Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐོག་ཡ་ལན་གནང་ཕྱོགས་ཀྱི་ཉན་ཞིབ་ལས་རིམ་གནང་བ།

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐད་ལ་ཡ་ལན་གནང་ཕྱོགས་སྐོར་ལ་ཉན་ཞིབ་ལས་རིམ་ཞིག་ཚོགས་གནང་བ་དང་། ལས་རིམ་དེའི་ཐོག་ཚོགས་ཚུང་དེས་ད་ལྟའི་ཆར་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དང་རྒྱ་གཞུང་གིས་བོད་གཙོས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་སོ་སོའི་སྐད་ཡིག་དང་ཆོས་དད་རང་དབང་ལ་དམ་དྲག་བྱེད་ཕྱོགས་སོགས་ཀྱི་གནད་དོན་རྟོག་ཞིབ་སླད་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་ཐོག་ལྔ་པ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Rechardson ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་གདན་ཞུ་གནང་འདུག ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉན་ཞིབ་ལས་རིམ་ཐོག་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་ད་ཆ་མི་ལོ་ ༢༥ ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་སྒོས་ཨ་རིས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་སླད་འབད་རྩོན་ཤུགས་ཆེ་གནང་ཡོད་ཀྱང་། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་གློད་བཀྲོལ་ཚབ་ཏུ་ཡང་སྲིད་གཞན་ཞིག་ངོས་འཛིན་བྱས་པས་དེར་ང་ཚོ་བོད་མི་གཙོས་འཛམ་གླིང་སྤྱི་ཡོངས་ནས་ངོས་འཛིན་ཞུ་ཐབས་བྲལ་བ་མ་ཟད། རྒྱ་གཞུང་གིས་ངན་བྱུས་དེས་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རྩ་ཆེའི་དགོན་པ་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད་སྐོར་གསུངས་ཡོད།ལྷག་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ལ་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་ལྟར་གནང་རྒྱུ་ལས་རྒྱ་གཞུང་ནས་ཐེ་བྱུས་བྱེད་དབང་མེད་པ་དང་། Tibetan Policy and Support Act ཞེས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཙོས་པའི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དེ་དག་ལ་མཇུག་སྐྱོང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ། ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པས་༸པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་ནང་མི་ལྷན་རྒྱས། དེ་བཞིན་བྱ་བྲལ་རིན་པོ་ཆེ་སོགས་ཀྱི་གནད་སྟངས་ཐོག་རྩད་ཞིབ་ནན་པོ་གནང་དགོས་པའི་རེ་སྐུལ་གསུམ་གནང་སོང་།   དེ་བཞིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་བདུན་ལྷག་རིང་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་བོད་མིའི་ངོ་བོ་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་སླད་དྲག་སྤྱོད་དང་བཙན་འདེད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་རྒྱ་ནག་དེ་རྒྱལ་སྤྱིའི་ཁྲོད་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཆགས་པ་དང་བསྟུན་ཨ་རི་ལྟ་བུ་རང་དབང་ཅན་གྱི་རྒྱལ་ཁབ་ལའང་རྒྱ་ནག་གིས་གསང་མྱུལ་དང་གསང་བ་རྐུ་འཁྱེར་སོགས་ཀྱི་བྱ་སྤྱོད་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གིས་ཐབས་བྱུས་ལྡན་པའི་ཐོག་མང་ཚོགས་ལ་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། སྐད་འཕྲིན་བརྒྱུད་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་འཐབ་རྩོད་པར་མྱུལ་ཞིབ་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་སོང་བ་དང་ཆབས་ཅིག་ཏུ་ཨ་རི་གྲོས་ཚོགས་ནས་རྒྱ་གཞུང་གི་གཞུང་ཚབ་ཡན་ལག་ཁང་ནས་བོད་ནང་བསྐྱོད་པར་བོད་མིའི་མཐོང་མཆན་ཐད་དམ་དྲག་གི་སྲིད་བྱུས་དང་ཨ་མི་རི་ཀའི་མང་ཚོགས་ལ་མྱུལ་ཞིབ་ཀྱི་བྱ་འགུལ་དག་མཚམས་འཇོག་བྱེད་བཅུག་དགོས་སྐོར་གསུངས་འདུག  ལྷག་པར་དུ་ ཨ་རི་གྲོས་ཚོགས་ཀྱིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ལ་ངོས་འཛིན་གནང་དགོས་པའང་གསུངས་ཡོད།ལས་རིམ་དེའི་ཐོག་སྐུ་ཞབས་ Meccaci  ལགས་དང་ལྕམ་སྐུ་ Richardson ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མནར་གཅོད་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་ནང་གི་བོད་མིའི་སྐད་ཡིག་གཙོས་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་མི་ས་ཡ་ཕྱེད་ཀ་ཙམ་བཙན་དབང་གིས་ངལ་རྩོལ་ནང་བཞུགས་བཅུག་གི་ཡོད་པའི་གནད་དོན་འགྲེལ་བརྗོད་དང་སྦྲགས་ཏེ་ཨ་རིའི་ངོས་ནས་ངེས་པར་དུ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་ཀྱིས་བོད་གནས་འབྲེལ་མཐུད་པ་མྱུར་དུ་བསྐོ་གཞག་གནང་དགོས་སྐོར་གསུངས་སོང་།  ཨ་རི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་སྐུ་ཞབས།  Chris Smith ལགས། སྐུ་ཞབས་ Angus King ལགས། སྐུ་ཞབས་ Tom Suozzi ལགས་སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་ནག་གི་ཨ་རིའི་ཉེན་རྟོག་གསང་མྱུལ་བ་སོགས་ཀྱི་གནད་དོན་གླེང་སློང་དང་སྦྲགས། ཉན་ཞིབ་ཐོག་ཕེབས་མཁན་རྣམས་ལ་འདྲི་རྩད་སོགས་གནང་སྐབས་སྐུ་ཞབས་ Rubio ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་བརྒྱུད་བོད་མི་རྣམས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེ་དུས་ཡུན་རིང་པོ་གོང་ནས་ཡིག་ཆ་ཁག་ཏུ་འཁོད་ཡོད་པ་མ་ཟད་ང་ཚོས་བོད་ཀྱི་གནད་དོན་དེ་ནམ་ཡང་སྣང་མེད་དུ་འཇོག་ཐབས་མེད་ཅེས་གསུངས་ཡོད། ཉན་ཞིབ་ཀྱི་ལས་རིམ་གྲུབ་མཚམས་སུ་ཚོགས་ཆུང་དེའི་ཚོགས་གཙོ་ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པའི་ཚོགས་མི་རྣམས་ནས་༸གོང་ས་མཆོག་ལ་གུས་བརྩི་ཡོད་པ་དང་སྒོས་ང་ཚོས་ད་བར་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁྲིམས་འཆར་ཁག་ཅིག་གཏན་འབེབས་གནང་སྟབས་སླད་མར་ཡང་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་སོང་། ལྷག་པར་དུ་རྒྱ་གཞུང་ནས་ཨ་རིའི་ངོས་ནས་བོད་མིའི་ཐོག་རྒྱབ་སྐྱོར་གནང་བ་དེ་དག་དུས་ཡུན་གང་འཚམས་རྗེས་དང་དེ་བཞིན་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་རྗེས་སུ་མཚམས་འཇོག་གནང་རྒྱུ་ཡིན་པའི་འཁྲུལ་སྣང་ཞིག་གི་འོག་བསྡད་ཡོད་པར་བརྟེན་དེ་ནི་རྒྱ་ནག་ཕྱོགས་ནས་ནོར་འཁྲུལ་ཅན་གྱི་བསམ་བློ་རེད་ཅེས་བསྐྱར་ནན་གསུངས་འདུགགཞི་རྩའི་ CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ལོ་ལྟར་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་ལས་དོན་སོགས་དང་འབྲེལ་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་ལས་རིམ་དང་།  ཁྲིམས་འཆར་འདོན་སྤེལ་དང་།  ལོ་འཁོར་སྙན་ཐོ་བཅས་འདོན་སྤེལ་གནང་གི་ཡོད་པ་ལྟར། ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༩ ལོའི་སྙན་ཐོ་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་བརྡལ་བཤིག་གཏོང་བཞིན་པར་སྐྱོན་བརྗོད་དང་སྦྲགས། རྒྱ་གཞུང་ནས་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རི་གཞུང་ནས་རྒྱ་གཞུང་གི་དེ་འབྲེལ་དཔོན་རིགས་ཚོར་ཉེས་འཆད་འགེལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

རྒྱ་གར་ནང་ཟླ་བ་འདིའི་ཚེས་ ༡༥ ནས་བཟུང་ཤེས་ཡོན་གྱི་སྡེ་ཁག་དབུ་འཛུགས་གནང་ཆོག་པ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པ་དེ་འཛམ་གླིང་སྤྱིར་ཁྱབ་གདལ་བྱུང་བ་ནས་བཟུང་རྒྱལ་ཁབ་མང་པོས་དེ་མ་ཐག་ཏུ་གཉན་རིམས་སྔོན་འགོག་སླད་སྒོ་རྒྱ་དམ་བསྒྲགས་ཀྱི་ཀའ་རྒྱ་གནང་ཡོད་པ་ལྟར་རྒྱ་གར་ནང་དུའང་ཟླ་ ༣ ཚེས་ ༢༥ ནས་རྒྱལ་ཁབ་ཡོངས་སྒོ་རྒྱ་དམ་བསྒྲགས་གནང་ཡོད་པ་རེད།  འོན་ཀྱང་ཟླ་ ༦ པ་ནས་རིམ་པས་ Unlock ཞེས་སྒོ་རྒྱ་དམ་བསྒྲགས་ཀྱི་དུས་བཅད་ལ་གུ་ཡངས་ཀྱི་རིམ་པ་དང་པོ་དང་གཉིས་པ། དེ་བཞིན་གསུམ་པ་དང་བཞི་པ་བཅས་བཀོད་ཁྱབ་གནང་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་གར་དབུས་གཞུང་ནས་རྒྱ་གར་ནང་སྒོ་རྒྱ་དམ་བསྒྲགས་ལྷོད་ཡངས་ཐེངས་ ༥ པའི་བཀོད་ཁྱབ་གནང་བ་དང་འབྲེལ། བཀོད་ཁྱབ་དེའི་ནང་མཚན་གྱི་ཐེམ་སྤང་ལ་གུ་ཡངས་གཙོས་ཆེས་ཉེན་ཚབས་ཆེ་བའི་མངའ་ཁུལ་གྱི་རྒྱ་ལས་འདས་པའི་མངའ་སྡེ་དང་ས་ཁུལ་ཁག་ཏུ་སློབ་གྲྭ་དང་ལུས་སྦྱོང་ཁང་སོགས་རིམ་བཞིན་སྒོ་ཕྱེ་ནས་ལས་དོན་གཉེར་ཆོག་པ་དང་། དེ་མིན་ཆེས་ཉེན་ཚབས་ཆེ་བའི་མངའ་སྡེ་དང་ས་ཁུལ་ཁག་མུ་མཐུད་ཕྱིར་བཤོལ་གནང་རྒྱུའི་བཀོད་ཁྱབ་གནང་འདུགསྒོ་རྒྱ་དམ་བསྒྲགས་ལྷོད་ཡངས་ཐེངས་ ༥ པའི་གསལ་བསྒྲགས་དེའི་ནང་གཉན་རིམས་ཁྱབ་གདལ་གྱི་ཉེན་ཚབས་ཆེ་བའི་མངའ་སྡེ་དང་ས་གནས་ཁག་ཏུ་མུ་མཐུད་ཟླ་བ་འདིའི་ཟླ་མཇུག་བར་སྒོ་རྒྱ་བསྡམ་རྒྱུའི་བཀའ་རྒྱ་གནང་འདུག དེ་མིན་ཉེན་ཚབས་ཆེ་བའི་མངའ་ཁུལ་གྱི་རྒྱ་ལས་འདས་པའི་མངའ་སྡེ་དང་ས་ཁུལ་ཁག་ཏུ་མངའ་སྡེ་གཞུང་དང་རྒྱ་གར་དབུས་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་མངའ་ཁུལ་སོ་སོས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ཐག་གཅོད་འོག་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ། དེ་བཞིན་སློབ་ཕྲུག་གི་ཕ་མས་མོས་མཐུན་གྱི་རྒྱབ་གཉེར་ཡོད་པ་བཅས་ཀྱི་ཆ་རྐྱེན་འཐུས་ཐོག་ཟླ་ ༡༠ ཚེས་ ༡༥ ནས་བཟུང་ཤེས་ཡོན་གྱི་སྡེ་ཁག་སྔར་རྒྱུན་བཞིན་དབུ་འཛུགས་སམ་འཚོགས་འཐུས་ཆོག་པར་མ་ཟད། དྲྭ་ལམ་སོགས་ཀྱི་ནས་སློབ་ཁྲིད་གནང་རྒྱུ་དེ་དག་སྔ་ལྟར་གནང་འཐུས་ཀྱི་བཀོད་ཁྱབ་གནང་འདུག དེ་བཞིན་སྤྱི་བསྒྲགས་དེའི་ནང་ཟླ་ ༡༠ ཚེས་ ༡༥ ནས་མངའ་སྡེ་གཞུང་དང་རྒྱ་གར་དབུས་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་མངའ་ཁུལ་སོ་སོས་ཐག་གཅོད་ཀྱི་ཐོག་ནས་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་གི་ཉམས་ཞིབ་སློབ་མ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མ་ཚོར་བརྟག་དཔྱད་ཁང་དང་ཉམས་གསོག་ཁང་སླར་གཉེར་ཆོག་པ་དང་། དེ་བཞིན་ཡོ་ག་དང་ལུས་སྦྱོང་ཁང་སོགས་དབུ་འཛུགས་གནང་ཆོག་པ་དེ་ལྟར་ཡང་། གློག་བརྙན་ཁང་དང་སྤྲོ་སེང་ས་ཁུལ། དེ་བཞིན་འཁྲབ་སྟོན་ཁང་སོགས་བརྒྱ་ཆ་ལྔ་བཅུ་ལས་མི་འགལ་བའི་མང་ཚོགས་འདུ་བསྐོང་ཐོག་གཉེར་ཆོག་པར་མ་ཟད། དཔལ་འབྱོར་ལྷན་ཁང་གི་བཀའ་འཁྲོལ་ཡོད་པའི་ཐོག་ནས་ཚབས་ཆེ་བའི་མངའ་ཁུལ་གྱི་རྒྱ་ལས་འདས་པའི་མངའ་སྡེ་དང་ས་ཁུལ་ཁག་ཏུ་ཚོང་གཉེར་གྱི་ལས་དོན་དང་འབྲེལ་ཏེ་འགྲེམས་སྟོན་རིགས་གཉེར་ཆོག་གི་འདུགཆབ་སྲིད་གཙོས་ཆོས་ཕྱོགས། ལེགས་བྱང་། རྩེད་རིགས། འཛིན་སྐྱོང་གི་མཛད་སྒོ་སོགས་ལ་མང་ཚོགས་བརྒྱ་ཐམ་པ་ལས་མ་འགལ་བའི་ཐོག་ནས་འདུ་འཛོམས་གནང་ཆོག་པ་དང་། གྲིམ་འགྲུལ་སོགས་ལ་གཞིགས་ན་ནང་སྲིད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པའི་ཐོག་ནས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་འགྲིམ་འགྲུལ་གནང་ཆོག་ཀྱང་། ཆེས་ཉེན་ཚབས་ཆེ་བའི་མངའ་ཁུལ་གྱི་རྒྱ་ལས་འདས་པའི་མངའ་སྡེ་དང་ས་ཁུལ་ཁག་ཏུ་ཟླ་བ་འདིའི་ཚེས་ ༣༡ བར་མུ་མཐུད་སྒོ་རྒྱ་དམ་བསྒྲགས་ཀྱི་བཀའ་རྒྱ་ལས་མི་འདའ་བའི་བཀོད་ཁྱབ་གནང་འདུག་པ་དང་། མང་ཚོགས་ཀྱིས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་གཉན་རིམས་སྔོན་འགོག་གི་ལས་དོན་ཁག་མུ་མཐུད་ཕྱག་བསྟར་གནང་དགོས་པ་གཞེན་སྐུལ་གནང་ཡོད་པ་རེད།རྩ་བའི་གཉན་རིམས་རྐྱེན་གྱིས་འདས་པའི་ཟླ་ཤས་ནས་སློབ་གྲྭ་དང་མཐོ་སློབ། གཙུག་ལག་སློབ་གཉེར་ཁང་སོགས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་པ་ལྟར་བཙན་བྱོལ་དུ་ཡོད་པའི་བོད་སློབ་ཁག་ཀྱང་སྒོ་བརྒྱབ་པ་དང་བསྟུན་དྲྭ་ལམ་བརྒྱུད་ནས་དགེ་རྒན་ཚོས་སློབ་ཕྲུག་དག་ལ་སློབ་ཁྲིད་གནང་གི་ཡོད་པ་རེད།ཁ་སང་རྒྱ་གེ་དབུས་གཞུང་གིས་ཟླ་བ་འདིའི་ཚེས་ ༡༥ ནས་བཟུང་སྟེ་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ། དེ་བཞིན་སློབ་གྲྭ་ཁག་སྔར་རྒྱུན་བཞིན་འཚོགས་ཆོག་པའི་བཀོད་ཁྱབ་ཕེབས་དོན་ལྟར། རླུང་འཕྲིན་ཁང་གིས་སཾ་བྷོ་ཊའི་ཤེ་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་ཡོད།

བོད་སློབ་ཁག་ཏུ་འབྲེལ་ཐུག་ཞིབ་བཤེར་ཀྱི་ལས་བྱེད་ཆེད་འཛུགས་གནང་དགོས།

རྒྱ་གར་ནང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཁྲོད་འདིར་གཟའ་འཁོར་འདིའི་ནང་རྒྱ་གར་དུ་གནས་བཞུགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཉན་རིམས་ཕོག་མཁན་བོད་མི་ ༣༦ དང་གཉན་རིམ་དེའི་རྐྱེན་གྱིས་བོད་མི་ ༢ འདས་གྲོངས་ཕྱིན་འདུགབོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཕྱི་དྲོ་ཚོུད་ ༤༌༣༠ སྟེང་གོ་སྒྲིག་གནང་བའི་གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༣༦ ལ་ནད་གཞི་ཕོག་པའི་ཁོངས་ནས་ སོ་ན་ཌ་ནས་ ༢ ཅོན་ཏཱ་ར་ནས་ ༢ ཀོ་ལེ་གྷལ་ནས་ ༡ དི་ལྡི་ནས་ ༤ སྦེལ་ཀོབ་ནས་ ༤ བསྟན་འཛིན་སྒང་ནས་ ༡ མེའོ་ནས་ ༢ མེན་སྤར་ནས་ ༡ ཧུན་སུར་ནས་ ༡ རཱཀ་པུར་ནས་ ༡ མོན་གྷོ་འདོད་རྒུ་གླིང་ནས་ ༡༣ ཨུ་ཌི་ཤ་ནས་ ༢ སྡེ་ར་ལྡུན་ནས་ ༡ ལ་དྭགས་ནས་ ༡ བཅས་བོད་མིའི་གཞིས་ཆགས་ཀྱི་ཡོད་པ་གསུངས་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སྒོ་རྒྱ་དམ་བསྒྲགས་ལྷོད་ཡངས་ཐེངས་བཞི་པ་དང་ལྔ་པར་དམིགས་ནས་བཀའ་ཤག་བརྒྱུད་མང་ཚོགས་ལ་དོན་ཚན་ ༡༤ ཅན་གྱི་འབོད་སྐུལ་གསོལ་འདེབས་ཞུས་ཡོད་པ་ངོ་སྤྲོད་དང་འབྲེལ། ད་རེས་སླར་ཡང་ ཁ་སང་རྒྱ་གར་དབུས་གཞུང་ནས་རྒྱ་གར་ནང་སྒོ་རྒྱ་དམ་བསྒྲགས་ལྷོད་ཡངས་ཐེངས་ ༥ པའི་བཀོད་ཁྱབ་གནང་དོན་ལྟར་ཉེན་ཚབས་ཆེ་བའི་མངའ་ཁུལ་གྱི་རྒྱ་ལས་འདས་པའི་མངའ་སྡེ་དང་ས་ཁུལ་ཁག་ཏུ་སློབ་གྲྭ་རིམ་བཞིན་སྒོ་ཕྱེ་ནས་ལས་དོན་གཉེར་ཆོག་པའི་བཀོད་ཁྱབ་ཕེབས་ཡོད་པ་བཞིན་བོད་སློབ་ཁག་གི་འབྲེལ་ཡོད་ཚོས་དང་ཐོག་དེར་འབྲེལ་ཐུག་ཞིབ་བཤེར་རམ་ Contract Tracing Staff ལས་བྱེད་ཆེད་བསྐོ་གནང་སྟེ་སྔོན་འགོག་གི་ལས་དོན་ཁག་འཐུས་ཚང་གནང་དགོས་པ་དང་། འཛིན་གྲྭ་དངོས་སུ་ཚོགས་སྐབས་དགེ་རྒན་རེ་མོས་བྱས་ནས་འཛིན་གྲྭར་ཕེབས་སྐབས་རྒྱང་ཐག་བསྟེན་དགོས་པ། སློབ་ཕྲུག་དེ་དག་སྡེ་ཚན་ཆ་བགོས་གནང་དགོས་པ་མ་ཟད། རེས་གཟའ་ཉི་མ་ལའང་སློབ་གྲྭ་རང་དུ་བཞུགས་བཅུག་དགོས་པ་དང་དགེ་རྒན་དགུང་ལོ་ ༦༥ ཡན་ཅན་ཚོས་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་དགོས་པ་སོགས་ཀྱི་དོན་གནད་གསུམ་གྱི་ཐོག་ནས་ལམ་སྟོན་གནང་སོང་། ཁོང་གིས་ད་དུང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུར་འཇིགས་སྣང་གང་ཡང་གནང་མི་དགོས་པའི་ལམ་སྟོན་དང་། དེ་བཞིན་བོད་མིའི་གནས་སྡོད་གནང་ཡུལ་ས་གནས་གང་སར་གོ་སྒྲིག་ཞུས་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་དགོངས་པ་ཆེ་བཞེས་ཀྱིས་བཞུགས་དགོས་གནད་ཡིན་པར་གཞེན་སྐུལ་ནན་པོ་གནང་ཡོད། གཞི་རྩའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞིས་ཆགས་ཁག་ཏུ་གཟའ་ཁོར་འདིའི་ནང་བོད་མི་ ༣༦ ལྷག་ལ་ནད་རྟགས་ཡོད་མེད་ཀྱི་རྟོག་ཞིབ་གནང་བ་ལྟར་བོད་མི་ ༢༣ ལ་ནད་དེ་ཐོན་ཡོད་པ་དང་དེ་དག་ལས་མི་ ༡༣ ལ་ནད་རྟགས་གང་ཡང་མེད་པ་རེད་འདུག ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་གི་ས་གནས་འདྲ་མིན་ ༣༦ ནང་བོད་མི་ཁྱོན་ ༦༤༠༥ ལ་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་འདུག་པ་དང་། ལོ་ན་ ༦༠ ཡན་གྱི་བོད་མི་ ༥༠༢༢ དང་། དེ་བཞིན་ཉེན་ཚབས་ཆེ་བའི་བོད་མི་ ༡༣༨༣ བཅས་ལ་དེ་ལྟར་གནང་ཐུབ་འདུག གངས་སྐྱིད་ཁུལ་དུ་མི་ ༡༨༨༨ ལ་རྟོག་ཞིབ་དང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་ནས་བོད་མི་ ༡༠༠ ལ་ལམ་སྟོན་གནང་བ་མ་ཟད། ད་བར་བོད་མི་ ༢༡༡༥༡ ལ་བོད་ཀྱི་གསོལ་སྨན་རིན་མེད་ཐོག་གནང་འདུག

གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་ཅེས་པའི་དམིགས་བསལ་སྙན་མཐོ་ཞིག་འདོན་སྤེལ་གནང་འདུགརྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་ཤུགས་ཆེ་ལག་བསྟར་དང་། བོད་ནང་དུ་མུ་མཐུད་ཁྲིམས་འགལ་གྱི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་རྗེས་སུ་རྒྱ་གཞུང་གིས་བོད་ནང་དམ་དྲག་སྟངས་འཛིན་ཤུགས་ཆེ་རུ་བཏང་ནས་ཞི་རྒོལ་ལས་འགུལ་དེའི་རིགས་བསྐྱར་འབྱུང་མི་ཐུབ་པ་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་དམར་ཤོག་སྲིད་གཞུང་གིས་སྤྱི་ཚོགས་སྟངས་འཛིན་དོ་དམ་བྱེད་ཐབས་ཤུགས་ཆེ་རུ་བཏང་བ་དེས་བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་ཐོས་མེད་པ་བཟོས་ཤིང་། བཙན་དབང་གིས་བོད་རྒྱ་སྒྱུར་བྱེད་ཐབས་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག ལྟེ་གནས་ཁང་གིས་དེ་རིང་དྲྭ་རྒྱར་གསར་དུ་བཏོན་པའི་སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་གིས་“དྲ་མིག་ཅན་གྱི་དོ་དམ”དང“གཉིས་ལྡན་དུད་སྦྲེལ”ཟེར་བ་སོགས་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་བྱེད་ཐབས་སྣ་ཚོགས་འོག་ནས་བོད་ནང་ལོག་ཙམ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་བོད་མི་ཚོ་ཕན་ཚུན་ལ་དོགས་ཟོན་དང་། ལྐོག་ཉན་ལྐོག་ཞུ་བྱེད་དུ་བཅུག་པ་སོགས་ཀྱི་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀའི་བོད་ནང་དུ་བོད་མི་ཕན་ཚུན་དང་ཐ་ན་སོ་སོ་རང་ཉིད་ལའང་གཟབ་དགོས་བྱུང་བའི་གནས་སྟངས་ཆགས་ཡོད་སྐོར་དང་། བོད་མི་ཕན་ཚུན་དབར་ལྐོག་ཉན་ལྐོག་ཞུ་དང་ཕན་ཚུན་གཡོ་བཙོང་མ་བྱས་ན་མཇུག་འབྲས་ཚབས་ཆེན་འཁུར་དགོས་པའི་འགན་འཁྲི་བཀོད་ཁྱབ་བཏང་ཡོད་པ་སོགས། གང་ལྟར་རྒྱ་གཞུང་གིས་བོད་མི་ཕན་ཚུན་དབར་ལྐོག་ཉན་ལྐོག་ཞུ་བྱེད་དུ་བཅུག་ནས། བོད་མི་ཚོས་ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཞི་རྒོལ་དང་ཡང་ན་སོ་སོའི་སྲིད་དོན་དང་རིག་གཞུང་ངོ་བོ་སོགས་གླེང་སློང་ཙམ་ཡང་བྱས་མི་ཆོག་པའི་འཇིགས་སྐུལ་བཏང་བའི་གནས་སྟངས་གསལ་བཀོད་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུགལྟེ་གནས་ཁང་ནས་གསར་དུ་བཏོན་པའི་སྙན་ཐོ་འདིའི་ནང་ད་དུང་རྒྱ་ནག་སྲིད་གཞུང་གིས་བཙན་དབང་དང་མངོན་འཛིང་ཁྲིམས་ཆད་མ་ཕོག་སྔོན་ནས་རང་གིས་རང་ལ་དམ་དྲག་བྱས་པའི་ཁོར་ཡུག་བསྐྲུན་པའི་འོག རང་དང་རང་གི་ནང་མི་སྤུན་མཆེད་སོགས་ལ་བཙོན་འཇུག་མནར་གཅོད་ཀྱི་ཉེས་ཆད་འགེལ་རྒྱུའི་འཇིགས་སྣང་འོག འདོད་མོས་མེད་བཞིན་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཁེ་ཕན་སྲུང་སྐྱོབ་དང་རང་གིས་རང་ལ་དམ་དྲག་བྱེད་བཞིན་ཡོད་པ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བོད་མི་རྣམས་དམར་ཤོག་སྲིད་གཞུང་ལ་ཡིད་རྟོན་བློ་དཀར་ཡོང་ཆེད་ཆབ་སྲིད་ཀྱི་ཐབས་བྱུས་གྲས་ཤིག་ཡིན་པ་དང་། རྒྱ་གཞུང་གི་དྲ་མིག་ཅན་གྱི་དོ་དམ་སྲིད་བྱུས་འོག་དོགས་ཟོན་མྱུལ་ཞིབ་བྱས་ནས་དོགས་ཡོད་ས་གནས་ཁག་ཏུ་དམངས་ཕན་ཉེན་རྟོག་ལས་དོན་ཞབས་ཞུ་ས་ཚིགས་ཟེར་བ་སྟོང་ཁྲག་མང་པོ་ཆེད་འཛུགས་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་བཤེར་བྱེད་མུས་ཡིན་པར་མ་ཟད། བོད་ནང་གི་གཞི་རིམ་གྱི་ས་ཁུལ་ནས་ཞིང་ཆེན་རིམ་པའི་ས་ཁུལ་ཁྱོན་ ༥༤༦༤ ནང“དམངས་ཕན་ཉེན་རྟོག་ལས་དོན་ཞབས་ཞུ་ས་ཚིགས”འཛུགས་འཆར་ཡོད་པ་དང་དེའི་བརྒྱུད་བོད་ས་ཡོངས་སུ་ཏང་དང་རྒྱལ་ཁབ་ཀྱི་དབང་ཤུགས་མ་ཁྱབ་པ་མེད་པ་བཟོ་རྒྱུར་དམིགས་བཞིན་ཡོད་པ་མངོན་གསལ་གནང་འདུགལྟེ་གནས་ཁང་གི་ངོས་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གསུམ་པ་ཆབ་མདོ་གྲོང་ཁྱེར་ནང་དུ་མང་ཚོགས་ཀྱི་ DNA འམ་རིགས་རྫས་འདུ་ལེན་དང་འབྲེལ་བའི་ལས་གཞིའི་མ་ལག་ཆེད་འཛུགས་ཀྱིས་ས་གནས་ཀྱི་བོད་མི་མང་ཚོགས་ཀྱི་མཛུབ་རྗེས་དང་། ཁྲག་རིགས་མིག་བཤེར་སོགས་ཚུད་པའི་ཆ་འཕྲིན་འདུ་ལེན་བྱེས་པའི་དཔེ་ཚོན་དང་འབྲེལ། རྒྱ་ནག་དེ་དོགས་ཟོན་མྱུལ་ཞིབ་ཀྱི་ཚན་རྩལ་སྔོན་ཐོན་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་སྙན་ཐོ་དེར་བོད་ནང་ཕེབས་མྱོང་ཡོད་མཁན་སོགས་བོད་མི་མང་པོར་བཅར་འདྲི་དང་ཡིག་ཆ་སོགས་ལག་སོན་བྱུང་ཁག་ཕྱིར་བསྒྲགས་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་། བཙན་དབང་གིས་རང་གིས་རང་ལ་དམ་དྲག་བྱེད་དུ་བཅུག་པ་དེ་དག་ནི་བོད་ཙམ་མ་ཡིན་པར་རྒྱ་ནག་རྒྱལ་ཡོངས་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུའང་ཁྱབ་སྤེལ་ཕྱིན་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ལ་བརྟེན་ནས་བྱུང་ཡོད་སྐོར་ར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་ཚོགས་ཁག་ནས་ནུས་པ་མཉམ་སྤུངས་ཀྱིས་གདོང་ལེན་གནང་དགོས་པའི་རེ་སྐུལ་གནང་འདུག

