརྡལ་དུ་རྟག་རིག་གི་འཛིན་གྲྭ་ཞིག་ལ་ཕེབས་བཞིན་པའི་ལམ་བར་ནས་གསང་སྟབས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པར་འགྲེལ་བརྗོད་གནང་ཡོད། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་མ་བྱས་པའི་ཟླ་བ་གཉིས་ཀྱི་གོང་དུ་ཁོང་གིས་འཁོར་བ་ཞེས་པའི་ཆེད་དེབ་ཅིག་དཔར་སྐྲུན་གནང་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་སྙན་ངག་སྒེར་དེབ་“འཁོར་བ་”ཞེས་པ་བཏོན་ནས་ཡུན་རིང་མ་སོང་བར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་གསུངས་ཡོད། ལྷག་པར་རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ཁོང་སྒེར་གཉེར་གྱི་བཙན་པོ་དྲྭ་བ་ཞེས་པ་དེ་ཡང་རྒྱ་ནག་གིས་བཀག་སྡོམ་བྱས་ཡོད། དགེ་འདུན་ལྷུན་འགྲུབ་ལགས་ཀྱི་སྨྱུག་མིང་ལ་ལྷམ་ཀོག་ཟེར་ཞིང་། ཁོང་གིས་རྐང་གླིང་སྐྱ་བོ་དང་། ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་པོ། འཁོར་བ་སོགས་སྙན་ངག་རྐྱང་པའི་དེབ་དྲུག་འདོན་སྤེལ་གནང་བར་མ་ཟད་ཁོང་གི་བརྩམས་ཆོས་ཁག་གཅིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཆེ་གྲས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་མྱོང་ཡོད་པ་རེད། ཁོང་གིས་སྔ་རྗེས་སུ་“ཕག་ལོ་བ་”ཞེས་པའི་བརྗོད་གཞིའི་སྙན་ངག་གྲགས་ཅན་ཁག་གཅིག་བྲིས་པ་དང་དེ་དག་ཀློག་མཁན་ཚོའི་ངོས་ནས་༸གོང་ས་མཆོག་གི་དགུང་རྟགས་ཕག་ཡིན་པས། མགོན་པོ་༸གང་ཉིད་མཆོག་ལ་ཕུལ་བ་ཞིག་ཡིན་པར་དགོངས་ཀྱི་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་ཉེ་བའི་ལོ་གཅིག་གཉིས་ནང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ཤེས་ཡོན་པ་མང་དག་ཅིག་ལ་ཉེས་མེད་ཉེས་འཛུགས་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་རྒྱ་གཞུང་གིས་བོད་ནང་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་དག་ལེགས་གྲུབ་ཡོང་ཐབས་ཀྱི་ཐོག་མའི་ཆ་རྐྱེན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པར་མངོན་གསལ་ཆགས་ཡོད་པ་གསུངས་འདུག  བོད་ཀྱི་ཤེས་ཡོན་པ་འཛིན་བཟུང་བྱས་པའི་ཁྲོད་གཞན་ཡང་རྒྱ་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་ཅན་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞེས་པ་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ པའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་བབ་འོག་ལྷག་རྗེས་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༤ ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ཐུབ་བསྟན་བློ་གྲོས་ལགས་ཀྱིས་དྲྭ་ལམ་ཁག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་མི་རིགས་ཁ་བྲལ་བཏང་བ་སོགས་ཀྱི་ནང་དོན་ཅན་གྱི་རྩོམ་ཡིག་མང་པོ་སྤེལ་བར་བསྙད་དེ་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱ་གཞུང་གིས་གསང་རྒྱ་དམ་པའི་རྐྱེན་གྱིས་ཁོང་བཙོན་འཇུག་གཟུགས་གཞིའི་གནས་བབ་སོགས་གསལ་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་འདུག་ལ། དེ་བཞིན་ཐུབ་བསྟན་བློ་གྲོས་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་དང་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་རྣམས་ལ་རྒྱུས་ལོན་གནང་བའི་ཁྲོད་དེ་དག་གི་ནང་དོན་ནི་བོད་ཀྱི་སྤྱི་ཚོགས་དང་འཚོ་བ། སྐད་ཡིག དཔལ་འབྱོར་གྱི་གནས་བབ་སོགས་ཡིན་པ་ལས་ཁྲིམས་དང་འགལ་བའི་ནང་དོན་གཅིག་ཀྱང་མེད་པ་གསུངས་འདུག ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ལགས་ནི། ཕྱི་ལོ་ ༡༩༨༧ ལོར་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་རུ་སྐྱེས་ཤིང་། ཁོང་ཉིད་རྒྱ་ནག་ནས་མཐོ་སློབ་ཐོན་པའི་རྗེས་ཕྱིར་རང་ཡུལ་དུ་ཕྱིར་ལོག་སྟེ་སེར་ཤུལ་རྫོང་འབྲིང་རིམ་སློབ་གྲྭ་སོགས་སུ་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་ཡོད་པ་དང་། ཁོང་ནི་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པ་དང་གནའ་དེང་གི་རིག་གནས་ལ་མཁྱེན་རྒྱ་ཟབ་མོ་ཡོད་མཁན་གྱི་ན་གཞོན་ཞིག་ཡིན་འདུག་ལ། བོད་ནང་གི་གཞོན་སྐྱེས་ཚོའི་ཁྲོད་ཤུགས་རྐྱེན་གང་འཚམས་ཡོད་མཁན་གྱི་ན་གཞོན་ཡིན་པ་རེད། གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་རྒྱ་གཞུང་གིས་བོད་པའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་མཁན་གྱི་བོད་མི་རྣམས་ལ་གཅིག་རྗེས་གཉིས་མཐུད་ཀྱི་འཛིན་བཟུང་བྱས་པའི་དགོས་དམིགས་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་པ་དེས་གང་མཚོན་མིན་སོགས་དང་ཀྱི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་རྒྱ་གཞུང་གིས་ཤེས་ཡོན་ཅན་རྩ་མེད་གཏོང་རྒྱུའི་སྲིད་བྱུས་དེ་སྔ་མ་ནས་ཡོད་ཀྱང་། ལྷག་པར་ད་ཆ་སྲིད་འཛིན་ཞི་ཅིན་ཕིང་གི་དུས་ཡུན་གཉིས་པ་ནས་བཟུང་སྲིད་བྱུས་ཡོད་པ་དེ་སྔར་ལྷག་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་གཡོགས་པ་དེ་ནི་བོད་མི་རྣམས་ཁ་བཀག་ཕྱིར་ཡིན་སྐོར་གསུངས་སོང་། རྩ་བའི་ཉེ་བའི་ལོ་གཅིག་གཉིས་ནང་རྒྱ་གཞུང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས། དྷིཿལྷ་ལྡན་ལགས་སོགས་ཤེས་ཡོན་པ་མང་དག་ཅིག་ལ་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨ་རི་བྱང་ཀེ་ལི་ཕོར་ནེ་ཡ་དང་མི་ནི་སོ་ཊ་ས་གནས་བོད་རིགས་དང་མཇལ་མོལ་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༢༡ ནས་ཉིན་གྲངས་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པར་ཚོགས་བཅར་གནང་རྒྱུ་དང་དེ་བཞིན་ཨ་རིར་ཕེབས་ཞོར་དུ་ ཨ་རིའི་གྲོང་ཁྱེར་བཞིའི་ནང་ས་གནས་བོད་རིགས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཕྱི་ཚེས་ ༡༨ དང་ ༡༩ ཉིན་ཨ་རི་བྱང་ཀེ་ལི་ཕོར་ནེ་ཡ་དང་མི་ནི་སོ་ཊ་ས་གནས་བོད་རིགས་དང་མཇལ་འཕྲད་གནང་འདུགད་བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་ས་གནས་མི་མང་ལ་མཇལ་འཕྲད་ཀྱིས་གསུང་བཤད་ལས་རིམ་དང་ཉིན་རྒྱབ་གཞོན་སྐྱེས་དང་ལྷན་དུ་མཇལ་འཕྲད། དེ་བཞིན་ཕྱི་དྲོ་ཆོས་ཚོགས་ཁག་གི་འགན་འཛིན་དང་བླ་མ། དགེ་བཤེས་སོགས་དང་མཇལ་མོལ་གནང་བར་མ་ཟད། ཕྱི་ཚེས་ ༡༩ ཉིན་མི་ནི་སོ་ཊར་ཕེབས་ཐོན་གྱིས་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་རྙིང་པར་བོད་རིགས་གཞོན་སྐྱེས་དང་ཐུག་འཕྲད་གནང་བ་དང་། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པར་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་གནང་ཡོད།ཨ་རིའི་སེན་ཕེ་རེན་སི་ཀོར་རྟེན་གཞི་བྱས་པའི་ཇེ་ཨེཕ་ཀེ་ཚོགས་ཁང་ནང་ས་གནས་མང་ཚོགས་དང་དང་མཇལ་འཕྲད་གནང་སྐབས་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་ཆ་བགོས་ཀྱིས་ལྗིད་སྙོམས་སྟངས་འཛིན་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་ནི་གལ་གནད་ཆེན་པོ་ཡིན་སྐོར་གསུངས་པ་དང་སྦྲགས། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གནས་བབ་ལ་ཕྱིར་གཟིགས་གནང་གལ་ཡིན་པ་དང་ལྷག་པར་དུ་རྒྱ་སྡེ་དང་བོད་སྡེ་གང་ཡིན། ལྷ་སྡེ་དང་མི་སྡེའི་ཐ་སྙད་དེ་དག་རེ་རེ་བཞིན་སྤྱོད་ཀྱི་ཡོད་མེད་རྒྱུ་མཚན་དང་བཅས་ཤེས་ཚེ་ཆོལ་གསུམ་པོ་ཕན་ཚུལ་དབར་རྩོད་དགོས་དོན་གང་ཡང་མེད་སྐོར་གསུངས་པ་དང་ཆབས་ཅིག