Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་གིས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་གཏན་འབེབས།

ཟླ་འདིའི་ཚེས་ ༨ ཉིན་ནས་ཚེས ༡༡ བར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་པེ་ཅིན་དུ་ཚོགས་ནས་ཁ་སང་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་ལ་བསྐྱར་ཞིབ་དང་མ་འོངས་པའི་ཕུགས་འདུན་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་གྲོས་ཆོད་ཐེངས་གསུམ་པ་གཏན་འབེབས་ཀྱིས་ཁོ་བོ་རྒྱ་ནག་གི་སྲིད་འཛིན་རིམ་པའི་ཁྲོད་ཀྱི་མའོ་ཙེ་ཏུང་དང་ཏིན་ཞོ་ཕེན་ལྟ་བུའི་དབང་ཤུགས་དང་བྱས་རྗེས་ཆེ་བའི་འགོ་ཁྲིད་ཅིག་གི་གོ་བབ་ཡོད་པར་བཟོས་འདུགརྩ་བའི་ཐེངས་འདིའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ནང་མོལ་ཚང་འཛོམས་གྲོས་ཚོགས་ཐེངས ༦ པའི་ཐོག  རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ ༤༠༠ ལྷག་གི་གཙོ་བྱས་པའི་། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཁག་ཅིག་གིས་ཚོགས་ཞུགས་བྱས་ཏེ། དམར་ཤོག་ཚོགས་པའི་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་བརྒྱུད། སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་གཙོ་འདོན་གྱི་འོག་ནས།  དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ཀྱིས་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱིས་ཀྲུང་ཧ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་རྨི་ལམ་མངོན་འགྱུར་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་རྒྱུ་ཡིན་པར་གྲོས་འཆམ་བྱུང་ཡོད་པ་དང་། གནད་དོན་དེ་ལས་ལོ་རྗེས་མའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་སུ་ཞི་ཕིང་ལོ་ལྔ་ཚན་གསུམ་པའི་རྒྱ་ནག་གི་སྲིད་འཛིན་དུ་འདུག་ཐུབ་རྒྱུའི་ས་བརྟན་གྱི་ལམ་ཁ་ཞིག་བཟོ་སྐྲུན་བྱས་འདུགཨ་རིའི་ནང་དུ་རྟེན་གཞི་བྱས་པའི་Bloomberg གསར་ཁང་གིས་རྒྱ་ནག་གི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་ནས་དཔྱད་བརྗོད་སྤེལ་བའི་ནང་དུ། སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་གི་རིག་གནས་གསར་བརྗེ་སོགས་ཀྱི་མཚོན་པའི་ལོ་རྒྱུས་ཀྱི་རྨས་སྐྱོན་ཁག་ལ་ལྟོས་མེད་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་བྱ་བཞག་ལེགས་འགྲུབ་ལ་ཆེ་བསྟོད་དང་། སྒོས་སུ་ཁོང་གི་ལས་ཁུར་གྱི་དུས་ཡུན་ཁྲོད་འབྱོར་འབྲིང་གི་སྤྱི་ཚོགས་སྐྲུན་པར་དབུལ་ཕོངས་ལ་རོགས་སྐྱོར་བྱས་པ་སོགས་ཀྱི་གཏམ་བཤད་སྤེལ་བ་མ་ཟད། མ་འོངས་ཀྱི་ལོ་ངོ་སུམ་ཅུའི་ནང་ཚུན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ཀྱི་སྲོག་ཤིང་དུ་འགྱུར་ངེས་ཀྱི་སྲིད་བྱུས་ཁག་ཅིག་གི་སྐོར་ལ་གླེང་མོལ་བྱས་ཡོད་པར་མངོན་གསལ་གནང་འདུགགཞི་རྩའི་ཁ་སང་གི་ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་དོན་ཁག་ཡོངས་སུ་ཕྱིར་བསྒྲགས་བྱས་མེད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་གྱི་ཀྲུང་གོའི་བོད་ལྗོངས་དྲ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དགོངས་པ་གཏིང་ཟབ་མོ་བཞེས་པ་དང་ཚན་རིག་དང་མཐུན་པའི་བརྡར་གཅོད་གནང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་འབྲེལ་ནས། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་བརྒྱུད་ནས་དམར་ཤོགས་ཚོགས་པའི་རླབས་ཆེའི་སྙིང་སྟོབས་དར་སྤེལ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་འདུགརྒྱ་གར་གྱི་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་འབེན་གཙོ་བོ་དེ་ནི་སྲིད་ཞི་ཅིན་ཕིང་སྔར་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་དང་མུ་མཐུད་དུ་ལོ་ལྔ་ཚན་གསུམ་པར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འདུག་ཐུབ་རྒྱུར་དམིགས་པ་ཞིག་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཁྲོད་ཀྱི་གྲོས་ཆོད་ཐེངས་གསུམ་པ་ཞིག་འཇོག་ཐབས་ཀྱིས་མ་འོངས་བར་ཞི་ཅིན་ཕིང་གི་ལྟ་གྲུབ་གཞིར་བཞག་གིས་དམར་ཤོག་ཚོགས་པ་མདུན་སྐྱོད་བྱེད་ཐབས་ལ་དམིགས་པ་ཞིག་ཡིན་མངོན་གསལ་གནང་ཡོད་པ་དེ་ལྟར་ཡང་།  རྒྱ་ནག་གི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་འཇོག་སྐབས་སྲིད་འཛིན་ཞི་ཅིན་ཕིང་ལ་སྲིད་འཛིན་ཟུར་བ་མའོ་ཙེ་ཏུང་དང་ཏིན་ཞོ་ཕེན་གཉིས་ལྟ་བུའི་མངོན་གསལ་དོད་པའི་དཔོན་རིགས་ནང་ཁུལ་གྱི་རྒྱབ་སྐྱོར་མེད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས  ༦ པའི་ཐོག་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་དང་པོ་དེ་བཞག་ཡོད་པ་དང་། དེ་བཞིན་ཕྱིས་སུ་ཕྱི་ལོ ༡༩༨༡ ལོའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༡༡ པའི་ཐོག་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གཉིས་བ་བཞག་ཡོད་པ་རེད།

བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུ་ལས་ལྡོག་ཏེ་༸གོང་ས་མཆོག་གི་མ་འོངས་གནས་བབ་ཐོག་གྲོས་མོལ་བྱ་རྒྱུ་ཞེས་པ་དེ་འོས་འཚམས་ཤིག་མ་རེད།

ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་བ་དང་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་གིས་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་སྩལ་བའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་ནང་དུ་གནས་གཟིགས་དང་རྒྱ་ནག་གི་འགོ་ཁྲིད་ཚོར་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བར་ངན་ལན་ཚུལ་དུ་༸གོང་ས་མཆོག་ནས་མ་འོངས་གནས་བབ་སྐོར་ལ་མ་གཏོགས་བོད་གནད་ཐོག་གྲོས་མོལ་བྱ་རྒྱུ་མེད་ཅེས་ནན་བརྗོད་བྱས་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུ་ལས་ལྡོག་ཏེ་༸གོང་ས་མཆོག་གི་མ་འོངས་གནས་བབ་ཐོག་གྲོས་མོལ་བྱ་རྒྱུ་ཞེས་པ་དེ་འོས་འཚམས་ཤིག་མ་རེད་ཅེས་གསལ་བཤད་ལན་འདེབས་གནང་ཡོད།ཁ་སང་རེས་གཟའ་ལྷག་པ་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཡིས་རྒྱ་གཞུང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཨང་སར་ཡིན་ནའང་གྲོས་མོལ་དེ་མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་གནས་འབབ་སྐོར་མ་གཏོགས་བོད་ཀྱི་གནད་དོན་ཐོག་ལ་མིན་པར་ནན་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་དང་ཁ་བྲལ་བྱུ་རྒྱུད། དེ་བཞིན་དྲག་སྤྱོད་བརྒྱུད་སྐུལ་གྱི་བྱ་སྤྱོད་རིགས་སྤེལ་མཚམས་འཇོག་དགོས་ཞེས་འཁྱོག་བཤད་བྱས་འདུགཁོ་པས་ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཁ་བྲལ་གྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་པས་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ཁྲིམས་འགལ་ཚོགས་པ་ཞིག་ཡིན་ཚུལ་བཤད་ནས་རྒྱལ་ཁབ་སུས་ཀྱང་བཙན་བྱོལ་སྒྲིག་འཛུགས་ལ་ངོས་ལེན་གནང་གི་མེད་ཚུལ་བཅས་བརྗོད་པར་མ་ཟད། རྒྱ་ནག་དབུས་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་སྒེར་གྱི་གནད་དོན་ཐད་གྲོས་མོལ་བྱ་རྒྱུའི་ལངས་ཕྱོགས་བརྟན་པོ་དང་གསལ་པོ་ཡོད་ཀྱང་། གྲོས་མོལ་བྱ་རྒྱུའི་གནད་དོན་གཅིག་ནི་༸གོང་ས་མཆོག་གི་༸སྐུ་སྒེར་གྱི་མ་འོངས་གནས་བབ་སྐོར་ཡིན་པ་མ་གཏོགས་བོད་དང་འབྲེལ་བའི་ཐོག་མིན་སྟབས། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་དབུས་དམར་ཤོག་ཚོགས་པ་དང་རྒྱ་རིགས་མང་ཚོགས་ཀྱི་བློ་འགུག་ཐབས་ཀྱི་དངོས་ཡོད་ཐབས་ལམ་ཕྱག་བསྟར་གནང་དགོས་ལུགས་སོགས་བརྗོད་འདུགརླུང་འཕྲིན་ཁང་གིས་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་༸གོང་ས་མཆོག་གི་མ་འོངས་གནས་བབ་སྐོར་གྲོས་མོལ་བྱ་རྒྱུ་ཡིན་ཅེས་བརྗོད་བཞིན་པ་དང་ཕྱོགས་གཞན་ཞིག་ནས་མགོན་པོ་༸གང་ཉིད་མཆོག་ལ་དུས་རྟག་ཏུ་མཚན་སྨད་ཞུ་བཞིན་ཡོད་པར་སྐྱོན་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༥༩ ནས་བཟུང་ད་བར་བཀའ་མོལ་གང་མཛད་ཡོད་པ་ཐམས་ཅད་མགོན་པོ་མཆོག་གི་༸སྐུ་སྒེར་གྱི་གནས་བབ་སྐོར་མིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཐོག་བཀའ་སྩལ་ཡོད་སྟབས་འདི་ང་ཚོའི་གཞི་མ་ཆགས་ཡོད་པར་བརྟེན་བོད་ཀྱི་གནད་དོན་འདི་བོད་མི་ས་ཡ་དྲུག་གི་གནད་དོན་ལ་གཞི་བཅོལ་བའི་ཐོག་ནས་སེལ་དགོས་པ་དང་། ལྷག་དོན་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ཡིན་ཟེར་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་བརྒྱུད་བོད་རྒྱ་སྐྱེད་དང་ཡར་རྒྱས་ཕྱིན་ཡོད་ལུགས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་ཇི་ཙམ་སྤེལ་ཡོད་ཀྱང་དོན་དངོས་ཐོག་འདས་པའི་ལོ་ངོ་ ༧༠ ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་ཆོས་དང་རིག་གཞུང་། ལེགས་བྱང་། སྐད་ཡིག ཁོར་ཡུག་སོགས་གང་ཅིའི་ཐད་ནས་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པར་ངོས་འཛིན་བྱ་རྒྱུ་ལས་ལྡོག་ཏེ་༸གོང་ས་མཆོག་གི་མ་འོངས་གནས་བབ་སྐོར་གྲོས་མོལ་བྱ་རྒྱུ་ཡིན་ཅེས་བརྗོད་པ་དེ་འོས་འཚམས་ཤིག་མ་རེད་ཅེས་སྐྱོན་བརྗོད་ཀྱིས་གསལ་བཤད་ལེན་འདེབས་གནང་ཡོད།རྩ་བའི་ཁ་སང་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་དང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་ཟུང་འབྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཉི་ཧོང་བ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་སེམས་བཟང་པོ་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་ཁོང་རྣམ་པའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་མཇལ་འཕྲད་མཛད་རྒྱུའི་མཛད་འཆར་དམིགས་བསལ་ཞིག་མེད་ཀྱང་། ལོ་ཁ་ཤས་ནང་བཟུང་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་གི་རི་བོ་རྩེ་ལྔར་གནས་གཟིགས་མཛད་ཐུབ་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་པ་དང་དེར་གོ་སྐབས་འབྱུང་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་སྒོས་རྒྱ་རིགས་གྲོགས་པོ་རྙིང་གྲས་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ལྷན་དུ་མཇལ་འཕྲད་མཛད་མྱོང་ཡོད་པ་དང་། ཁོ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་མཉེས་པོ་མཛད་ཀྱི་ཡོད་ཀྱང་སྐབས་རེར་མང་ཚོགས་ཐོག་ཆེས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱས་ཀྱི་ཡོད་པ་བཅས་ལུང་འདྲེན་མཛད་དེ་ད་ལྟའི་རྒྱ་ནག་གི་མི་རབས་གསར་པའི་སྣེ་ཁྲིད་འོག་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་བ་མ་ཟད་ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་རང་ལྟ་མཆོག་འཛིན་མཁན་གྱི་རྒྱ་ནག་འགོ་ཁྲིད་ཚོས་རིག་གཞུང་མི་འདྲ་བའི་དབྱེ་བ་ཤེས་ཀྱི་མེད་སྐོར་དང་འབྲེལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་དུས་རྒྱ་ཧན་མི་རིགས་གཅིག་པུ་ཙམ་མིན་པར། བོད་དང་ཡུ་གུར་སོགས་མི་རིགས་གཞན་མང་པོ་ཡོད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་དེ་དངོས་ཡོད་ལག་བསྟར་གནང་དགོས་ཆེ་བ་རེད་ཅེས་ལམ་སྟོན་སྩལ་ཡོད་པ་རེད།

རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་གྱི་གནས་བབ་ཐེར་འདོན་གནང་མཁན་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་གཞུང་དང་ངན་པ་ལག་སྦྲེལ་བྱས་ཏེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཁག་ཏུ་རྒྱ་ནག་གི་གནད་དོན་ཐོག་ཉན་ཞིབ་ཆེད་ཕེབས་མཁན་གྱི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པ་ཁག་ཐེར་འདོན་གནང་མཁན་རྒྱལ་ཚོགས་ཀྱི་ལས་བྱེད་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཡིན་པ་ལྕམ་ Emma Reilly ལགས་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་འདུགབརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན་ཁ་སང་རྒྱལ་ཚོགས་ནས་ལྕམ་ Emma Reilly ལགས་ལ་གསལ་བཤད་ཞིབ་ཕྲ་མེད་པར་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་འདུག་པ་དང་སྐབས་དེར་ཁོང་གིས་བརྒྱུད་ལམ་ཁག་ཏུ་ད་རེས་ལས་གནས་ནས་ཕྱིར་འབུད་བཏང་བ་དེ་ནི་དེ་སྔ་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་པའི་བྱེད་བབ་ཁག་ཐེར་འདོན་བྱས་པའི་དབང་གིས་ཡིན་པར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་གནང་སྟངས་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ནི་མིང་དོན་མཚུངས་པའི་རྒྱལ་ཚོགས་ཀྱི་དྲུང་ཆེ་ཞིག་མིན་པར་རྒྱལ་ཚོགས་ཀྱི་ལས་དོན་རྣམས་རྒྱ་ནག་གི་དབང་ཤུགས་འོག་འགྲོ་ཡི་ཡོད་པ་གསལ་པོ་ཆགས་ཡོད་ཅེས་གསུངས་ཡོད། ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་གཙོས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ཀྱིས་གནད་འགག་ལ་ཐུག་སྐབས་རྒྱལ་ཚོགས་ཀྱི་ཆེ་མཐོང་སྲུང་སྐྱོབ་མ་གནང་བར་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་བཞིན་པ་གསལ་པོ་ཆགས་ཡོད་ཅེས་གསུངས་པར་མ་ཟད་རྒྱལ་ཚོགས་ཀྱི་གནད་ཡོད་རྣམ་པའི་བྱེད་སྟངས་དེས་རྒྱ་ནག་དང་འབྲེལ་བའི་གནད་དོན་ལ་ཐུག་སྐབས་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་སྒྲིག་གཞི་ཁག་ཀྱང་བརྩི་མེད་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུགགཞི་རྩའི་ལྕམ་ Emma Reilly ལགས་ཀྱིས་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་པའི་གནད་དོན་ཁག་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཡོངས་གྲགས་གནང་ཡོད་པ་དང་སྐབས་དེར་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ཀྱིས་གཙོས་པའི་གནད་ཡོད་ལས་བྱེད་ཁག་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་སྐུ་ཚབས་རྣམས་ནས་རྒྱ་གཞུང་གི་གནོན་ཤུགས་འོག་མགོ་བོ་སྒུར་བར་མ་ཟད་རྒྱལ་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཁག་ཏུ་ཕེབས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་བཅས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ལ་ལྟ་སྲུང་ནན་པོ་བྱས་ཏེ་ཁོང་རྣམ་པའི་གནས་ཚུལ་རྣམས་ལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་དང་རྒྱ་ནག་གཞུང་གིས་ཀྱང་ལས་འགུལ་བ་རྣམས་ཀྱི་ནང་མི་ཉེ་འབྲེལ་འཛིན་བཟུང་བྱས་ཏེ་རྒྱལ་ཚོགས་ཀྱི་ལས་རིམ་ཐོག་མཉམ་ཞུགས་བྱ་རྒྱུར་གནོན་ཤུགས་སྤྲད་པ་སོགས་ཀྱི་བྱེད་བབ་ཁག་ཞིབ་རྒྱས་གསུངས་ཡོད། འོན་ཀྱང་སྐབས་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལྕམ་ Reilly ལགས་ཀྱིས་གསུངས་པ་དེ་བདེན་པ་མིན་སྐོར་བཤད་པ་ལས་གསལ་བཤད་ཞིབ་ཕྲ་གང་ཡང་གང་བྱས་མི་འདུག ཉེ་ཆར་ལྕམ་ Emma Reilly ལགས་ནས་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲིའི་ཐོག་རྒྱལ་ཚོགས་ཀྱི་ལས་དོན་གང་འདྲ་གནང་ཡང་རྒྱ་ནག་གི་སྐུ་ཚབ་ཀྱིས་སྔར་ས་ནས་འབྲེལ་ཡོད་རྒྱལ་ཚོགས་ཀྱི་མི་སྣའི་དྲུང་ནས་གནས་ཚུལ་རྒྱུས་ལོན་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གི་བྱེད་སྟངས་དེ་དག་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་གཙོས་འབྲེལ་ཡོད་ཚོས་ཤེས་ཀྱི་ཡོད་ཀྱང་སྣང་དུ་གཏོང་བཞིན་པར་འགྲེལ་བརྗོད་དང་སྦྲགས་ཏེ། ད་ལྟའི་རྒྱལ་ཚོགས་ཀྱི་བྱེད་སྟངས་དེ་དག་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་ཆེད་འཛུགས་གནང་བའི་དགོས་དམིགས་དང་ཡོངས་སུ་འགལ་བའི་ཚོགས་པ་ཞིག་གྱུར་འདུག་ཅེས་གསུངས་ཡོད།རྩ་བའི་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་པ་སྒྲིག་འཛུགས་དང་ཤེས་ཡོན་གྱི་ལྟེ་གནས་སོགས་ཀྱི་ལས་དོན་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་རང་ཉིད་ཀྱི་ལྟ་སྤྱོད་ཁྱབ་སྤེལ་དང་། ལས་དོན་ཁག་ལ་ཚོད་འཛིན་དམ་དྲག་སོགས་ཀྱི་ཐེ་བྱུས་སྣ་ཚོགས་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་དུ་ཐེ་གཏོགས་དང་གནོན་ཤུགས་ཆེས་ཆེར་འགྲོ་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ད་རེས་དཔྱད་ཞིབ་པ་ཁག་ཅིག་གིས་ལྕམ་ Emma Reilly ལགས་ལས་གནས་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བྱེད་སྟངས་དེར་བློ་ཕམ་ཡོད་ཅེས་གསུང་མཁན་འདུག་ལ། ཁག་ཅིག་གིས་ཐག་གཅོད་དེར་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དབུས་པའི་རང་དབང་ཅན་གྱི་འགོ་ཁྲིད་ཚོས་ཁ་ཁུ་སིམ་པོར་བཞུགས་པ་དེས་རྒྱལ་ཚོགས་ཀྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གི་ལག་ཏུ་ཡོད་པ་གསལ་པོ་རེད་ཅེས་གསུང་མཁན་ཡང་འདུག

རི་བོ་རྩེ་ལྔར་གནས་གཟིགས་མཛད་ཐུབ་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་པར་བཀའ་སྩལ་བ།  