ཆབ་མདོ་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་ཆགས་ཡུལ་དུ་རྩེད་ཁང་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ལོར་ཆབ་མདོ་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་གསར་རྒྱག་བྱས་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དང་། འདས་ལོར་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་དེ་གཏོར་བཤིག་བཏང་སྟེ་ད་ཆ་ས་ཆ་དེ་ལུས་སྦྱོང་ཁང་འཛུགས་སྐྲུན་བྱས་ཡོད་པ་མ་ཟད།  ཆབ་མདོ་དེ་རྒྱ་ནག་གི་གྲོང་ཁྱེར་ཅན་དུ་གྱུར་ཡོད་པ་ཟུང་སྐར་བརྒྱུད་མངོན་གསལ་གནང་འདུག རྒྱ་གར་གྱི་ India Today གསར་ཁང་གིས་ཉེ་ཆར་ཟླ་ ༩ པ་ནང་བླངས་པའི་ཟུང་སྐར་གྱི་འདྲ་པར་ཐོན་ཁག་ལ་གཞིགས་ན་རྒྱ་ནག་གཞུང་གིས་དེ་སྔ་ཆབ་མདོ་ནང་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་དེ་གཏོར་བཤིག་གིས་ད་ཆ་ས་ཆ་དེར་ལུས་རྩལ་རྩེད་ཁང་འཛུགས་སྐྲུན་བྱས་ཡོད་པ་མངོན་གསལ་བྱས་པ་དང་།  ཡང་སྒོས་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་ནང་གི་བོད་མི་རྣམས་གང་དུ་གནས་སྤོས་བྱས་ཡོད་མེད་གསལ་ཁ་མེད་ཀྱང་བཀག་ཉར་ཁང་ནང་ཡོད་པའི་བོད་མི་རྣམས་ནག་ཆུ་དང་ཉེ་འདབས་ཀྱི་ས་ཁུལ་དུ་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་ནང་གནས་སྤོས་བྱས་ཡོད་སྲིད་པར་གསུངས་འདུག ལྷག་པར་དུ་ས་གནས་ཀྱི་གནས་ཚུལ་ཐོན་ཁག་ཅིག་གིས་ནག་ཆུ་དང་ཆབ་མདོའི་དབར་ལ་འབྲི་རུ་རྫོང་ནང་དུའང་དེ་འབྲེལ་གྱི་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་གསར་རྒྱག་བྱས་ཡོད་པའང་གསུངས་འདུག སྤྱིར་རྒྱ་གཞུང་གིས་དེ་གའི་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་གསང་རྒྱ་ཧ་ཅང་བྱེད་ཀྱི་ཡོད་པ་མ་ཟད། བོད་གཙོས་ཤར་ཏུར་ཀི་སི་ཏན་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་ཐོག་གསང་རྒྱ་དམ་པོ་བྱེད་ཀྱི་ཡོད་པ་རེད། དཔྱད་ཞིབ་པས་ད་ལྟའི་ཆར་ཤར་ཏུར་ཀི་སི་ཏན་ནང་ཆབ་སྲིད་ཀྱི་སློབ་གསོ་བསྟི་གནས་ཁང་ ༣༨༠ ཙམ་དང་བོད་ནང་ ༡༠ ལྷག་ཙམ་ཡོད་པ་གསུངས་འདུག ཆབ་མདོ་ནང་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་དེ་ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo བསྐོ་གཞག་བྱས་པའི་ཟླ་ཤས་རྗེས་སུ་གསར་རྒྱག་བྱས་པ་ཞིག་དང་། ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ར་དེ་ཆབ་མདོ་གྲོང་སྡེའི་ལྷོ་ཕྱོགས་སུ་ཡོད་པ་ཟུང་སྐར་བརྒྱུད་ར་འཕྲོད་བྱུང་བ་དང་སྦྲགས་ཏེ་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་མང་དག་ཅིག་གཉེར་བཞིན་པ་དང་དེའི་ཁྲོད་ཆབ་མདོ་ཁུལ་དུ་མཚོན་ན་ད་ཆ་རྒྱ་གཞུང་གིས་འགྲུལ་བཞུད་སྟབས་བདེ་སླད་རྒྱ་ལམ་ ༢༡༤ ཞེས་པ་གསར་རྒྱག་དང་རྒྱ་རིགས་མང་དག་ཅིག་གནས་སྤོས་ཀྱིས་ཆབ་མདོ་གྲོང་སྡེ་དེ་རྒྱ་ནག་གི་གྲོང་ཁྱེར་ཅན་དུ་བཟོས་ཡོད་པ་འཁོད་འདུག ལྷག་པར་དུ་ཆབ་མདོར་རྟེན་གཞི་བྱས་པའི་བྱམས་པ་གླིང་དགོན་སྡེ་ཉེ་འཁྲིས་སུ་ཆགས་པའི་བོད་མིའི་གནས་བཞུགས་གནང་ས་ཡོངས་གཏོར་བཅོམ་གྱིས་དེར་ཁང་པ་ཐོག་བརྩེགས་ཅན་མང་དག་རྒྱག་པ་དང་ཁུལ་དེར་གནས་བཞུགས་བོད་མི་རྣམས་རི་རྒྱུད་ཁུལ་དུ་གནས་སྤོས་ཡོད་སྐོར་གནས་ཚུལ་སྤེལ་འདུག རྒྱ་གཞུང་གིས་བྱམས་པ་གླིང་དགོན་པའི་སློབ་གྲྭ་ཁག་དང་རྩོད་པ་རྩོད་ས། དེ་བཞིན་དགེ་འདུན་འདུ་འཛོམས་གནང་ས་རྣམས་ཀྱི་བཟོ་དབྱིབས་དག་རྒྱའི་བཟོ་བཀོད་ལྟར་བཟོས་ཡོད་པ་དང་། དགོན་པའི་ལོ་རྒྱུས་རྣམས་རྒྱ་ཡིག་ཐོག་ཏུ་བྲིས་པ་མ་ཟད། དགོན་པའི་གཡས་གཡོན་གྱི་ར་བ་རྣམས་མཐོ་པོར་བཟོས་ཏེ་རྒྱ་གཞུང་གིས་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པའི་རྣམ་པ་ཆེད་འདོན་གནང་ཡོད་པ་བརྗོད་འདུག ཆབ་མདོ་གྲོང་སྡེ་ནང་རྒྱ་ནག་གི་ཉེན་རྟོག་པ་དང་བཅིངས་བཀྲོལ་དམག་མིའི་དམག་སྒར་སོགས་ཡོད་པ་དང་།  དེ་བཞིན་ཆབ་མདོ་གྲོང་སྡེའི་ལྷོ་ཕྱོགས་དང་ནུབ་ཕྱོགས་ཁུལ་དུ་ཉུང་མཐར་དེ་འབྲེལ་དམག་སྒར་གཉིས་གསར་རྒྱག་བྱེད་བཞིན་ཡོད་པ་རེད། མདོར་ན་ད་ཆ་རྒྱ་གཞུང་གིས་ཆབ་མདོ་གྲོང་སྡེ་དེ་དམག་སྒར་ཕོན་ཆེ་ཡོད་སའི་གྲོང་སྡེ་ལྟ་བུར་བཟོས་ཡོད་པ་སོགས་འཁོད་འདུག རྩ་བའི་ཉེ་ལམ་ཨ་རིའི་ James Foundation ཐེབས་རྩ་ཁང་གིས་སྙན་ཐོ་སྤེལ་བར་རྒྱ་གཞུང་གིས་བོད་རིགས་གནས་ཡུལ་གནང་སའི་ས་གནས་ཁག་ནས་བོད་མི་ངལ་རྩོལ་བ་ས་ཡ་ཕྱེད་ཀ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་འགྲོ་དགོས་པའི་ཚད་འཛིན་བཟོས་པ་དང་།  བོད་མི་ངལ་རྩོལ་བ་དེ་དག་བོད་ནང་དུ་ཡོད་པའི་སྦྱོང་བརྡར་ལྟེ་གནས་ཁང་དང་རྒྱ་ནག་གི་བཟོ་གྲྭ་ཆེ་ཁག་ལ་འོར་འདྲེན་བྱས་ཡོད་པར་ཐེར་འདོན་གནང་ཡོད་པ་རེད། ཨ་རི་དང་ཨིན་ཡུལ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ ༦༣ གྱིས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།

འགོག་དབྱེ་ཟུར་འཇོག་དང་འབྲེལ་བའི་དོན་ཚན་བཞི་ཅན་ཞིག་གཏན་འབེབས་གནང་བ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་རྭ་བའི་ནང་བཞུགས་དང་གངས་སྐྱིད་གཡས་གཡོན་གྱི་བོད་མི་རྣམས་མངའ་སྡེ་གཞན་ནས་དྷ་སར་འབྱོར་རྗེས་ངེས་པར་དུ་དབུས་སྣེ་ལན་ཁང་དུ་འགོག་དབྱེ་ཟུར་འཇོག་ བཞུགས་དགོས་པའི་ཞུ་སྐུལ་གནང་འདུགརྒྱ་གར་ནང་སྒོ་རྒྱ་དམ་བསྒྲགས་ལྷོད་ཡངས་ཐེངས་ ༤ པའི་བཀོད་ཁྱབ་ལམ་སྟོན་ཁྲོད་མང་ཚོགས་ཀྱི་འགྲུལ་སྐྱོད་སོགས་ཇེ་ཆེར་སོང་བར་བརྟེན་རྒྱ་གར་རྒྱལ་ཡོངས་ནང་ད་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་ཐོ་དེ་ཉིན་རེ་ནས་འཕར་བཞིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཉན་རིམས་ཕོག་མཁན་མང་དག་ཅིག་འབྱུང་བཞིན་ཡོད་སྟབས། ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་དྷ་སར་འགོག་དབྱེ་ཟུར་འཇོག་དང་འབྲེལ་བའི་དོན་ཚན་ལྔ་ཅན་ཞིག་བཀོད་ཁྱབ་ཅིག་གནང་ཡོད་པ་དེར་ད་ཆ་བསྐྱར་བཅོས་ཀྱིས་དོན་ཚན་བཞི་ཅན་ཞིག་གཏན་འབེབས་ཀྱི་བཀོད་ཁྱབ་ཅིག་གནང་འདུགབཀོད་ཁྱབ་དེའི་ནང་ཟླ་བ་འདིའི་ཚེས་ ༢༡ ཉིན་སྲིད་སྐྱོད་དབུ་བཞུགས་ཐོག་འཕྲོད་བསྟེན་དྲུང་ཆེ་དང་ལས་བྱེད། དྷ་སའི་ས་གནས་འགོ་འཛིན་བཅས་དམིགས་བསལ་ཚོགས་བའདུ་བསྐྱངས་སྐབས་བཀའ་བསྡུར་དང་ཐག་གཅོད་འབྲུ་དོན་ལྟར་ལམ་སྟོན་གནང་བར་གཞིགས་ན། དགའ་ལྡན་ཕོ་བྲང་གི་རྭ་བའི་ནང་བཞུགས་ལས་བྱེད་དང་ལས་བྱེད་ནང་མི། དེ་བཞིན་དགེ་འདུན་པ། ལྷ་རྒྱལ་རིས་གཙོས་པའི་དེའི་ཉེ་འཁོར་དུ་བཞུགས་མཁན་བོད་མི། གངས་སྐྱིད་ཁུལ་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་ནང་མི། བོད་ཀྱི་དཔེ་མཛོད་ཁང་གིས་གཙོས་པའི་བོད་ཀྱི་སྨན་རྩིས་ཁང་དང་ཉེ་འཁོར་དགོན་ཁག་ལ་སོགས་པའི་འབྲེལ་ཡོད་བོད་མི་མངའ་སྡེ་གཞན་ནས་དྷ་སར་འབྱོར་རྗེས་དབུས་སྣེ་ལེན་ཁང་དུ་འགོག་དབྱེ་ཟུར་འཇོག་བཞུགས་དགོས་པ་དང་། དྷ་སའི་སྟེང་གཤོད་བོད་ཁྱིམ་དང་དགོན་སྡེ་གྲྭ་ཚང་ཁག་གི་དགེ་ལས་སློབ་ཕྲུག་བཅས་ཀྱི་ནང་མི་རྣམས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་འགྱུར་སྔར་སོར་གནས་རྒྱུ་དང་། འགོག་དབྱེ་ཟུར་འཇོག་གི་དུས་ཡུན་གཙང་མཚམས་སུ་ས་གནས་འགོ་འཛིན་བརྒྱུད་དབུས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་གནང་དགོས་པ། དེ་བཞིན་མངའ་སྡེ་གཞན་ནས་དྷ་སར་མ་འབྱོར་བའི་སྔོན་དུ་ས་གནས་འགོ་འཛིན་ལས་ཁུངས་སུ་དེབ་འགོད་གནང་དགོས་པ་དང་། མངའ་སྡེ་གང་ནས་ཕེབས་པའི་གང་ཟག་དེའི་མིང་དང་ཁ་པར་ཨང་གྲངས། Addhar Card ངོ་བཤུས་བཅས་པ་འཕྲོད་ལས་ལ་ངེས་འབུལ་དགོས་པ་མ་ཟད། རང་ཁྱིམ་དུ་ཉིན་གྲངས་ ༡༤ རིང་འགོག་དབྱེ་ཟུར་འཇོག་ལ་བཞུགས་དགོས་པ། དེ་རྗེས་ས་གནས་འགོ་འཛིན་བརྒྱུད་དབུས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་གནང་དགོས་པ་དང་ཆབས་ཅིག མངའ་སྡེ་གཞན་ནས་ཡོང་བ་སྟེ་ཚོུད་ ༤༨ ནང་ཁུལ་དྷ་ས་ནས་ཕྱིར་འཐོན་མཁན་ཡོད་ཚེ་སྔོན་འགོག་ཆེད་དུ་ཁ་རས་གྱོན་རྒྱུ་དང་དུག་སེལ་སོགས་གནང་སྒོ་ཁག་འཐུས་ཚང་གནང་དགོས་པ་ལས་འགོག་དབྱེ་ཟུར་འཇོག་གནང་དགོས་ཀྱི་མེད་པའི་ལམ་སྟོན་བཀོད་ཁྱབ་གནང་འདུགརླུང་འཕྲིན་ཁང་གིས་དེ་རིང་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀོད་ཁྱབ་དོན་ཚན་བཞི་ཅན་ཞིག་གནང་དོན་ལྟར། བསྐྱར་བཅོས་དེ་ལྟར་གནང་བའི་བརྒྱུད་རིམ་དང་གལ་གནད་ཇི་ཆགས་སོགས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད།

སུད་ཌེན་ཁྲིམས་ཁང་གིས་ནག་ཉེས་ར་འཕྲོད་བྱུང་བའི་རྒྱ་ནག་གི་སོ་མྱུལ་བ་ཕྱིར་སློག་གནང་རྒྱུའི་ཁྲིམས་ཐག་བཅད་པ།

སུད་ཌེན་གྱི་ཁྲིམས་ཁང་ནས་རྒྱ་ནག་གཞུང་གི་སོ་མྱུལ་བ་བོད་རིགས་རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་སུད་ཌེན་ནས་ཕྱིར་ཕུད་གཏང་རྒྱུར་ཐུགས་ཐག་བཅད་འདུགདེ་སྔོན་ཕྱི་ལོ་ ༢༠༡༧ ཟླ་ ༢ པ་ནང་དུ་སུད་ཌེན་ནང་གི་བོད་པའི་སྤྱི་ཚོགས་ཐོག་རྒྱ་གཞུང་གི་ཆེད་དུ་གསང་ཉུལ་ལས་དོན་སྤེལ་བར་འཛིན་བཟུང་བྱས་པའི་རྗེས་སུ་སུད་ཌེན་གཞུང་གི་ཁྲིམས་ཁང་གིས་ཟླ་བ ༢༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་སུད་ཌེན་ནས་ཕྱིར་ཕུད་གནང་རྒྱུར་ཐུགས་ཐག་བཅད་ཡོད་པ་དང་། སུད་ཌེན་གྱི་ Goteborgs Posten གསར་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། SAPO ཞེས་པའི་ཡུལ་དེའི་བདེ་འཇགས་ལས་ཁུངས་ཀྱི་ངོས་ནས་བོད་མི་དེའི་བཙོན་འཇུག་དུས་ཡུན་ཚང་བའི་རྗེས་སུ་ཁོ་པ་སྤྱི་ཚོགས་ནང་མུ་མཐུད་གནས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་གྱུར་ཡོད་སྟབས། ཁོ་པ་སུད་ཌེན་རྒྱལ་ཁབ་ནས་ཕྱིར་ཕུད་གཏོང་དགོས་པའི་ཞུ་སྐུལ་གནང་བ་བཞིན་བཙོན་ཁང་ནས་གློད་བཀྲོལ་ཟིན་མ་ཐག་སླར་ཡང་འཛིན་བཟུང་གིས་ད་ཆར་ཡུལ་དེ་ནས་ཕྱིར་ཕུད་གནང་རྒྱུ་ཡིན་པ་འཁོད་འདུག རྩ་བའི་དེ་སྔ་སུད་ཌེན་ཁྲིམས་ཁང་གིས་ད་ལྟ་རང་ལོ་ ༥༢ ཡིན་པའི་རྡོ་རྗེ་རྒྱལ་མཚན་ལ་དེ་སྔ་ཁྲིམས་ཐག་བཅད་སྐབས་ཁོ་པ་ཕྱི་ལོ་ ༢༠༡༥ ཟླ་ ༧ པ་ནས་ ༢༠༡༧ ཟླ་ ༢ པ་ནང་འཛིན་བཟུང་མ་གནང་གོང་དུ་ཁོ་པ་ན་ཐེངས་ཁ་ཤས་རིང་པོ་ལན་ཌི་ནང་ཕྱིན་ཏེ་རྒྱ་ནག་གི་གསང་བའི་ལས་བྱེད་ཚོར་ཐུག་འཕྲད་ཀྱིས་སུད་ཌེན་ནང་གི་བོད་མི་ཚོས་ཆབ་སྲིད་ལས་འགུལ་སྤེལ་བ་དང་ཚོགས་འདུ་ཚོགས་པ་སོགས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པར་བརྟེན་ཨ་སྒོར་སྟོང་ཕྲག་མང་པོ་རག་ཡོད་པ་མ་ཟད། ཁོ་པའི་འགྲུལ་སྐྱོད་ཀྱི་འགྲོ་སོང་ཆ་ཚང་རྒྱ་མི་ལས་བྱེད་ཀྱིས་བཏང་ཡོད་པ་སོགས་གསང་མྱུལ་གྱི་ལས་དོན་ཤུགས་ཆེ་སྤེལ་ཏེ་ཁུལ་དེར་གནས་བཞུགས་བོད་མིར་གནོད་འཚེ་ཆེན་པོ་བཟོས་ཡོད་སྟབས་སུད་ཌེན་གྱི་བདེ་སྲུང་མི་སྣས་ཁོ་པ་འཛིན་བཟུང་གིས་ཟླ་གྲངས་ ༢༢ རིང་བཙོན་འཇུག་བྱས་ཡོད་པ་རེད།སུད་ཌེན་གྱི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་ད་ལྟའི་ཆར་ཁོ་པ་མི་ཚེ་ཧྲིལ་པོའི་རིང་རྒྱལ་ཁབ་ནས་ཕྱིར་ཕུད་གནང་རྒྱུའི་ཐག་བཅད་ཡོད་ཀྱང་། སུད་ཌེན་གཞུང་གི་ངོས་ནས་མི་ཚེ་ཧྲིལ་པོའི་རིང་ཕྱིར་ཕུད་གནང་དགོས་མིན་ཐོག་གྲོས་བསྡུར་གནང་མུས་རེད་འདུག དེ་སྔ་རྡོ་རྗེ་རྒྱལ་མཚན་འཛིན་བཟུང་སྐབས་སུ་སུད་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོའི་འགན་བཞེས་མཁན་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་དེ་སྔ་ཁྲིམས་ཁང་གི་ངོས་ནས་འདྲི་རྩད་སོགས་རིམ་པ་གནང་བའི་ཁྲོད་རྡོ་རྗེ་རྒྱལ་མཚན་གྱི་གསང་ཉུལ་ལས་དོན་ནང་དུ་ཁོ་པའི་བཟའ་ཟླ་དང་བུ་ཕྲུག་རྣམས་འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ང་ཚོའི་དགྲ་བོའི་དྭངས་མ་དེ་རྒྱ་མི་ཡིན་པ་ཤེས་པ་གནང་སྟེ་བོད་པའི་སྤྱི་ཚོགས་ནང་དུ་དོགས་པ་ཡོད་པ་ཚོ་དེ་ལྟར་དངོས་འབྲེལ་ཡིན་པའི་དཔང་རྟགས་གསལ་པོ་མ་རག་བར་དུ་ངན་ལབ་རིགས་གནང་རྒྱུར་ཡིད་གཟབ་གནང་དགོས་གལ་ཡིན་པ་གསུངས་སོང་། རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཐོག་ཏུ་གསང་ཉུལ་གྱི་ལས་དོན་སྤེལ་དང་སྤེལ་བཞིན་པའི་གནད་དོན་ཞིག་ཡིན་པ་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་ཚོགས་སྒེར་ཁག་གི་དྲྭ་རྒྱར་འཇབ་རྒོལ་སོགས་བྱེད་བཞིན་པར་མ་ཟད། རྒྱལ་ཁབ་གཞན་གྱི་གཞུང་དང་དཔལ་འབྱོར་གྱི་ལས་དོན་ཚང་མའི་ཐོག་སོ་མྱུལ་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་རེད།

