Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སུད་སིའི་སྐྱབས་བཅོལ་བོད་མིར་ཞིབ་འཇུག་བྱེད་མཁན་འབྲེལ་ཡོད་ལས་ཁུངས་ཀྱི་ལས་དོན་ལ་སྐྱོན་བརྗོད།

སུད་སི་གཞུང་གི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནང་གི་སྐྱབས་བཅོལ་བོད་མིའི་རྒྱབ་ལྗོངས་ཐོག་ཞིབ་འཇུག་བྱེད་མཁན་སྡེ་ཚན་གྱིས་རྒྱ་གཞུང་གི་འདོད་བློ་དང་མཐུན་པའི་དྲིལ་བསྒྲགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་ཐེར་འདོན་གྱི་སྐྱོན་བརྗོད་གནང་འདུགསུད་སིའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་ LINGUA Analyses ཞེས་པའི་སུད་སི་ནང་སྐྱབས་བཅོལ་ཞུ་མཁན་ཚོའི་མི་རིགས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ཀྱི་ཐོག་ཞིབ་འཇུག་དང་འདྲི་རྩད་བྱེད་མཁན་སྡེ་ཚན་གྱི་བོད་མི་སྐྱབས་བཅོལ་དང་འབྲེལ་བའི་གསང་གནད་སྙན་ཐོ་ཕྱིར་འགྱར་བྱུང་བ་ཞིག་དང་འབྲེལ་རེས་གཟའ་ཉི་མའི་ཉིན་སུད་སིར་ས་གནས་ཚགས་ཤོག་ NZZam Sonntag ཞེས་པར་སུད་སིར་རྟེན་གཞི་བྱས་པའི་ Bern གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་མཁས་དབང་ Kollmar Paulenz ལགས་ཀྱིས་གཙོས་པའི་འཇར་མན་དང་ཕ་རན་སི་བཅས་ནས་ཡིན་པའི་བོད་རིག་པའི་མཁས་དབང་བཞིས་སྡེ་ཚན་དེའི་ལས་དོན་གནང་ཕྱོགས་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་ཞིག་སྤེལ་འདུག དཔྱད་རྩོམ་ནང་གཙོ་བོ་ཁོང་རྣམས་ནས་ LINGUA Analyses སྡེ་ཚན་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོག་འདྲི་རྩད་དང་ཞིབ་འཇུག་བྱེད་མཁན་ཆེད་ལས་པ་དེ་དག་ལ་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་ཆབ་སྲིད། དེ་བཞིན་བོད་མིའི་སྐད་ཡིག་ཐོག་ཤེས་ཚད་འདང་ངེས་ཞིག་མེད་པ་དང། ཞིབ་འཇུག་གི་ལས་དོན་ཁག་སྤུས་ཚད་ལྡན་པ་བྱས་མེད་པར་མངོན་གསལ་གནང་བ་དང་། ལྷག་པར་དུ་ཁོང་རྣམས་ནས་འབྲེལ་ཡོད་སྡེ་ཚན་དེའི་ནང་གི་ཆེད་ལས་མི་སྣ་ཁག་གིས་ད་བར་བོད་མིའི་ཐོག་ཞིབ་འཇུག་དང་འདྲི་རྩད་བྱས་པའི་སྙན་ཐོ་སྤེལ་ཁག་ལ་གཞིགས་ཚེ་རྒྱ་ནག་གཞུང་ཕྱོགས་དང་མཐུན་པའི་དྲིལ་བསྒྲགས་ཀྱི་ཚིག་སྤྱོད་ཡོད་པ་ཐེར་འདོན་གནང་བ་དང་། སྙན་ཐོ་དེ་དག་ཀྱང་རྒྱ་གཞུང་གི་དགའ་ཕྱོགས་དང་མཐུན་པར་བྲིས་འདུག་ཅེས་ཟུར་ཟའི་ཚུལ་དུ་སྐྱོན་བརྗོད་གནང་འདུགཁོང་རྣམས་ཀྱིས་ཆེད་ལས་མི་སྣ་དེ་དག་གིས་ད་བར་སུད་སི་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མིའི་ཐོག་འདྲི་རྩད་དང་ཞིབ་འཇུག་བྱས་པའི་སྙན་ཐོ་ཁག་ཚད་དང་ལྡན་པ་ཞིག་བྱུང་མེད་པའི་རྐྱེན་གྱིས་སྐྱབས་བཅོལ་ཞུ་མཁན་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་སྐོར་གྱི་གནད་དོན་ཆེས་བཀོད་