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་ཕྱག་ལས་གནང་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་རྣམ་པའི་བཀའ་འདྲིར་བཀའ་ལན་སྩལ་བ་དང་འབྲེལ་ནས་མ་འོངས་པར་རྒྱ་ནག་གི་རི་བོ་རྩེ་ལྔའམ་འཇམ་དཔལ་དབྱངས་ཀྱི་གནས་རིར་གནས་གཟིགས་མཛད་ཐུབ་ཚེ་སྲིད་འཛིན་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བསྐྱར་ནན་མཛད་ཡོད། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དང་ Foreign Correspondent Club of Japan ཞེས་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་གསར་འགོད་པ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཐོག་ལ་དགོངས་ཚུལ་གང་ཡོད་པ་དང་ཁོ་པར་མཇལ་འཕྲད་ཀྱི་ཐུགས་འདོད་ཡོད་མེད་སྐོར་བཀའ་འདྲིར་བཀའ་ལན་སྩོལ་སྐབས་དེ་སྔ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ལྷན་དུ་མཇལ་འཕྲད་མཛད་མྱོང་ཡོད་པ་དང་། ཁོ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་མཉེས་པོ་མཛད་ཀྱི་ཡོད་ཀྱང་སྐབས་རེར་མང་ཚོགས་ཐོག་ཆེས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱས་ཀྱི་ཡོད་པ་བཅས་ལུང་འདྲེན་མཛད་དེ་ད་ལྟའི་རྒྱ་ནག་གི་མི་རབས་གསར་པའི་སྣེ་ཁྲིད་འོག་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་བར་མ་ཟད་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་ནས་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་ཀྱི་དམིགས་བསལ་མཛད་འཆར་གང་ཡང་མེད་ཀྱང་། མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་ནང་རྒྱ་ནག་གི་རི་བོ་རྩེ་ལྔའམ་འཇམ་དཔལ་དབྱངས་ཀྱི་གནས་རིར་གནས་གཟིགས་མཛད་ཐུབ་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་པ་དང་དེར་གོ་སྐབས་འབྱུང་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་སྒོས་རྒྱ་རིགས་གྲོགས་པོ་རྙིང་གྲས་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད།༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་མ་འོངས་པར་ཐེ་ཝན་ནང་འཚམས་གཟིགས་སུ་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ད་ལྟའི་ཆར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་དབར་གྱི་ཚོར་བ་རྣོ་བའི་གནས་སྟངས་ཁྲོད་ཐེ་ཝན་ལ་ཆིབས་བསྒྱུར་མ་མཛད་པར་རྒྱ་གར་ལ་༸སྐུ་བཞུགས་མཛད་རྒྱུར་དགོངས་པ་ཆེ་བ་ཡོད་ཅེས་དང་དགོས་ངེས་འབྱུང་ཚེ་དེ་རིང་ལྟར་དྲ་ལམ་བརྒྱུད་ཐེ་ཝན་དང་རྒྱ་ནག་མི་མང་ལ་ཕན་པ་བསྒྲུབ་རྒྱུའི་དགོངས་པ་བརྟན་པོ་ཡོད་ཅེས་བཀའ་སྩལ་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་བོད་ལ་ཕྱིར་ཆིབས་བསྒྱུར་རྒྱུའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་༸སྐུའི་མྱོང་བར་གཞིགས་ཏེ་ད་ཆ་རྒྱ་གར་ལ་བཞུགས་བཞག་མཛད་རྒྱུར་ཐུགས་མཉེས་པོ་ཡོད་པ་དང་འདི་ནས་འཛམ་གླིང་གི་མང་ཚོགས་ཚང་མར་རང་དབང་ངང་འབྲེལ་བ་མཛད་ཐུབ་ཀྱི་ཡོད་པར་མ་ཟད་བཞུགས་སྒར་ནི་ས་ཆའི་བབ་ཀྱི་ཆ་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་འཚམས་པོ་ཡོད་སྟབས། རྒྱ་གར་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ལྷག་འདས་དང་མ་འོངས་༸སྐུ་ཚེའི་འཕེན་པ་རྫོགས་ཡུལ་གྱི་གནས་ཤིག་ལ་དགོངས་བཞེས་མཛད་བཞིན་ཡོད་པས་རྒྱ་གར་ནས་འགྲོ་བ་ཀུན་ལ་ཕན་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད། ༸གོང་ས་མཆོག་གིས་ད་བར་ཡི་ཤུའི་བླ་ཆེན་ཁག་ཅིག་དང་མཇལ་འཕྲད་མཛད་མྱོང་ཡོད་ཀྱང་ད་ལྟའི་ཡི་ཤུའི་བླ་ཆེན་ Pop Francis མཆོག་དང་མཇལ་འཕྲད་མ་མཛད་པའི་དགོས་པ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་གལ་ཏེ་མཇལ་འཕྲད་ཀྱི་གོ་སྐབས་འབྱུང་ཚེ་ངེས་པར་དུ་མཇལ་མོལ་མཛད་རྒྱུ་ཡིན་ཞེས་བཀའ་ལན་སྩལ་ཡོད།དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་པ་ཁག་དང་ལྷན་དུ་བཀའ་འདྲི་དགོངས་སྐོར་གྱི་མཛད་རིམ་མ་བསྐྱང་གོང་ལ་ཐོག་མར་ཁོང་རྣམས་ལ་སེམས་བཟང་པོ་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་སོང་བ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་བའི་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་པ་རྣམ་པར་འཚམས་འདྲི་མཛད་སོང་། སེམས་བཟང་པོ་བྱ་རྒྱུ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གཞི་མ་དེ་ཆགས་ཡོད་པ་དང་ང་ཚོ་ཚང་མ་ཨ་མའི་མངལ་དུ་ཡོད་པ་ནས་བཟུང་ང་ཚོའི་མི་ཚེ་དེ་ཨ་མའི་བྱམས་བརྩེར་བརྟེན་ནས་འགོ་འཛུགས་ཀྱི་ཡོད་སྟབས། ང་ཚོའི་མི་ཚེ་ལྷག་མ་དེའང་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པར་མ་ཟད་ང་ཚོའི་ནང་སེམས་ལ་ཞི་བདེ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་གཟུགས་པོའི་འཕྲོད་བརྟེན་བདེ་ཐང་དང་ཉེ་འཁོར་གྱི་ཁོར་ཡུག་སྐྱིད་པ་ཡོང་གི་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

བདམས་ཐོན་བཀའ་བློན་རྣམ་པས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་པ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཡོལ་ཙམ་ལ་བཞུགས་སྒར་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༦ པའི་བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པ་གསུམ་གྱིས་བཀའ་བློན་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་སོང་།དེ་རིང་དམ་འབུལ་གྱི་མཛད་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དབུས་པའི་ཁྲིམས་ཞིབ་པ་གཞན་རྣམ་གཉིས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་རྒྱུན་ལས་ཁག་ཅིག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐོག་ཕེབས་པའི་གཞིས་འགོ་བཅས་ལྷན་འཛོམས་སར་བདམས་ཐོན་བཀའ་བློན་རྣམ་པས་རེ་མོས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་བཀའ་བློན་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཡོད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཀའ་བློན་གྱི་འོས་གཞིར་མི་འགྲོ་བདུན་གྱི་མཚན་དང་ལོ་རྒྱུས་བཅས་འཆར་འབུལ་ཞུས་པའི་ཁྲོད་བཀའ་བློན་གྱི་མི་འགྲོ་གཉིས་ལ་གྲོས་ཚོགས་ནས་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན་འོས་གཞི་ནས་ཟགས་ཡོད་པ་དང་བཀའ་བློན་གྱི་འོས་མི་དྲུག་པའི་མཚན་འདོན་གནང་རྗེས་སྤྱི་འཐུས་ཁག་ཅིག་གིས་དེར་དགག་བྱ་གནང་ནས་གྲོས་ཚོགས་ཀྱི་ར་བ་ལས་ཕྱིར་ཐོན་རྐྱེན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་སྟབས་ལས་རིམ་རེ་ཞིག་མཇུག་སྐྱོང་གནང་ཐུབ་མེད་པ་རེད།ཐེངས་འདིའི་བཀའ་ཤག་ནང་བཀའ་བློན་དུ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་རྒྱ་རི་སྒྲོལ་མ་མཆོག