གང་ལྟར་༸གོང་ས་མཆོག་གི་བཀའ་དགོངས་གསལ་པོར་རྟོགས་ཐུབ་པ། ཁྲིམས་དང་སྒྲིག་གཞི་ཤེས་པ། དེ་བཞིན་ལོ་རྒྱུས་ཤེས་པ་ཡིན་ན་མང་གཙོ་ཚད་ལྡན་ནང་འགྲོ་ཐུབ་རྒྱུའི་ཆ་རྐྱེན་ཚང་བ་རེད་ཅེས་གསུངས་འདུགསྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གྲངས་འབོར་ཚད་ལྡན་དང་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་སྤྲོད་ཚད་ལྡན་ཡོང་རྒྱུ། དེ་བཞིན་མ་འོངས་ལས་གཞི་དང་ལས་འཆར་རྣམས་རྒྱུ་མཚན་དང་ལྡན་པའམ་དངོས་ཡོད་གནས་སྟངས་དང་མཐུནཔ་ཞིག་ཡོང་ཐབས་སླད་དུ་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལས་ཉིན་ ༡༦ རིང་ཕྱི་དྲིལ་ལས་ཁུངས་བརྒྱུད་མི་འབོར་གྲངས་བཤེར་བྱ་རྒྱུའི་ལས་གཞི་ཞིག་དབུ་འཛུགས་གནང་རྒྱུ་ཡིན་སྟབས། མང་ཚོགས་ཀྱི་ངོས་ནས་ཚགས་ཚུད་ཐོག་མཉམ་ཞུགས་གནང་གལ་ཡིན་པ་གསུངས་འདུགཉིན་རྒྱབ་ཀེ་ལི་ཕོར་ནི་ཡ་བོད་རིགས་ཚོགས་པའི་སྤྱི་ཁང་དུ་བོད་རིགས་གཞོན་སྐྱེས་གྲངས་ ༥༠ ཙམ་དང་ཟུར་དུ་མཇལ་འཕྲད་ཀྱིས་ཁོང་རྣམས་ལ་བྱང་ཨ་རིར་བོད་རིགས་ཐོག་མར་ཕེབས་སྟངས་དང་འབྲེལ་སྐབས་ ༡༦ པའི་བཀའ་ཤག་གི་ལས་གཞི་གཞོན་སྐྱེས་རྣམས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་སྐོར་གསུང་བཤད་གནང་འདུག་པར་མ་ཟད། རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་བྱེད་བཞིན་པ་དེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་བཟོ་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་དང་རྒྱ་ནག་དམར་པོའི་གཞུང་གིས་བོད་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞིབ་རྒྱས་ངོ་སྤྲོད་གནང་འདུགཕྱི་དྲོར་སེན་ཕེ་རེན་སི་ཀོར་ཡོད་པའི་ཆོས་ཚོགས་ཁག་གི་འགན་འཛིན་དང་སྐུ་ཚབ་ལྷན་མཇལ་མོལ་གནང་བར་རང་རེའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་རྒྱུ་སླད་ཆོས་ཚོགས་ཁག་ནས་རྒྱ་གར་དུ་རྒས་གསོ་ཁང་ལྟ་བུར་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུར་རེ་བསྐུལ་གནང་བ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་མཐུན་འགྱུར་རམ་འདེགས་གང་ཐུབ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་འདུགཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་ཕེབས་ཐོན་གནང་སྟེ་དང་ཐོག་གྲོང་ཁྱེར་ St. Paul དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་རྙིང་པར་བོད་རིགས་གཞོན་སྐྱེས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་མི་ནི་སོ་ཊའི་གྲོང་ཁྱེར་ Isanti དུ་མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པར་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་དང་མང་ཚོགས་ཀྱི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད།ས་གནས་མང་ཚོགས་དང་མཇལ་མོལ་སྐབས་ད་བར་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་ཆབ་སྲིད་ཀྱི་ལས་དོན་དང་སྤྱི་ཚོགས་བདེ་དོན་ཐད་ལ་ཕྱག་ལས་གང་གནང་བ་དང་མ་འོངས་ལས་གང་སྤེལ་འཆར་སོགས་ངོ་སྤྲོད་དང་སྦྲགས། འདས་པའི་ལོ་ངོ་ ༦༠ ནས་བོད་ཀྱི་གནད་དོན་དེ་མཇའ་ལྟ་བུར་མ་ཡལ་བ་གནས་ཐུབ་པ་ནི་༸གོང་ས་མཆོག་༸སྐུ་རྐྱང་གི་བཀའ་དྲིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་དང་། མ་འོངས་ལོ་ངོ་དྲུག་ཅུ་ནང་བོད་ཀྱི་གནད་དོན་དེ་གནས་དང་མ་གནས་ནི་༸གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་སྲོལ་བཟང་དེ་གཅེས་འཛིན་གནང་བའི་སྒོ་ནས་དབུ་ཁྲིད་དང་མི་མང་ནསནུས་པ་མཉམ་སྤུངས་གནང་ལག་ཡིན་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་རྩོད་པ་དེས་རང་གཞན་སུ་ལའང་ཕན་ཐོགས་མེད་སྐོར་གསུངས་འདུག

Latest news