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་ད་རེས་དཔྱད་རྩོམ་འདི་དང་འབྲེལ་ཐད་ཀར་འབྲེལ་ཡོད་ཚོགས་པ་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་ཚོགས་གཙོ་འཕྲིན་ལས་རྒྱལ་མཚན་ལགས་སུ་ད་ལྟའི་ཆར་སུད་སི་ནང་སྐྱབས་བཅོལ་བོད་མི་ཡིག་ཆ་མེད་པ་རྣམས་ཀྱི་དངོས་ཡོད་གནས་བབ་སྐོར་བཅར་འདྲི་ཞུས་པར་ད་བར་གོང་གསལ་སྡེ་ཚན་འདི་བརྒྱུད་ནས་སྐྱབས་བཅོལ་བོད་མི་ཚོར་འདྲི་རྩད་བྱས་པའི་བོད་མི་མང་པོ་ཞིག་ལ་ཡིག་ཆ་མ་རག་པའི་གནས་སྟངས་བྱུང་ཡོད་པར་མ་ཟད། ཁོང་རྣམས་སྔ་རྗེས་སུ་སུད་སི་གཞུང་ལ་ LINGUA Analyses སྡེ་ཚན་གྱི་ཆེད་ལས་མི་སྣ་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་བསྐྱར་ཞིབ་གནང་སྐྱོང་ཡོང་བའི་ ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ད་བར་དོན་འབྲས་གང་ཡང་སོན་མེད་པ་རེད་འདུག སུད་སི་སྐྱབས་བཅོལ་བོད་མི་ཚོགས་པའི་ངོས་ནས་ད་ལན་གྱི་བོད་རིག་པའི་མཁས་དབང་གིས་སྤེལ་བའི་དཔྱད་རྩོམ་ལུང་འདྲེན་དང། དེ་བཞིན་དེ་སྔོན་ ༢༠༡༥ལོར་སུད་སི་ཞིབ་བཤེར་ལས་ཁུངས་དང་རྒྱ་ནག་དབར་གསང་བའི་ཐོག་བཞག་པའི་ཆིག་ཡིག་དེ་འདི་ལོའི་ཕྱི་ཟླ་ ༡༢ ནང་སླར་གསོ་གནང་རྒྱུའི་དུས་ཚིགས་ཁེལ་གྱི་ཡོད་པ་བཅས་གནད་དོན་གཉིས་གཞི་རྩར་འཛིན་འཛིན་ནས་ཁ་སང་ཚོགས་པ་དེའི་ངོས་ནས་ཕྱི་ཚེས་ ༢༦ ཉིན་སུད་སི་གཞུང་དང་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་དོན་ཚན་གསུམ་ཅན་འཁོད་པའི་ཞུ་གཏུག་གི་བསྒྲགས་གཏམ་ཞིག་སྤེལ་འདུག་ཅིང་། སུད་སི་ནང་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོར་ཁྲིམས་མཐུན་གཏན་སྡོད་ཡིག་ཆ་འཕྲལ་དུ་སྤྲོད་དགོས་པ་དང་བོད་མི་སྐྱབས་བཅོལ་བར་ཞིབ་འཇུག་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་ངེས་པར་དུ་བསྐྱར་ཞིབ་དགོས་པ། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་ གཞུང་དང་སུད་སི་ཕྱི་མི་ཞིབ་བཤེར་ལས་ཁུངས་དབར་གསང་ཐོག་བཞག་པའི་ཆིག་ཡིག་དེ་སླར་གསོ་གནང་མཚམས་འཇོག་དགོས་པ་བཅས་ཆེད་བཀོད་གནང་ཡོད་པ་རེད། རྩ་བའི་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་གྲངས་ཐོ་ལ་གཞིགས་ན། ད་ཆ་སུད་སི་ནང་ཡིག་ཆ་ནག་པོ་ཆགས་པའི་སྐྱབས་བཅོལ་བོད་མི་ ༣༠༠ ཡས་མས་ཤིག་ཡོད་པ་དང། ཕྱི་ལོ་ ༢༠༡༧ ལོར་སུད་སི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནས་བོད་མི་དེ་དག་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཚང་མེད་པར་བརྟེན་རང་གནས་སུ་ཕྱིར་སློག་དགོས་ཞེས་བརྡ་ལན་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་དང། བོད་མི་དེ་དག་མང་ཆེ་བ་ནི་ཉུང་ཐར་ཡིག་ཆ་མ་རག་ནས་ལོ་ངོ་བདུན་དང་བརྒྱད་ཕྱིན་པ་ཤ་སྟག་ཆགས་ཀྱི་འདུག