སྤྱི་འཐུས་ཤིག་གིས་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་མིན་ལ་ཉན་ཞིབ་གཏན་འཁེལ།

ཉེ་ལམ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་རྒྱུན་ལས་རྣམས་ཀྱིས་གྲོས་ཚོགས་ཚོགས་དུས་ ༡༠ འཆར་ལོའི་ཕྱི་ཟླ་ ༣ བར་དུ་ཕར་འགྱངས་གནང་བ་དེ་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་བཏང་སྟེ་རྒྱུན་ལས་ ༡༡ ཡོད་པ་དེ་དག་གི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། སྤྱི་འཐུས་ལྷན་ཚོགས་ནས་དེར་ངོས་ལེན་བྱེད་ཐབས་བྲལ་བའི་གསལ་བསྒྲགས་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཁོངས་སུ་ཡོད་པ་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་བོད་ཀྱི་དུས་བབ་གསར་ཤོག་ཐོག་ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་བསམ་ཚུལ་སྤེལ་ཡོད་པ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༥ ༼ཁ༽ ཆ་རྐྱེན་འོག་གནད་དོན་དེའི་ཐོག་ཉན་ཞིབ་གནང་གཏན་འཁེལ་བ་གསུངས་འདུགཁྲིམས་ཞིབ་ཁང་གི་གསལ་བསྒྲགས་དེའི་ནང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་རྩོམ་ཡིག་གི་ནང་དོན་ཁག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་སླད་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཚོུད་ ༢༌༣༠ སྟེང་ཉན་ཞིབ་གནང་གཏན་འཁེལ་ཡོད་པ་གསུངས་འདུག གཞི་རྩའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཟླ་བ་འདིའི་ཚེས་ ༢༥ ཉིན་ད་ཐེངས་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་གྲོས་ཚོགས་ཚོགས་དུས་ ༡༠ ཕར་འགྱངས་ཀྱི་ཐག་གཅོད་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ ནང་གསལ་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་བའི་དགོངས་དོན་བརྡལ་བཤིག་བྱས་པ་ཞིག་ཡིན་པ་དང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལག་བསྟར་མ་བྱས་པའི་རྒྱུ་མཚན་གང་བཀོད་པ་དེ་བཅའ་ཁྲིམས་འགྲེལ་ལོག་བྱས་པ་ཞིག་དང་། ཏོག་དབྱིབས་གཉན་རིམས་ལ་ཁ་བཏགས་པ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་ཡིན་པ་སོགས་ཀྱི་རྒྱུ་མཚན་ཁག་ཅིག་གསལ་བཀོད་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་མི་གྲངས་ ༡༡ ལ་བཀའ་ཁྱབ་བཏང་ཚེས་ནས་བཟུང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་ ༡༡ ཉིན་བར་གཞུང་འབྲེལ་གྱི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་ཡོད་པ་རེད།འོན་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་དེ་ཉིན་རང་ལ་གསལ་བསྒྲགས་ཤིག་འདོན་སྤེལ་གནང་སྟེ་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་ནམ་ཡང་ངོས་ལེན་མེད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཞེས་གསལ་བསྒྲགས་གནང་ཡོད་པ་རེད།སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས་དེ་འབྲེལ་ཟླ་བ་འདིའི་ཚེས་ ༢༧ ཉིན་བོད་ཀྱི་དུས་བབ་གསར་ཤོག་ཐོག་སྤེལ་བའི་དཔྱད་རྩོམ་དེའི་ནང་། ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་གཏོང་རྒྱུའི་དབང་ཚད་ཡོད་མེད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་འདིར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཁག་ཏག་ཏག་ཡིན་མིན། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་ཅི་ལྟར་ཡོད་མེད་བཅས་དོན་ཚན་གསུམ་གྱི་ཐོག་ནས་གསལ་བཤད་དང་བཅས། ཆེས་མཐོའི་ཁྲིམས་ཞིབ་ཁང་རང་གིས་རང་ལ་ལག་པ་ཐེ་བ་ཞིག་བཏགས་འདུག་པ་དང་། ཁྲིམས་ཞིབ་ཁང་རང་ཉིད་རྩོད་གླེང་བྱེད་མཁན་གྱི་ཕྱོགས་གཅིག་ཆགས་ཚེ་ཁྲིམས་ཞིབ་ཁང་གིས་གང་གསུངས་ལྟར་ཡིན་ན། དུས་དང་རྣམ་པ་ཀུན་ཏུ་དྲང་པོ་ཡོང་སྲིད་མིན་དྲི་བ་བཏང་བ་དང་ཆབས་ཅིག ཆེས་མཐོའི་ཁྲིམས་ཁང་ལ་རང་ཉིད་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་པ་དང་། ཐད་ཀར་གང་སར་ཕྱག་བརྐྱངས་ཆོག་པའི་ཁྲིམས་ཀྱི་ངོས་བཞེས་ཟེར་བའི་དབང་ཚད་ཡོད་པའི་སྒྲུབ་བྱེད་བཅའ་ཁྲིམས་ལས་སྟོན་རྒྱུ་ཡོད་པ་དང་། གཞན་ཡང་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༦ དང་དོན་ཚན་ ༤༩ ནང་གསེས་༼༢༽ གཉིས་ཀྱི་འགྲེལ་བརྗོད་ཚད་འཕེར་ཁུངས་ལུང་ལྡན་པ་ལད་མོ་མིན་པ་ཞིག་ཡོད་ན་གུས་བརྩི་མི་ཞུ་མཁན་ག་ལ་སྲིད་ཅེས་གསུངས་འདུག