ནོར་འཛིན་སྒྲོལ་མ་མཆོག་བཅས་བུད་མེད་གསུམ་འདེམས་ཐོན་བྱུང་བར་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་རྣམས་ཀྱིས་སྒྲོལ་མ་གསུམ་ཞེས་ཆེ་བསྟོད་དང་བཅས་དགའ་བསུའི་འཚམས་འདྲི་ཞུས་ཏེ་བཀའ་བློན་རྣམ་པའི་ཕྱག་ལས་རྣམས་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུ་མཁན་མང་དག་ཅིག་མཇལ་རྒྱུ་འདུག བཀའ་བློན་རྣམ་པའི་བཀའ་བློན་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་གྲུབ་མཚམས་སུ་གསར་འགོད་པས་བཀའ་འདྲི་དང་ལེན་སྐབས་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་བྱུང་ཞེས་གསུངས་པ་དང་། ལྷག་པར་དུ་བཀའ་བློན་མཆོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་གནང་རྒྱུ་ཡིན་སྐོར་བཀའ་མོལ་ཞིག་འགྲོ་བཞིན་སྟབས་ཁོང་གིས་དེར་ངོས་བཞེས་ཀྱིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་རྒྱུ་ཡིན་པར་འགྲེལ་བརྗོད་གནང་བར་མ་ཟད། ཤེས་རིག་གི་ལས་དོན་གང་འདྲ་ཞིག་སྤེལ་ཡང་དེ་མཇུག་སྐྱོང་གནང་དགོས་རྒྱུ་ནི་གནད་འགག་ཞིག་ཡིན་པ་དང་སྒོས་ཤེས་རིག་གི་ཕྱག་ལས་གང་སྤེལ་བ་དེ་དག་འཕྲལ་མར་ཉིད་དུ་གྲུབ་འབྲས་སོན་པ་ཞིག་ཡོང་དཀའ་ནའང་རིམ་པས་བཟོ་ལྟ་བཟོས་ཏེ་དུས་ཚོད་ཏོག་ཙམ་འགོར་གྱི་རེད་ཅེས་གསུངས་ཡོད།   བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ད་རེས་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནང་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བསོད་ནམས་ཡིན་སྐོར་གསུངས་པ་དང་སྦྲགས་ཏེ་སྲིད་སྐྱོང་མཆོག་གིས་རང་ཉིད་ནས་འདོད་པ་ཡོད་པའི་ལྷན་ཁང་གནང་སོང་བས་ལྷན་ཁང་དེར་བུད་མེད་ཀྱི་བཀའ་བློན་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། ལས་འགན་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་མ་ཟད་ལས་འགན་དེ་བུད་མེད་ཅིག་གི་ངོས་ནས་འགན་འཐུས་ཚང་ཞིག་བཞེས་ངེས་ཡིན་པར་མ་ཟད་སླད་མར་བོད་ཀྱི་བུད་མེད་ལ་གནས་སྟངས་གང་འདྲ་ཞིག་གི་ཐོག་ནས་འགན་གནང་ཡང་དེར་འཐུས་ཤོར་མེད་པར་ ཡིད་ཆེས་འཕེར་བ་ཞིག་ཡོང་ཐུབ་རྒྱུའི་ཐུགས་རེ་ཡོད་སྐོར་གསུངས་ཡོད།བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་ཀྱི་གཉན་འཕྲང་གི་དུས་ཚོད་འདིར་རང་ཉིད་བཀའ་བློན་དུ་འདེམས་ཐོན་བྱུང་བ་འདིས་རང་ཉིད་ལ་འགན་ཆེན་པོ་ཞིག་ཡོད་པ་ཚོར་གྱི་འདུག་ཅེས་གསུངས་ཡོད། སྤྱིར་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་གནང་རྒྱུ་ཡིན་པའི་བཀའ་མོལ་འགྲོ་བཞིན་པ་ལྟར་ཁོང་གིས་རྒྱལ་སྤྱིའི་འབྲེལ་ལམ་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དྲིལ་བསྒྲགས་ཤུགས་ཆེ་གནང་རྒྱུའི་དམིགས་ཡུལ་དང་འདུན་པ་ཡོད་སྐོར་གསུངས་ཡོད།རྩ་བའི་དགུང་གྲངས་ ༧༠ ལ་ཕེབས་པའི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནི། སྒང་ཏོག་དང་སྦེལ་ཀོབ། མའེ་སོར་བཅས་ནས་གཞི་རིམ་སློབ་སྦྱོང་གནང་རྗེས་མའེ་སོར་ Teresian མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། མའེ་སོར་གཙུག་ལག་སློབ་ཁང་ཆེན་མོ་ནས་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད་མའེ་སོར་ (St. Joseph) མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ལེགས་ཐོན་གནང་ཡོད།ཁོང་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཐོག་མར་དམའ་རིམ་དང་དེ་ནས་མཐོ་རིམ་དགེ་རྒན་དང་ཌལ་ཧོར་གཏན་སློབ་དང་། སྦེལ་ཀོབ་ཉིན་སློབ། བདེ་སླར་སློབ་གྲྭ། མོན་གྷོ་གཏན་སློབ་བཅས་ཀྱི་སློབ་སྤྱིའི་ཞབས་ཞུ་མི་ལོ་ ༣༧ ལྷག་གནང་སྟེ་ཕྱི་ལོ་ ༢༠༡༣ ལོར་རྒས་ཡོལ་དུ་ཕེབས་ཏེ། སྦེལ་ཀོབ་བུད་མེད་ཚོགས་པའི་རྒྱུན་ལས་དང་། Dalhousie Public School  དང་། Hill Top School  སློབ་གྲྭ་གཉིས་ཀྱི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་གནང་བར་མ་ཟད།  ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་བསྟོད་གྲགས་ཅན་ (National Award for Teachers) ཞེས་པའི་གཟེངས་རྟགས་བཞེས་མྱོང་ཡོད་པ་རེད།  ལྷག་པར་དུ་ཕྱི་ལོ་ ༢༠༡༡ ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལས་འཁུར་ཞུ་མུས་ཡིན་པ་དང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་འཁུར་བཞེས་མུས་ཡིན་པ་རེད།དེ་བཞིན་དགུང་གྲངས་ ༥༧ ལ་ཕེབས་པའི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནི། རྡོ་རྗེ་གླིང་ནས་གཞི་རིམ་སློབ་མཐར་སོན་རྗེས་པན་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་སློབ་སྦྱོང་གནང་ཡོད།ཁོང་གིས་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༡ ལོར་དགུང་ལོ་ ༢༦ སྟེང་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འོས་ཐོན་གྱིས་ལོ་རྒྱུས་ནང་དགུང་ལོ་ཆུང་ཤོས་གྲས་ཀྱི་སྤྱི་འཐུས་ཡིན་པ་དང་སླར་སྐབས་ ༡༢་དང་ ༡༣། ༡༤ སོ་སོར་མདོ་སྟོད་སྤྱི་འཐུས་སུ་བདམས་ཐོན་གྱིས་བཙན་བྱོལ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་བུད་མེད་ཚོགས་གཞོན་དང་པོ་ཡིན་པ་དང་། བསྟུད་མར་སྐབས་གཉིས་རིང་ཚོགས་གཞོན་གྱི་མཛད་འཁུར་བཞེས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་མཛད་འཁུར་བཞེས་ཡོད་ལ། ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ཆ་ཤས་ལེན་མཁན་བུད་མེད་གཅིག་པུ་དེ་ཡིན་པ་རེད།དགུང་གྲངས་ ༤༦ ལ་ཕེབས་པའི་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནི། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་སིམ་ལ་བོད་གཞུང་གཏན་སློབ་གཉིས་ནས་གཞི་རིམ་སློབ་སྦྱོང་ཐོན་རྗེས། མའེ་སོར་སློབ་གྲྭ་ཆེན་མོ་ནས་ཨིན་ཡིག་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པ་དང་། དེ་ནས་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་འོག་སྦོ་སི་ཊོན་ཊཕ་སི་ (Tufts University, Boston) སློབ་གྲྭ་ཆེན་མོའི་ཧྥེ་ལེ་ཅར་ (Fletcher) སློབ་གཉེར་ཁང་དང་། ཧར་ཝཌ་སློབ་གྲྭ་ཆེན་མོ་མཉམ་འགྲིམས་བརྒྱུད་ཁྲིམས་དང་རྒྱལ་འབྲེལ་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད། རྗེས་སུ་མའེ་སོར་སློབ་གྲྭ་ཆེན་མོ་ནས་དཔེ་མཛོད་དང་ཡིག་ཚགས་རིག་པའི་ཐོག་ཉེ་བའི་རབ་འབྱམས་པ་ཡང་ཐོན་གནང་ཡོད།ཁོང་གིས་ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ བར་དྷ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་། ལས་འཆར་ལས་འཛིན་གནང་མྱོང་ཡོད་ལ། ཨ་རིར་སློབ་སྦྱོང་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཁུར་གནང་བ་དང་། དེ་རྗེས་ ༢༠༡༨ ནས་ ༢༠༢༠ བར་ཨ་རི་བོད་ཀྱི་ཐེབས་རྩར་དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་ལས་འཆར་བའི་འགན་འཁུར་ཡང་གནང་ཡོད་པ་རེད།

རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་ལ་རྒོལ་རྡུང་།

ཁ་སང་སྦེལ་ཇམ་དུ་རྟེན་གཞི་བྱས་པའི་ ITUC ཞེས་པའི་རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་འགྲོ་བ་མ་མིའི་ཐོབ་ཐང་ལ་དུས་རྒྱུན་ནས་རྡོག་རོལ་ཚ་ནན་གཏོང་གི་ཡོད་པ་མངོན་གསལ་གྱིས་སང་ལོར་རྒྱ་ནག་དུ་འཚོགས་འཆར་གྱི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་དེར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་ཏེ། བསྒྲགས་གཏམ་གྱི་ངོ་བཤུས་ཤིག་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ Thomas Bach ལགས་ཀྱི་མཚན་ཐོག་ཏུ་བཏང་འདུག ལྷན་ཚོགས་དེའི་བསྒྲགས་གཏམ་གྱི་ནང་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཡོངས་དང་། སྒོས་སུ་རྒྱ་ནག་གིི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་གདོང་ལེན་གྱི་བསྙད་འདོགས་བརྒྱུད་མི་རིགས་རྩ་གཏོར་དང་ངལ་རྩོལ་སྒྱུར་བཀོལ། གཞན་ཡང་ཆོས་ལུགས་དད་མོས་ལ་རྡོག་རོལ་སོགས་ཀྱི་མཚོན་པའི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། རྒྱ་ནག་གི་ནང་དུ་མཚན་མཐུན་དང་མ་ནིང་གི་སྤྱི་ཚོགས་ལ་བརྙས་བཅོས། ད་དུང་། ལྷན་ཚོགས་ཀྱི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་གནད་དོན་མངོན་གསལ་གནང་འདུག ཚོང་ལས་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྕམ Sharan Burrow ལགས་ཀྱིས་བསྒྲགས་གཏམ་དང་འབྲེལ་ནས་གསར་ལམ་ཁག་ལ་འགྲེལ་བརྗོད་གནང་བའི་ནང་དུ། ཚོང་ལས་ལྷན་ཚོགས་དེས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་གིས་ལས་གཞི་སྤེལ་རྒྱུར་རེ་བ་བྱེད་བཞིན་པ་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཀྱང་རྒྱལ་ཁོངས་སོ་སོའི་ཨོ་རྩལ་འགྲན་ཞུགས་པ་རྣམས་ཀྱི་བདེ་འཇགས་ལ་རྒྱབ་སྐྱོར་གནང་རྒྱུ། གཞན་ཡང་སང་ལོའི་རྒྱ་ནག་ནང་གི་ཨོ་རྩལ་ལ་སྦྱིན་བདག་གནང་མཁན་གྱི་བཟོ་ཚོང་ཁང་། Coca-Cola, Airbnb, Visa, Toyota, Alibaba སོགས་ཀྱིས་རྒྱ་ནག་དང་འབྲེལ་བའི་ལས་དོན་དེར་བསྐྱར་ཞིབ་བྱེད་དགོས་བ་མ་ཟད། བཟོ་ཚོང་ཁང་དེ་དག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་རིན་ཐང་ལྟ་ཚུལ་ཁག་ལ་གུས་བརྩི་བྱེད་དགོས་བར་སྐུལ་མ་གནང་འདུག དྲུང་ཆེ་ལྕམ Sharan Burrow ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཞོན་ John Coates ལགས་ལ་ཡང་སྐྱོན་བརྗོད་དང་འབྲེལ་ནས། སྐུ་ཞབས་ John Coates ལགས་ཀྱི་གཙོ་བྱས་པའི་རང་དབང་གི་ངང་གནས་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དེ་རྒྱལ་ཁབ་སྤྱི་ཡོངས་ལྟར་ངོས་འཛིན་བྱེད་ཐབས་མེད་པ་ཤེས་དགོས་བ་དང་། རྒྱལ་སྤྱིའི་ཁྲོམ་རའི་ནང་རྒྱ་ནག་གིས་རང་གི་ཉེས་བ་དང་འབྲེལ་བའི་ལན་འདེབས་མ་བྱས་བར་དུ་ལས་གཞི་གང་ཡང་སྤེལ་ཐབས་མེད་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གི་ཚོགས་སྐྱིད་ཁང་མང་དག་ཅིག་གིས་རྒོལ་རྡུང་གི་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་ལྟར། བདུན་ཕྲག་སྔོན་མའི་ནང་དུ་ཡང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་Foreign Correspondents’ Club of Chinaཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་དགུན་དུས་ཨོ་རྩལ་འགྲན་བསྡུར་གྱི་སྐོར་གནས་ཚུལ་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་པ་དང་། རྩེད་འགྲན་དང་འབྲེལ་བའི་བྱེད་སྒོ་ཁག་ཕྱི་གསལ་ནང་གསལ་བཟོས་མེད་པར་མ་ཟད་ཕྱིའི་བརྒྱུད་ལམ་ཁག་ནས་རྩེད་འགྲན་སྐོར་གནས་ཚུལ་སྤེལ་ཆོག་མིན་ཡང་ད་བར་གསལ་བཟོ་མེད་པ་སོགས་སྐྱོན་བརྗོད་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས། Ned Price ལགས་ཀྱིས་ཀྱང་ཨ་རིའི་ངོས་ནས་རྒྱ་ནག་གིས་སང་ལོའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་གསར་འགོད་པ་རྣམས་ལ་བཀག་སྡོམ་བྱས་མི་ཆོག་པ་དང་། དེ་བཞིན་གསར་འགོད་པ་རྣམས་བདེ་འཇགས་ཀྱི་ངང་ནས་རང་དབང་ལྡན་པའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་དུ་འཇུག་དགོས་བར་སྐུལ་མ་གནང་ཡོད་པ་རེད།

བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པ་དབུ་འཛུགས།