སངས་རྒྱས་སྐྱབས་ལགས་ཀྱི་ལྷག་དཀར་ལས་འགུལ་ཐོག་བཅར་འདྲི།

ཁེ་ན་ཌར་གནས་བཞུགས་སངས་རྒྱས་སྐྱབས་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི༸སྐུའི་བླ་གཟའ་དང་བསྟུན་རེས་གཟའ་ལྷག་པ་ནམ་ཡིན་ལ་ཁེ་ན་ཌར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་དགོས་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དྲང་བདེན་ཐོག་ནས་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀྲིས་དབང་ཕྱུག་ལགས་དང་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་འོག་ལས་འགུལ་སྤེལ་གྱི་ཡོད་པ་རེད།    སྤྱིར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་རྐྱེན་གྱིས་རྒྱལ་སྤྱིའི་ཁྲོད་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གིས་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ཐད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མུས་ཡིན་པར་མ་ཟད། ལྷག་པར་ཨ་རི་དང་རྒྱ་གར། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་པོས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་མཁྲེགས་སུ་གཏོང་བཞིན་པའི་ཁྲོད་འདིར་བྱེས་བཞུགས་བོད་མི་རྣམས་ནས་གོ་སྐབས་ཆེས་བཞེས་ཀྱིས་རྣམ་པ་མི་འདྲ་སྒོ་ནས་བོད་དོན་ལས་འགུལ་སྤེལ་མུས་ཡིན་པ་རེད།དེའི་ཁྲོད་བོད་མི་ཁག་ཅིག་གིས་མ་སྐུལ་དང་བླངས་ཀྱིས་རེས་གཟའ་ལྷག་པ་སྟེ་ལྷག་དཀར་གྱི་དུས་ཚིགས་ནམ་ཡིན་ལ་ཡུལ་སོ་སོའི་ནང་བོད་དོན་ལས་འགུལ་སྤེལ་གྱི་ཡོད་སྟབས། རླུང་འཕྲིན་ཁང་གིས་གཟའ་འཁོར་སྔོན་མ་ནས་ལྷག་དཀར་གྱི་ལས་རིམ་ཞེས་པ་ཞིག་དབུ་འཛུགས་ཀྱིས་དེ་ལྟ་བུའི་ལས་འགུལ་སྤེལ་མཁན་བོད་མི་ཁག་ཅིག་གི་སྐོར་ཆེད་བསྒྲིགས་ལེ་ཚན་ཞིག་རྒྱང་སྲིང་ཞུ་བཞིན་ཡོད་པ་ལྟར། དེ་རིང་གཟའ་འཁོར་འདིའི་ལྷག་དཀར་གྱི་ལས་རིམ་ཐོག་མདོ་སྨད་རྔ་བ་ནས་ཡིན་པའི་སངས་རྒྱས་སྐྱབས་ལགས་སུ་ཁོང་གི་ལྷག་དཀར་ལས་འགུལ་ཐོག་བཅར་འདྲི་ཁག་ཅིག་ཞུས་ཡོད། བོད་ནས་ཚར་ལོང་བྱུང་བའི་སངས་རྒྱས་སྐྱབས་ལགས་ནི་ཕྱི་ལོ་ ༢༠༡༤ ལོར་ཁེ་ན་ཌར་འབྱོར་ཡོད་པ་དང་། ཁོང་གིས་འདས་པའི་ལོ་གཉིས་ཙམ་གོང་ནས་ལྷག་དཀར་ནམ་ཡིན་ལ་བོད་དོན་ལས་འགུལ་སྤེལ་བཞིན་པ་དང་། ཉེ་ཆར་ཁེ་ན་ཌའི་གྲོང་ཁྱེར་ Toronto ནས་རྒྱལ་ས་ Ottawa བར་དང་དེ་རྗེས་སླར་ཊོ་རོན་ཊོ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།ཁོང་གིས་བོད་དོན་ལས་འགུལ་སྤེལ་རྒྱུའི་སྐོར་དེ་སྔ་སྐད་འཕྲིན་བརྒྱུད་བོད་ནང་གནས་བཞུགས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ལ་ཞུ་སྐབས་སུ་ཁོང་ཉིད་ཀྱི་པཱ་ལགས་ཀྱིས་ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་། ལྷག་པར་དུ་ཁོང་གིས་ཁེ་ན་ཌ་ལྟ་བུ་རང་དབང་ཅན་གྱི་རྒྱལ་ཁབ་ནང་འབྱོར་རྗེས་དངུལ་ཁོ་ན་བཟོ་རྒྱུར་མ་དམིགས་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེར་གཟིགས་ཡོད་པ་ཕ་མ་གཉིས་ལ་ཞུས་པ་དང་ཆབས་ཅིག ཁོང་གིས་ཕྱི་ཕྱོགས་རྒྱལ་ཁབ་ནང་ལས་དོན་སྤེལ་བ་དེའི་རྐྱེན་གྱིས་རྒྱ་གཞུང་ནས་ཕ་མ་གཉིས་འཛིན་བཟུང་བྱེད་སྲིད་པས་རྟག་ཏུ་གཟབ་གཟབ་གནང་རོགས་ཞེས་ཞུས་ཡོད་སྐོར་གསུངས་སོང་། ཁོང་གི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད་སྐབས་རེར་ལས་ཀ་ཤོར་བ་བྱུང་ཡོད་པ་དེ་ལྟར་ཡང་། ལས་ཀ་ཤོར་བར་འགྱོད་པ་མེད་པ་དང་སྒོས་མི་ཚེ་གང་པོར་དངུལ་ཁོ་ན་བཟོ་རྒྱུར་དུས་ཚོད་བཏང་ནས་བོད་དོན་ཐད་གང་ཡང་མ་གནང་ན་དེས་འགྱོད་པ་ཡོང་བ་འདུག་ཅེས་གསུངས་སོང་། ཁོང་གིས་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གནང་བའི་ཐོག་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་པ་དང་ད་ཆ་གཞོན་སྐྱེས་རྣམས་ལ་དམིགས་བསལ་གྱི་འོས་འགན་ཡོད་སྟབས་བོད་མི་ཡོད་དོ་ཅོག་ནས་བོད་ཀྱི་གནད་དོན་ཐད་ནུས་པ་མཉམ་སྤུངས་གནང་དགོས་པའི་འབོད་སྐུལ་གནང་ཡོད།

འོས་བསྡུའི་དེབ་སྐྱེལ་ཞུ་རྒྱུར་ཉིན་གྲངས་གསུམ་ལས་ལྷག་མེད་སྟབས་འཚེམས་ལུས་མེད་པར་འོས་བསྡུའི་དེབ་འགོད་གནང་དགོས།

བོད་མི་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོ་དང་དངོས་གཞིའི་འོས་འསྡུའི་ལས་རིམ་ནང་ཆ་ཤས་བཞེས་སླད་དང་ཐོག་མིང་གཞུང་དེབ་འགོད་གནང་རྒྱུ་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་ལྟར་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་མིང་གཞུང་དེབ་བཀོད་ཞུ་སླད་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཉིན་གྲངས་ ༤༥ དུས་ཚིགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་བྱ་སླད་ཕྱི་ཟླ་ ༡༠ ཚེས་ ༣༠ བར་དུས་འགྱངས་གནང་བ་བཞིན། འོས་བསྡུའི་དེབ་བཀོད་སླད་ཉིན་གྲངས་གསུམ་ལས་ལྷག་མེད་སྟབས། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་འོས་བསྡུའི་ལས་རིམ་ཁྲོད་རྨང་གཞི་ནི་མིང་གཞུང་དེབ་འགོད་བྱ་རྒྱུ་དེ་ཡིན་སྟབས། བོད་མི་ཚོས་འཚེམས་ལུས་མེད་པར་འོས་བསྡུའི་དེབ་འགོད་གནང་རོགས་གནང་ཞེས་སྐུལ་མ་གནང་སོང་།གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་མིང་གཞུང་དེབ་འགོད་ཞུ་རྒྱུའི་སླད་ཉིནགྲངས་ ༤༥ དུས་ཚོད་གནང་ཡོད་ཀྱང་། ས་གནས་ཁག་ཁ་ཤས་ནང་དུ་མིང་གཞུང་དེབ་བཀོད་བྱ་རྒྱུ་ལུས་པ་དང་དོགས་བཅོས་བྱ་ཕྱིར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ཕྱི་ཚེས་ ༣༠ བར་ཉིན་གྲངས་ ༡༤ ཡི་དུས་ཚིགས་འཕར་མ་གནང་དགོས་པའི་དགོས་དམིགས་དང་དེའི་ཕན་ཐོགས་སྐོར་ལ་གསུངས་ཡོད། བཙན་བྱོལ་བོད་མིའི་ཁྲོད་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་ཆོག་མིན་གྱི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུའི་ལས་ཁང་གིས་ཟླ་ ༡༠ ཚེས་ ༢༠ ཉིན་ཕུལ་བའི་རྩ་འཛིན་བཀོད་ཁྱབ་ཞིག་གི་ནང་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་མི་ཆོག་པའི་ལམ་སྟོན་དང་སྦྲགས། ལུགས་མཐུན་གྱི་འོས་བསྡུའི་ནང་ཆ་ཤས་བླངས་རྒྱུའི་སླད་དཔྱ་དེབ་རྙིང་པ་ནས་གསར་པ་བསྒྱུར་རྒྱུ་ཁོ་ནའི་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ བར་དམིགས་བསལ་གོ་སྐབས་གནང་ཡོད་སྐོར་ལ་གསུངས་སོང་། རྩ་བའི་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱེད་མཁན་ ༨༣༩༩༠ བྱུང་ཡོད་པ་དང་དེ་དག་གི་ཁོངས་སུ་དངོས་སུ་འོས་འཕེན་མཁན་མི་གྲངས་ ༤༩༡༨༤ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་ཡོད་པ་དང་། དེ་དག་གི་ཁོངས་སུ་དངོས་གཞིར་འོས་བླུག་མཁན་མི་གྲངས་ ༥༩༣༥༣ བྱུང་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ས་གནས་ཁག་གི་འོས་བསྡུ་དེབ་སྐྱེལ་ཞུས་པའི་མིང་གཞུང་འབྱོར་གྱི་ཡོད་སྟབས། ད་ཆར་བོད་མི་ཇི་ཙམ་ནས་མིང་གཞུང་དེབ་བཀོད་གནང་ཡོད་མེད་ཀྱི་ཤེས་རྟོག་ཐུབ་ཀྱི་མེད་པ་གསུངས་སོང་། སྤྱིར་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་ཡིན་པ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་གནང་གཏན་ཁེལ་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་རེད།