དེ་རིང་ཞོགས་པ་ཕྱག་ཚོད་ ༩༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་ནང་སྲིད་དྲུང་ཆེ་དང་དྲུང་འཕར། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་བཅས་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་།སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་འགོ་འཛིན་རྣམ་པས་བཀའ་ཤག་སྐབས་བཅོ་དྲུག་གི་དགོངས་པ་བཞེས་ཕྱོགས་ཐད་ལ་གཙང་བཟོ་ཅི་ཞིག་གནང་དགོས་ཀྱི་ཡོད་ཀྱང་གཙང་བཟོ་གནང་ནས་ཕེབས་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་པ་དང་སྦྲགས། བཀའ་ཤག་སྐབས་ ༡༦ གི་ལས་དོན་གཙོ་བོ་གཅིག་དང་འབྲེལ་ནས་མི་མང་གི་དགོས་མཁོ་སྒྲུབ་རྒྱུའི་གནད་དོན་དང་གཞན་ཡང་སྲི་ཞུ་བ་བསྐོ་གཞག་གནང་ཕྱོགས་སོགས་ཀྱི་འགྲོ་སྟངས་འགྲོ་ལུགས་ཚད་དང་ལྡན་པ་ཞིག་བཟོ་རྒྱུ་དེ་ཡིན་པ་དང་། ལྷག་པར་དུ་ཉམ་ཐག་དང་ནད་གཅོང་རིགས་ལ་གཟིགས་སྐྱོང་གནང་རྒྱུ་དེ་ནང་སྲིད་ལས་ཁུངས་ཀྱི་འགན་གཙོ་བོ་ཡིན་པར་གསུངས་ཡོད།ད་དུང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་བཙན་བྱོལ་བོད་མིའི་གྲངས་ཐོ་ཨ་མ་ཞིག་བཟོ་བཀོད་གནང་སླད་མི་འབོར་གྲངས་བཤེར་གྱི་ལས་གཞི་ཞིག་ལོ་རྗེས་མའི་ལོ་གསར་གྱི་རྗེས་སུ་དུས་ཚོད་ངེས་ཅན་ཞིག་གཏན་འབེབ་གནང་རྒྱུ་ཡིན་སྐོར་གསུངས་པར་མ་ཟད་ས་གནས་འགོ་འཛིན་རྣམ་པས་རང་ཉིད་ཀྱི་ཁྱབ་ཁོངས་ས་གནས་ཀྱི་མི་འབོར་གྱི་གྲངས་ཐོ་རྣམས་ཚད་དང་ལྡན་པ་ཞིག་གསུང་རྒྱུ་ཡོད་པ་བཟོ་དགོས་པའི་ལམ་སྟོན་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་རྒྱུའི་གནད་དོན་དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་མཁོ་བསྡུ་གནང་ཕྱོགས། དེ་བཞིན་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དངོས་སུ་ལག་བསྟར་སྐབས་དཀའ་ངལ་དངོས་འཕྲད་ཇི་མཆིས་དང་དེ་དག་སེལ་སླད་ཐབས་ཤེས་གང་གཟིགས་ཀྱི་ཡོད་མེད་སོགས་ཀྱི་གནད་དོན་ཐོག་ལམ་སྟོན་ཞིབ་ཕྲ་གནང་སོང་བ་དང་། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ན་གཞོན་ལས་མེད་རྣམས་ལ་ལག་ཤེས་སྦྱོང་བརྡར་སོགས་ཚད་དང་ལྡན་པ་ཞིག་གནང་རྒྱུའི་འཆར་གཞི་རིམ་པ་ཡོད་པ་གསུངས་ཡོད།   གཞི་རྩའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་འདི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༡ བར་ཉིན་གྲངས་གསུམ་རིང་ཚོགས་ཆུང་བཞིར་ཆ་བགོས་ཀྱིས་ས་གནས་འགོ་འཛིན་རྣམ་པས་ནང་སྲིད་ལས་ཁུངས་གཙོས་བོད་མིའི་སྒྲིག་འཛུགས་ལ་དུས་རྒྱུན་དུ་འགན་འཁུར་ཞུ་ཕྱོགས་དང་། དེ་མཚུངས་སོ་སོའི་ཁྱབ་ཁོངས་མང་ཚོགས་ལའང་འགན་འཁུར་ལན་འདེབས་ཞུ་ཕྱོགས། ས་གནས་འགོ་འཛིན་རྣམས་ནས་འབྲེལ་ཡོད་རྒྱ་གར་མངའ་གཞུང་གནད་ཡོད་མི་སྣ་ཁག་དང་ཡུལ་མི་བཅས་པར་འབྲེལ་ལམ་དམ་ཟབ་གནང་ཕྱོགས་བཅས་ཀྱི་སྐོར་སོགས་གྲོས་གཞི་དོན་ཚན་བཅུས་གཉིས་ཐོག་ལ་ཚོགས་ཆེན་ཚོགས་ཀྱི་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༦ འགོ་འཛུགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཡོངས་རྫོགས་གཅིག་ཏུ་བསྡུས་ཏེ་ནག་སེལ་གཤེད་བཅོམ་གྱི་ཁ་གཡང་འོག་ནས། རྒྱ་ནག་ནང་གི་ཕྱོགས་འགལ་ལམ་གཡོན་ཐད་ཅན་གྱི་དཔོན་རིགས་རྣམས་གཙང་སེལ་བྱས་དང་བྱེད་བཞིན་པའི་སྐབས་དང་བསྟུན་ནས། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༦ པ་དེ་ཁ་སང་ཚེས ༨ འགོ་འཛུགས་བྱས་འདུག དེ་རིང་རྒྱ་གར་གྱི India Today གསར་ཁང་གིས་དེར་འབྲེལ་གྱི་གསར་འགྱུར་སྤེལ་བའི་ནང་དུ། ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩ བའི་ཚོགས་ཆེན་ཐེངས ༦ པའི་ཐོག་ཏུ། རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་དུས་རབས་གཅིག་གམ། ལོ་བརྒྱ་འཁོར་བའི་བརྒྱུད་རིམ་ཁྲོད་ཀྱི་དམར་གཞུང་གི་བྱས་རྗེས་དང་ཉམས་མྱོང་ཞེས་པའི་བརྗོད་དོན་ལ་གཙིགས་འཛིན་གྱིས་བསྐྱར་ཞིབ་བྱས་པ་བརྒྱུད་ནས། ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་གསར་བ་ཞིག་འཇོག་རྒྱུར་ཤུགས་སྣོན་བྱེད་བཞིན་ཡོད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས  ༦ པའི་ཐོག་ལོ་རྒྱུས་ཁྲོད་ཀྱི་གནད་དོན་བྱེ་བྲག་པ་འགའི་གྲོས་ཆོད་ཐེངས་དང་པོ་དེ་བཞག་ཡོད་པ་དང་། དེ་བཞིན་ཕྱིས་སུ་ཕྱི་ལོ ༡༩༨༡ ལོའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༡༡ པའི་ཐོག་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གཉིས་བ་བཞག་ཡོད་པ་དང་། ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་ཧྲིལ་བོ་འཁོར་བ་དང་བསྟུན་ནས་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གསུམ་པ་དེ་འཇོག་རྒྱུར་ཧུར་བརྩོན་བྱེད་བཞིན་པ་རེད་འདུགགསར་ཁང་གིས་རྒྱ་ནག་གིས་ཐེངས་འདིའི་ཚོགས་ཆེན་དེ་ནང་ལོལ་གྱི་ཚོགས་འདུའི་ངོ་བོའི་ཐོག་འཚོགས་བཞིན་པར་ལྟོས་མེད་ཀྱིས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུགས་སྣང་ཟབ་མོ་བྱེད་བཞིན་པ་མ་ཟད། ཕྱི་ལོགས་ཀྱི་དཔྱད་ཞིབ་པ་ཁག་ཅིག་གིས་ཐེངས་འདིའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཨང་གསུམ་པ་དེ་ཡིས་གཅིག་བྱས་ན་རྒྱ་ནག་གི་ནང་དུ་འཇིགས་སྣང་ལྡན་པའི་ལྟ་གྲུབ་ཀྱི་འགྱུར་འགྲོས་གསར་བ་ཞིག་ལ་བསྒྱུར་སྲིད་པར་ངོས་འཛིན་དང་། ཕྱོགས་ཁག་གཞན་ཞིག་གིས་ཐེངས་འདིའི་ཚོགས་ཆེན་གྱི་རྐྱེན་གྱིས། རྒྱ་ནག་གི་ནང་དུ་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་སྒྱུར་བཅོས་གཏོང་རྒྱུའི་སྲིད་བྱུས་གསར་བ་ཞིག་བསྒྲག་སྲིད་པར་ཚོད་དཔག་གནང་བཞིན་པ་རེད་འདུག འོན་ཀྱང་རྒྱ་ནག་ནང་གི་ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས།   