ནད་ཡམས་དང་རྒྱ་གཞུང་གིས་བོད་དང་ཧོང་ཀོང་སོགས་ལ་འཛིན་པའི་སྲིད་བྱུས་ཐོག་བགྲོ་གླེང་།

ཉེ་ལམ་ཟླ་ ༡༠ ཚེས་ ༢༤ ཉིན་ཐེ་ཝན་རྒྱལ་ས་ཐེ་པེར་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་གི་བརྗོད་གཞི་ནི་ནད་ཡམས་དང་རྒྱལ་སྤྱིའི་འགྱུར་ལྡོག་ཤུགས་ཆེར་འགྲོ་སྐབས་རྒྱ་ནག་གཞུང་གིས་བོད་དང་སོག་པོ། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་ཐོག་འཛིན་པའི་སྲིད་བྱུས་ཞེས་པ་དེ་ཡིན་པ་རེད།ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་རྣམ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བགྲོ་གླེང་གི་ཚོགས་འདུ་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་དབྱི་མོང་ལགས་ཀྱིས་གཙོས་པའི་མཁས་དབང་དང་དཔྱད་ཞིབ་པ། མང་ཚོགས་དོན་གཉེར་བ་སོགས་ལྷན་ཞུགས་གནང་འདུགསྐབས་དེར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ དེས་འཛམ་གླིང་སྤྱིར་སྐུ་ངལ་དུ་མ་སྤྲད་ཡོད་པར་མ་ཟད། རྒྱ་གཞུང་གིས་རྣམ་ཀུན་འཁྱོག་བཤད་དྲིལ་བསྒྲགས་དང་ཧམ་བཤད། དེ་བཞིན་མཐོང་ཆུང་དང་བཙན་གནོད་བྱེད་པ་དག་ད་ཆ་འཛམ་གླིང་གི་མི་མང་ཚོས་ངེས་པར་དུ་མཁྱེན་རྟོགས་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་པ་དང་། ལྷག་པར་དུ་ད་ལྟའི་དུས་ཚོད་འདིར་བོད་གཙོས་རྒྱའི་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གིས་དཀའ་ངལ་དངོས་དེ་འཛམ་གླིང་ཡོངས་ལ་གསུང་རྒྱུའི་གོ་སྐབས་ལྡན་པ་དང་། རྒྱ་ནག་མི་མང་ལའང་རྒྱ་གཞུང་གིས་བྱེད་ཕྱོགས་དེ་རྒྱལ་སྤྱིའི་ཁྲོད་ངོ་སྤྲོད་གནང་དུས་ཤིག་ཤར་ཡོད་པ་གསུངས་འདུག རྒྱ་གཞུང་གིས་དེ་གའི་དབང་སྒྱུར་ཡོད་པའི་མི་རིགས་རྣམས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུར་དམིགས་ནས་སྲིད་བྱུས་སྣ་མིན་སྤེལ་བཞིན་པར་མ་ཟད་དེའི་ཁྲོད་བོད་དང་ཤིན་ཅང་ལྟ་བུ་ནི་ད་ཆ་བཙོན་ར་ཆེན་པོ་ཞིག་གི་ངོ་བོར་གནས་ཡོད་སྟབས། ང་ཚོ་ཚང་མས་མཉམ་རུབ་ཐོག་ནས་རྒྱ་གཞུང་གི་སྲིད་བྱུས་དེར་བསྒྱུར་བཅོས་གཏོང་ཐབས་ཤེས་པ་གནང་དགོས་སྐོར་སོགས་གསུངས་འདུག དེ་བཞིན་ཚོགས་འདུ་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་དབྱི་མོང་ལགས་ཀྱིས་ཁོང་ནས་བོད་མི་སོགས་ལ་རྒྱབ་སྐྱོར་གནང་དགོས་དོན་ནི་ཐེ་ཝན་གཞོན་སྐྱེས་ཚོས་རྒྱ་གཞུང་གིས་བོད་མིས་གཙོས་པའི་སོག་པོ་དང་ཤར་ཏུར་ཀི་སི་ཐན། དེ་བཞིན་ཧོང་ཀོང་བཅས་ཀྱི་ཐོག་འཛིན་པའི་སྲིད་བྱུས་དག་ལག་བསྟར་བྱེད་བཞིན་པ་དེ་དག་མཁྱེན་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད་ལས་འགུལ་སྤེལ་གྱི་ཡོད་པར་ངོ་སྤྲོད་གནང་འདུག དེ་བཞིན་ཚོགས་འདུ་ཐོག་ཨུ་རུ་སུ་དང་འཇར་མི་ན། དེ་བཞིན་ཨ་རི་སོགས་ནས་མཁས་དབང་དང་ཞིབ་འཇུག་པ་རྣམས་ནས་བརྙན་འཕྲིན་བརྒྱུད་བོད་ཀྱི་ལོ་རྒྱུས་གནས་བབ་དང་། ཁོར་ཡུག རྒྱ་ནག་གཞུང་གིས་བོད་དང་སོག་པོ། ཤར་ཏུར་ཀི་སི་ཐན་ཐོག་འཛིན་པའི་སྲིད་བྱུས། རྒྱ་གཞུང་གི་ལྐོག་བྱུས་དང་ཧོང་ཀོང་མི་མང་གི་འཐབ་རྩོད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་དང་ཐེ་ཝན་གྱི་རང་སྐྱོང་གནས་བབ་སོགས་ཀྱི་བརྗོད་གཞི་ངོ་སྤྲོད་དང་དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ་ཚོགས་འདུག  ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ད་ལན་གྱི་ཚོགས་འདུའི་བརྗོད་གཞི་དེ་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཧོང་ཀོང་བ་རྣམས་ཀྱིས་བསམ་ཚུལ་གསུངས་ཁག་ལ་བརྟེན་ནས་དེ་ལྟར་ཐག་གཅོད་གནང་ཡོད་པ་དང་། ཁོང་གིས་ཚོགས་འདུ་དེ་གྲུབ་རྗེས་རེས་གཟའ་ཉི་མའི་ཉིན་རྒྱ་གཞུང་གིས་གཉའ་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད།གཞི་རྩའི་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྐུ་ངལ་དུ་མ་བཟོས་ཡོད་པ་དང་ཛ་དྲག་གི་དུས་ཚིགས་རྐྱེན་གྱིས་དྲྭ་ལམ་ནས་ཐོ་འགོད་ཀྱིས་མི་གྲངས་དྲུག་ཅུ་ལྷག་ནས་མཉམ་ཞུགས་གནང་འདུག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཐེ་ཝན་ནང་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ལོ་རེར་ཐེངས་རེ་བསྐོང་ཚོགས་གནང་གི་ཡོད་པ་རེད།

སེར་སྨད་རོང་པོ་ཁང་ཚན་གྱི་དགེ་བཤེས་ཤིག་ཐུགས་དམ་ལ་བཞུགས་མུས།

སེར་སྨད་རོང་པོ་དགེ་བཤེས་ངག་དབང་དཔལ་བཟང་ལགས་ཉེ་ཆར་ཟླ་བ་འདིའི་ ཚེས་ ༡༧ ཉིན་ཐོ་རེངས་ཚོུད་ ༡༌༣༠ རྒྱ་གར་ལྷོ་ཕྱོགས་སེར་སྨད་རང་ཤག་ཏུ་དགུང་ལོ་ ༨༧ ཐོག་དགོངས་པ་རྫོགས་ནས་དེ་རིང་ཕྱི་ཚེས་ ༢༧ བར་ཁྱོན་ཉིན་གྲངས་ ༡༡ སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་ཡིན་པ་དང། དགེ་བཤེས་ངག་དབང་དཔལ་བཟང་ལགས་ནི་བྱེས་ཀྱི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རང་ཤག་ཏུ་དགོངས་པ་རྫོགས་པའི་གནས་ཚུལ་དེ་དེ་རིང་བར་གསང་རྒྱ་ནན་པོ་གནང་འདུགགཞི་རྩའི་དགེ་བཤེས་ངག་དབང་དཔལ་བཟང་ལགས་ནི་ཁམས་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་ནང་ཚན་ཟླ་ཁོག་ནས་འོག་ཟླ་ཞེས་པའི་གྲོང་དུ་ཕྱི་ལོ་ ༡༩༣༤ ཟླ་ ༦ ཚེས་ ༣ ཉིན་སྐུ་འཁྲུངས་ཡོད་པ་དང་། ཆུང་དུས་ནས་ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་དུ་ཆོས་ཞུགས་གནང་། དེ་རྗེས་བོད་དབུས་སུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་༸གོང་ས་མཆོག་གིས་དབུས་པའི་བོད་མི་མང་དག་ཅིག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་སུ་གཅིག་མཚུངས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་ཞུགས། དེ་རྗེས་ཕྱི་ལོ་ ༡༩༧༠ ལོར་གདན་ས་རྒྱ་གར་ལྷོ་ཕྱོགས་སུ་གཞིས་སྤོས་ཏེ་གདན་ས་ཆེན་པོ་སེར་སྨད་གྲྭ་ཚང་གསར་བཞེངས་ཀྱི་གནང་སྒོ་ཡོངས་རྫོགས་ཁྱོན་ལོ་ངོ་ ༤༠ ལྷག་གི་འགན་བཞེས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ཙམ་ལ་གྲྭ་ཚང་རིན་པོ་ནས་གླིང་བསྲེས་དགེ་བཤེས་ཀྱི་མཚན་རྟགས་གསོལ་སྩལ་བྱུང་དོན་ལྟར་དགེ་བཤེས་དམ་འཇོག་གནང་འདུགའདི་ག་རླུང་འཕྲིན་ཁང་གིས་སེར་སྨད་རོང་པོ་དགེ་བཤེས་ངག་དབང་དཔལ་བཟང་ལགས་ཀྱི་སྤུན་མཆེད་དགེ་བཤེས་ཚུལ་ཁྲིམས་བློ་ལྡན་ལགས་སུ་དགེ་བཤེས་ལགས་དམ་པ་ཁོང་དགོངས་པ་གཤེགས་ཚུལ་དང་སྐུ་ཚེའི་མཛད་རྗེས་སོགས་ཀྱི་ཐོག་དམིགས་བསལ་བཀའ་འདྲི་ཞུས་པ་གསན་གནང་འཚལ།

ས་གནས་འགོ་འཛིན་རྣམས་ཀྱི་ཚོགས་ཐེངས་བཅུ་གསུམ་པ་དབུ་འཛུགས།

ཁ་སང་ཟླ་འདིའི་ཚེས་ ༢༦ ནས་དབུ་འཛུགས་ཀྱིས། ཚེས་ ༢༨ བར་སྟེ། ཉིན་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཐེངས་ ༡༣ དྲྭ་ཐོག་བརྒྱུད་ཚོགས་བཞིན་པ་རེད་འདུག