ཐེངས་འདིའི་ཚོགས་ཆེན་གྱི་ཐོག་ནས་འདས་བའི་ལོ་རྒྱུས་ལ་གཞིར་བཞག་གིས་རྒྱ་ནག་ནང་གི་གཅིག་སྒྲིལ་ལ་ཤུགས་སྣོན་བྱ་རྒྱུུ་དེ་ཨང་དང་པོར་བཞག་སྟེ། རྒྱ་ནག་དམར་གཞུང་གིས་དུས་རབས་གཞན་གཅིག་གི་རྒྱལ་ཁབ་བསྐྱར་དར་གྱི་དམིགས་འདུན་མངོན་འགྱུར་ཡོངས་རྒྱུར་ཧུར་བརྩོན་བྱེད་སྲིད་པར་ཚོད་དཔག་བྱས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་ནས་དཔྱད་བརྗོད་སྤེལ་བའི་ནང་དུ། གྲོས་ཚོགས་འདི་ནི་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་གལ་ཆེན་ཞིག་ཆགས་ཡོད་པ་དང་འབྲེལ་ནས། ཕྱོགས་གཅིག་ནས་ཐེངས་འདིའི་གྲོས་ཚོགས་བརྒྱུད་ནས་རྒྱ་ནག་གི་ནང་དུ་ཞི་ཅིན་ཕིང་གི་ལོ་བཅུའི་རྗེས་ཀྱིི་དབང་ཆ་གཅིག་སྡུད་ཀྱི་གོ་གནས་དེར་མུ་མཐུད་དུ་བརྟན་བརླིང་ཡོང་མིན་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་འགོ་ཁྲིད་བདུན་དེ་སུ་སུ་ཆགས་ཐུབ་མིན་གྱི་སྐོར་ནས་འགྱུར་བ་གསར་བ་ཞིག་ཐེབས་སྲིད་པར་བསྒྲགས་འདུགIndia Today གསར་ཁང་གིས་མུ་མཐུད་དཔྱད་བརྗོད་སྤེལ་བའི་ནང་དུ། རྒྱ་ནག་གིས་འདས་བའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་གཉིས་དེ་རྒྱ་ནག་གི་ཕྱི་ནང་གི་འགལ་རྐྱེན་དུ་མ་དང་ནང་ལོགས་ཀྱི་ལྟ་གྲུབ་གྱི་འགལ་འདུ་ཆེ་བའི་མགོ་རྙོག་གི་དུས་མཚམས་ཤིག་ཏུ་གཏན་འབེབས་བྱས་ཡོད་ཀྱང་། གྲོས་ཆོད་སྔ་མ་གཉིས་ཀྱི་ནང་དུ་ཡང་རྒྱ་ནག་ནང་གི་ཆིག་སྒྲིག་གོང་འཕེལ་གཏོང་ཕྱོགས་ཀྱི་སྐོར་འཁོད་ཡོད་པ་དང་། དེང་སྐབས་ཀྱང་། རྒྱ་ནག་དམར་གཞུང་གི་དཔོན་རིགས་ཁག་ཅིག་གིས་དམར་གཞུང་གི་དཔོན་རིགས་བར་གྱི་གཅིག་སྒྲིལ་གྱི་ནུས་པ་དང་ལྟ་གྲུབ་ལ་ངོས་འཛིན་བྱེད་ཚད་འདང་ངེས་མེད་པར་ལྟ་མཁན་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་འགྲན་བསྡུར་གྱི་གནོད་ཤུགས་དང་། གཞན་ཡང་ཤར་ནུབ་ཀྱི་ལྟ་གྲུབ་རང་བཞིན་གྱི་གདོང་ཐུག་རྣོ་བའི་ཁར། རྒྱ་ནག་ནང་གི་དཔལ་འབྱོར་ཉམས་དམས་ཀྱི་ཉེན་ཚབས་ཆེ་བ་སོགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་སྲིད་པར་བརྟེན།  རྒྱ་ནག་དམར་གཞུང་གིས་གནོད་ཤུགས་ཀྱི་འོག་ནས་ནང་ཁུལ་གྱི་གཅིག་སྒྲིལ་སྲ་བརྟན་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུའི་དུས་ལ་བབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བསྒྲགས་འདུག

རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཁ་གཏད་ཀྱིས་འཛུགས་སྐྲུན་ལས་འཆར་ངོ་སྤྲོད།

ཨ་རིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཁ་གཏད་ཀྱིས་རྒྱལ་སྤྱིའི་ཁྲོད་འཛུགས་སྐྲུན་ལས་འཆར་རྒྱ་ཆེ་བ་ལྔ་ནས་བཅུར་མ་རྩ་འཛུགས་འཆར་ཡོད་པ་ཡོངས་གྲགས་གནང་འདུགཁ་སང་ཨ་རིའི་དཔོན་བགྲེས་ཤིག་གིས་བརྒྱུད་ལམ་ཁག་ལ་ཨ་རིའི་ངོས་ནས་ཟླ་བ་དང་པོའི་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལས་གཞིའི་ཆ་ཤས་འོག་རྒྱལ་སྤྱིའི་ཁྲོད་འཛུགས་སྐྲུན་ལས་འཆར་རྒྱ་ཆེ་བ་ལྔ་ནས་བཅུར་མ་རྩ་འཛུགས་འཆར་ཡོད་པ་དང་དེ་འབྲེལ་ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་སློབ་སྟོན་པ་གཞོན་པ་སྐུ་ཞབས་ Daleep Singh ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཁག་གིས་བདུན་ཕྲག་སྔོན་མར་ཨ་ཕི་རི་ཀའི་ནུབ་ཕྱོགས་ཁུལ་དུ་ཆགས་པའི་ Senegal དང་ Ghana ཁུལ་དུ་དེ་འབྲེལ་གྱི་ལས་འཆར་མི་ཉུང་བ་བཅུ་ངོ་སྤྲོད་གནང་ཡོད་སྐོར་གསུངས་འདུག ཨ་རིའི་དབུ་ཁྲིད་དེ་དག་གིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་དབུ་འབྱེད་གནང་བའི་ Build Back Better World འམ་ B3W ཞེས་པའི་ལས་གཞི་ལས་རོགས་དངུལ་ཐོབ་ཐབས་སུ་ལས་འཆར་ཁག་འཚོལ་གྱི་ཡོད་པ་དང་དེ་སླད་གཞུང་དང་སྒེར་གཉེར་སྡེ་ཁག་གི་དབུ་ཁྲིད་ཚོ་དང་ཐུག་འཕྲད་ཀྱིས་གོ་བསྡུར་གནང་གི་ཡོད་པར་མ་ཟད་འཆར་གཞི་དེ་དག་ཕྱི་ཟླ་ ༡༢ ནང་འཚོགས་རྒྱུའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྐབས་མཐའ་བསྡོམས་གནང་སྲིད་སྐོར་གསུངས་ཡོད། སྤྱིར་ཨ་རིའི་སྐུ་ཚབ་ཀྱིས་ཟླ་བ་སྔོན་མར་ Ecuador དང་ Panama དེ་བཞིན་ Colombia བཅས་སུ་དེ་འབྲེལ་འཚམས་གཟིགས་ཕེབས་ཡོད་པ་དང་དེ་བཞིན་ལོ་མཇུག་སྔོན་དུ་ཨེ་ཤ་ཡ་ཁུལ་དུ་ཕེབས་རྒྱུ་ཡིན་པ་རེད། B3W ཞེས་པའི་ལས་གཞི་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་འཛུགས་སྐྲུན་ལས་གཞི་ཆེད་ཕྱི་ལོ་ ༢༠༣༥ བར་ཁྱོན་མ་འཛུགས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༤༠ ཙམ་ཞིག་དགོས་པ་དེ་ཉུང་འཕྲི་གནང་རྒྱུ་དང་ལྷག་པར་རྒྱ་ནག་ནས་དངུལ་བུ་ལོན་གཡར་རྒྱུའི་ལས་དོན་དང་འབྲེལ། རྒྱལ་ཁབ་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་ཐབས་ལམ་ཞིག་བསྐྲུན་གྱི་ཡོད་པ་དང་། ཨ་རིའི་ངོས་ནས་ལས་གཞི་དེའི་འོག་ཡར་ཐོན་འགྲོ་ཅན་གྱི་རྒྱལ་ཁབ་ཚོར་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན། འཕྲུལ་ལས་རིག་པ། ཕོ་མོ་འདྲ་མཉམ་ལ་ཆེད་དམིགས་ཀྱིས་བུན་གཡར་དང་རོགས་དངུལ་སོགས་འཐུས་ཚང་གནང་གི་ཡིན་ཞེས་གསུངས་འདུག ཨ་རིའི་སྐུ་ཚབ་ཨ་ཕི་རི་ཀའི་ Senegal ནང་སྔོན་འགོག་སྨན་ཁབ་བཟོ་སྐྲུན་གནང་ས་ཆེད་འཛུགས་གནང་རྒྱུ་དང་དེ་བཞིན་བུད་མེད་ཚོང་གཉེར་བ་ཚོར་དངུལ་བུན་གཡར་གནང་རྒྱུ་སོགས་ཀྱི་ཐད་གོ་བསྡུར་གནང་འདུག ཨ་རིས་ལས་འཆར་དེ་དག་ངོ་སྤྲོད་གནང་སྐབས་ཁུལ་དེའི་ཆེས་མཐོའི་དཔོན་རིགས་ཚོས་དགའ་བསུ་གང་ལེགས་ཞུས་སོང་ཞེས་གསུངས་འདུགརྩ་བའི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་ཞི་ཅིན་ཕིང་གིས་ཐོག་མར་བཀོད་འདོམས་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། ལས་གཞི་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱ་ངེས་ཡིན་པར་བརྗོད་ཡོད་ཀྱང་། འདས་པའི་ལོ་ཁ་ཤས་རིང་ལས་གཞི་དེའི་ཁྲོད་རྒྱལ་ཁབ་གཞན་ལ་དངུལ་བུ་ལོན་གཡར་བ་སྤྲོད་མ་ཐུབ་པའི་རྒྱལ་ཁོངས་སུ་བཙན་དབང་གིས་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱེད་དགོས་པར་བཟོས་པ་སོགས་རྒྱལ་སྤྱིའི་ཁྲོད་གླེང་གཞི་ཆེན་པོ་བྱུང་ཡོད་པར་མ་ཟད། ད་ཆ་རྒྱལ་སྤྱིའི་ཐོག་ལས་གཞི་དེས་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཏང་དང་གཏོང་བཞིན་ཡོད་པའི་ཐད་ལ་སྐྱོན་བརྗོད་གནང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་རེད།

Latest news