༸གོང་ས་མཆོག་གིས་གོ་ཚོན་བཀག་སྡོམ་གྱི་གྲོས་མཐུན་ལ་དགའ་བསུ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་གྲོས་མཐུན་ལ་དགའ་བསུ་མཛད་པ་དང་ཆབས་ཅིག ང་ཚོའི་མཐར་ཐུག་གི་དམིགས་ཡུག་གཙོ་བོ་དེ་ནི་རྡུལ་ཕྲན་མཚོན་ཆ་དང་བྲལ་བའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་པ་བཀའ་སྩལ་འདུག ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་ Hondurus རྒྱལ་ཁབ་ནས་གྲོས་མཐུན་དེར་ཞལ་བཞེས་དོན་འཁྱོལ་གྱི་མཚན་རྟགས་བསྐྱོན་པ་དང་སྦྲགས། རྒྱལ་ཚོགས་ཀྱི་དེ་སྔ་ ༢༠༡༧ ལོར་གོ་ཚོན་བཀག་སྡོམ་གྱི་གྲོས་དོན་གཏན་འབེབས་ཕྱག་བསྟར་མ་ཐུབ་པར་ལུས་པ་དེར་དགོས་ངེས་རྒྱལ་ཁབ་ ༥༠ ཐམ་པའི་རྒྱབ་སྐྱོར་ཐོབ་ཐོག་ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་གྲོས་མཐུན་དེ་དངོས་སུ་ཕྱག་བསྟར་གནང་རྒྱུ་ཡོངས་གྲགས་གནང་ཡོད་པ་རེད། ཐག་གཅོད་དེ་དང་འབྲེལ་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བརྒྱུད་མགོན་པོ་༸གང་ཉིད་མཆོག་དུས་རྒྱུན་ནས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་པར་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས། རྒྱལ་ཚོགས་ཀྱི་གྲོས་མཐུན་དེར་དགའ་བསུ་ཡོད་ཅེས་བཀའ་སྩལ་བར་མ་ཟད། རྒྱལ་ཁབ་ལྔ་བཅུས་རྒྱབ་སྐྱོར་གནང་སྟེ་ཐག་གཅོད་གནང་པའི་གྲོས་མཐུན་འདི་ནི་སླད་མར་འགྲོ་བའི་བདེ་དོན་གྱི་ཆ་ནས་ལོ་རྒྱུས་རང་བཞིན་ཞིག་དང་འཛམ་གླིང་ཐོག་གི་འཁྲུག་རྩོད་ཞི་བའི་ལམ་བཟང་པོ་ཞིག་ཀྱང་རེད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་གོ་ཚོན་བཀག་སྡོམ་གྱི་གྲོས་དོན་འདི་དངོས་སུ་ཕྱག་བསྟར་གནང་བའི་རྗེས་སུ་འཛམ་གླིང་ཐོག་དོན་ངོ་མའི་ཞི་བདེ་སྐྲུན་ཐུབ་པར་མ་ཟད། ང་ཚོ་འགྲོ་བ་ཚང་མ་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་འཚོ་དགོས་པའི་གནས་སྟངས་ཁྲོད་རྒྱལ་ཚོགས་ནས་གྲོས་མཐུན་དེ་ལྟར་གཏན་འབེབས་གནང་བ་དེ་ནི་གོ་ལ་སྤྱིའི་བདེ་དོན་ལ་དམིགས་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་བཀའ་སྩལ་འདུག ལྷག་པར་དུ་༸གོང་ས་མཆོག་ནས་ཐེངས་འདིའི་ཐག་གཅོད་འདི་ནི་འཛམ་གླིང་ཞི་བདེ་དང་ལྡན་པ་ཞིག་བཟོ་རྒྱུའི་གོམ་པ་དང་པོ་དེ་ཡིན་པ་དང་། ང་ཚོའི་མཐར་ཐུག་གི་དམིགས་ཡུག་གཙོ་བོ་ནི་འཛམ་གླིང་ཐོག་གོ་ཚོན་དང་དམག་དཔུང་གཙང་སེལ་གནང་རྒྱུ་དེ་ཡིན་པ་དང་། གལ་སྲིད་ང་ཚོས་དམངས་ལ་འཆར་གཞི་ལྡན་པའི་ལས་གཞི་དང་སློབ་གསོ་རིགས་གནང་ཐུབ་ཚེ་དེ་ནི་གནང་ཐུབ་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག གཞི་རྩའི་གོ་ཚོན་བཀག་སྡོམ་གྱི་གྲོས་མཐུན་དེ་ཐོག་མར་ ༢༠༡༧ ལོར་གཏན་འབེབས་གནང་ཡང་དགོས་ངེས་ཚོགས་མི་རྒྱལ་ཁབ་ ༥༠ ཐམ་པའི་རྒྱབ་སྐྱོར་མ་རག་པར་བརྟེན་ད་བར་དངོས་སུ་ཕྱག་བསྟར་གནང་ཐུབ་མེད་པ་རེད།

མིའི་སྤྱི་ཚོགས་ལ་དཀའ་ངལ་འཕྲད་སྐབས་ངེས་པར་དུ་གྲོས་བསྡུར་གནང་དགོས་བའི་ལམ་སྟོན།

དེ་རིང་སྔ་དྲོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དང་ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གནའ་རབས་ཀྱི་གཅེས་ནོར་འཚེ་བ་མེད་པ་དང་བྱམས་བརྩེའི་ཉམས་ལེན་ཞེས་པའི་བརྗོད་གཞིའི་ཐོགབཀའ་སློབ་ལམ་སྟོན་དང་འབྲེལ་ནས། རྒྱ་གར་གྱི་མཁས་དབང་ཁག་གཅིག་གི་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་མཛད་པའི་ཁྲོད། མིའི་རིགས་ཀྱི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་སྐབས། དེ་ནི་མི་ཚེ་ཡི་ལམ་ལུགས་ཤིག་ཡིན་པར་སྙམ་ནས་བཞུགས་རྒྱུ་མིན་པར། མི་མང་རང་བཞིན་གྱིས་གྲོས་བསྡུར་བྱས་ཏེ་དཀའ་ངལ་སེལ་རྒྱུ་གལ་ཆེན་པོ་ཡིན་ལུགས་ཀྱི་ལམ་སྟོན་མཛད་པ་མ་ཟད། ཉིན་གཅིག་གི་ཉི་ཟླ་ཡི་འཆར་ནུབ་དེ་ཡང་ལྟོས་བཅོས་ཀྱིས་འགྱུར་བ་མེད་པ་འདྲ་ཞིག་ཡིན་ནའང་། གནས་སྟངས་འདྲ་མིན་གྱི་ཁྲོད་དུ་ཉི་ཟླའི་འཆར་ནུབ་ཀྱང་འགྱུར་བཞིན་ཡོད་པའི་ཆོས་ཉིད་ལུང་འདྲེན་སྩལ་སོང་།

ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པའི་ཞུ་སྐུལ།

ཁ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་མི་ལོ་ ༧༥ འཁོར་བ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།འདི་ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་གྱི་བསྐྱར་ཞིབ་དབུ་འཛུགས་དང་འབྲེལ།  ད་ཆ་འཚོགས་བཞིན་པའི་བསྐྱར་ཞིབ་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཤིག་གི་ཡོད་པས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས་ཞེས་པའི་སྙན་ཐོ་འདོན་སྤེལ་གནང་འདུག སྙན་ཐོའི་ནང་འབྲེལ་ཡོད་ལས་འཛིན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་དང་ཆ་འདྲ་བའི་རྒྱལ་ཁབ་གཞན་དག་གིས་དབང་འཛིན་བཀོད་ཁྱབ་དང་ཁེ་ཕན་སླད་གྲོས་ཆིངས་ཁག་གི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སུ་འབད་བཞིན་པ་གསལ་བོར་ཤེས་རྟོགས་གནང་བ་དང་། སོ་སོའི་ཆབ་སྲིད་ཀྱི་དམིགས་འདུན་ཁོ་ན་བསྒྲུབ་ཆེད་རྒྱལ་ཁབ་དེ་རིགས་ཀྱིས་མང་ཚོགས་ཀྱི་ཐོབ་ཐང་དང་དབང་ཆ་བཙན་འཕྲོག་བྱེད་བཞིན་པར་ཐུགས་སྣང་གནང་རོགས་ཞེས་གཞེན་སྐུལ་གནང་འདུག  ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་ཞིབ་སྐབས་སྐྱེ་བོ་ཡོད་དོ་ཅོག་གིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་གི་ནུས་པ་ཤུགས་ཆེ་རུ་གཏོང་ཆེད་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པ་དང་། སྲིད་གཞུང་གི་དགོས་དམིགས་གཙིགས་སུ་འཛིན་པའི་རྒྱལ་ཁབ་དག་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ནུས་པ་ཤུགས་ཆེར་གཏོང་དུ་འཇུག་མི་རུང་བའི་འབོད་སྐུལ་གནང་འདུག སྙན་ཐོའི་ནང་ཁེ་དབང་འཕྲོག་རྩོད་སེལ་ཐབས། ཕྱི་གསལ་ནང་གསལ་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་གནང་ཐབས་སུ་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མིས་ཕྱོགས་རིས་མེད་པ་དང་། ཕྱི་གསལ་ནང་གསལ་གྱི་དངོས་ཡོད་གནས་སྟངས་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་མངོན་གསལ་གནང་འདུག རྒྱ་གཞུང་དེ་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་འཛིན་ཁག་ ༡༠ ཁོངས་ནས་ ༦ ནང་འཛུལ་ཞུགས་ཀྱིས་ཡང་ནས་ཡང་དུ་ཆིངས་ཡིག་ཁག་ཏུ་གསལ་བའི་འགན་འཁྲི་ཁག་བརྩི་མེད་བཏང་བར་མ་ཟད། དུས་ཐོག་ཏུ་ལས་དོན་སྙན་སྒྲོན་ཞུ་ཡི་མེད་པ། ལྷག་པར་རྒྱ་གཞུང་གི་སྐུ་ཚབ་ཚོས་རྣམ་ཀུན་ནས་ཚུལ་མིན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་དང་། སྐབས་རེ་ཆིངས་ཡིག་ལས་འཛིན་བསྐྱར་ཞིབ་སྐབས་འཇིགས་སྐུལ་ཡང་གཏོང་གི་ཡོད་པ་དང་ཆབས་ཅིག རྒྱ་གཞུང་གིས་སྤྱི་ཆིངས་ཁག་རྩིས་མེད་བཏང་བའི་ཐད་ཀྱི་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྐུལ་འདེབས་ཁག་མུ་མཐུད་སྣང་མེད་དུ་སྐྱུར་དུ་ཡོད་པ་འཁོད་འདུག ད་ཆ་རྒྱལ་ཁབ་ཁག་ཅིག་གིས་ཆབ་སྲིད་ཀྱི་དགོས་དམིགས་དང་སྦྲགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོག་ཀྱི་སྒྲིག་འཛུགས་ལ་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་པའི་ཁྲོད་རྒྱ་གཞུང་ནི་རྒྱལ་ཁབ་དེ་དག་གྲས་ཀྱི་དཔེ་མཚོན་ཞིག་ཆགས་ཡོད་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་ཞིབ་སྐབས་སྤྱི་ཆིངས་ལག་བསྟར་དང་དཔྱད་ཞིབ་ལ་དོ་སྣང་མང་བ་གནང་དགོས་པ། འབྲེལ་ཡོད་ལས་འཛིན་པས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་ཙམ་མིན་པར་སྐྱེ་བོ་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་ཐོག་དམིགས་འདུན་མངོན་འགྱུར་ཡོང་ཐབས་ཀྱི་ནུས་པར་འཕོ་འགྱུར་གནང་དགོས་པ་འཁོད་འདུག སྙན་ཐོ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་སྣང་མེད་སྐྱུར་འཇུག་བཞིན་པའི་གནས་སྟངས་མངོན་གསལ་དང་འབྲེལ།  རྒྱལ་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་ནང་གསལ་ཡོངས་ཁྱབ་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཆགས་ཀྱི་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་འཇིགས་སྐུལ་ཐེབས་ཚེ་རང་གཞན་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་དེ་བཞིན་ཉེན་ཁར་ཚུད་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་དགོས་དམིགས་སོགས་ལ་དམིགས་ནས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ལས་རིམ་ཁག་གི་ཐོག་རྒྱ་ནག་ལ་ཁ་གཏད་གནང་མཁན་ཚོར་འགོག་རྐྱེན་བཟོ་རྒྱུ་སོགས་ཀྱི་བྱ་སྤྱོད་སྣ་མང་སྤེལ་གྱི་ཡོད་པ་རེད། རྒྱ་ནག་གིས་བོད་མི་གཙོས་ཡུ་གུར་ཁ་ཆེའི་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐད་རྒྱལ་སྤྱིའི་ཁྲོད་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་དེ་ལྟར་ཡང་། ཉེ་ལམ་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་སླར་ཡང་འདེམས་ཐོན་བྱུང་ཡོད་པ་རེད།

Latest news