རྒྱལ་ཚོགས་སུ་རྒྱ་གཞུང་གིས་ཤིན་ཅང་དང་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༥ ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པ་ཟུང་འབྲེལ་གྱིས་རྒྱ་ནག་གཞུང་གིས་ད་ལྟ་ཤིན་ཅང་དང་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ཚོར་ཤུགས་ཆེན་པོས་སྐྱོན་བརྗོད་དང་མངའ་ཁུལ་དེ་གཉིས་ནང་དུ་གཞི་རྩའི་ཁྲིམས་མཐུན་གྱི་ཐོབ་ཐང་ཁག་བསྐྱར་གསོ་བྱེད་དགོས་པར་འབོད་སྐུལ་གནང་འདུགདེའང་ཟླ་བ་འདིའི་ཚེས་ ༡༤ ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༥ དབུ་འཛུགས་གནང་ཡོད་པ་ལྟར། རེས་གཟའ་པ་སངས་ཕྱི་ཚེས་ ༢༥ ཉིན་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་སུད་སི་ཁུལ་གྱི་འགན་འཛིན་སྐུ་ཞབས་ John Fisher ལགས་ཀྱིས་རྒྱལ་ཁབ་ ༦༠ ལྷག་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ ༣༠༠ ལྷག་གི་སྐུ་ཚབ་ཞུས་ཏེ་ཚོགས་པ་དེ་དག་གིས་ཟུང་འབྲེལ་ཐོག་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་གོང་དུ་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། དེའི་ནང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དག་གདལ་བཤིག་གཏོང་བཞིན་ཡོད་སྟབས་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་ཐོག་ཆེད་ལས་མཁས་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དགོས་པའི་དགོས་འདུན་ཆེད་འདོན་གནང་ཡོད་སྐོར་གསུངས་འདུགསྐབས་དེར་ཁོང་གིས་ཉེ་བའི་ཆར་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྔ་བཅུ་ཡོད་པའི་རུ་ཁག་གིས་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་གནས་ཚུལ་རྒྱུས་ལོན། རང་དབང་སྲུང་སྐྱོབ་པར་རྒོལ་འཚེ། གསར་འགོད་པ། ཁྲིམས་རྩོད་པ། དེ་བཞིན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་སྤེལ་མཁན་དག་ལ་དྲག་གནོན་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཆེས་མངོན་གྱིས་ཞུ་སྙན་ཕུལ་བ་དེར་གཞི་བཅོལ་བ་ཞིག་ཆགས་ཡོད་པ་དང་། དེར་མ་ཟད་ཁོང་གིས་རྒྱ་ནག་གཞུང་དེ་ནི་རྒྱ་ནག་རྒྱལ་ནང་ལས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ལ་སྲུང་སྐྱོབ་ཆེད་དམིགས་འབེན་བཟུང་བ་དང་དེ་བཞིན་ཤེས་ཡོན་གྱི་རང་དབང་། དྲྭ་རྒྱ་བདེ་འཇགས་ལ་ཚོད་འཛིན། འཕྲུལ་ལས་ཀྱི་ཐོག་ནས་གསང་ཞིབ་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་ད་དུང་སྲིད་གཞུང་སུ་གང་ཞིག་ཁྲིམས་ཀྱི་གོང་ན་མེད་ཀྱང་། རྒྱ་ནག་གིས་དེའི་ཁ་ཕྱོགས་སྒྱུར་བཞིན་འདུག་ཅེས་གསུངས་འདུགདེ་བཞིན་ཡུ་གུར་བ་ཡིན་པའི་ Abdulukur Abduriit ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་འཇིའུ་སློབ་མའི་སྐུ་ཚབ་ཞུས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་སྡེབ་གསོད་དང་དབང་པོ་ཕྱིར་འདོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། ཁོང་གི་ནང་མི་ཚོ་ཡང་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་བཙོན་པའི་གསོག་སྒར་དུ་བཀག་ཉར་དང་། ཁོང་གི་སྤུན་ཉེ་ཚོ་ཁ་པར་བཟོ་སྐྲུན་གྱི་ལས་གྲྭར་ཆེད་གཏོང་གིས་བྲན་གཡོག་ངལ་རྩོལ་ལ་བཏང་ཡོད་སྐོར་གསུངས་འདུག ཁོང་གིས་ད་དུང་ཤིན་ཅང་ནང་དུ་ཚད་ལས་བརྒལ་བའི་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་བཤད་དགོས་པ་དང་། དེར་མ་ཟད་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པར་ལན་འདེབས་གནང་དགོས་པ་གསུངས་འདུག ལྷག་པར་དུ་ཁོང་གིས་ཁོང་གི་ཕ་ཡུལ་ཤིན་ཅང་ནང་ལ་རྒྱ་གཞུང་གིས་དྲག་གནོན་ཚད་ལས་བརྒལ་བ་བྱས་དང་བྱེད་པའི་བྱ་སྤྱོད་དེ་དག་བདེན་དཔང་དང་འཕྲལ་མར་མཚམས་འཇོག་ཡོང་བར་དམིགས་བསལ་སྐུ་ཚབ་ཆེད་འཛུགས་གནང་དགོས་པའི་རེ་སྐུལ་ཞུས་འདུགགཞན་ཡང་དབྱིན་ཡུལ་གྱི་སྐུ་ཚབ་ Lord Tariq Ahmad ལགས་ཀྱིས་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་གསར་པ་དེ་དངོས་སུ་ལག་བསྟར་བྱེད་རྒྱུར་མངོན་གསལ་དོད་པོས་མོས་མཐུན་གནང་མེད་སྐོར་གསུངས་པར་མ་ཟད། ཁོང་གིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏོང་བཞིན་པའི་འཆར་ལྡན་གྱི་ཡིག་ཆ་སོགས་དཔང་རྟགས་ཡོད་པ་དང་། ལེགས་བྱང་དང་ཆོས་ལུགས་ལ་དམ་བསྒྲགས་དང་དེ་བཞིན་ང་ཚོར་ངལ་རྩོལ་བསྒྱུར་བཀོད་དང་སྐྱེ་སྒོ་འགོག་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ཡིད་བརྟན་འཕེལ་བའི་དཔང་རྟགས་ཡོད་པ་གསུངས་འདུགའཇར་མ་ནིའི་སྐུ་ཚབ་སྐུ་ཞབས་ Michael Freiherr von Ungern-Sternberg ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་གནང་སྟེ་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་རང་ལྗོངས་ཁུལ་དུ་དོན་སྙིང་ལྡན་པའི་ཞིབ་དཔྱད་གནང་བཅུག་དགོས་པར་མ་ཟད། དེ་དང་ལྷན་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ལྷན་བཅར་གནང་བཅུག་དགོས་པའི་འབོད་སྐུལ་གནང་འདུག ད་དུང་ཁོང་གིས་རྒྱ་གཞུང་གིས་རྒྱལ་ནང་དང་རྒྱལ་སྤྱི། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་ལ་གུས་བརྩི་ཞུས་ཏེ་གྲངས་ཉུང་མི་རིགས་ལ་དབང་བའི་རང་དབང་། ལྷག་དོན་ཤིན་ཅང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་སླར་གསོ་གནང་བཅུག་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུག ཁོང་གིས་གཞན་ཡང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འབྲེལ་ལམ་དང་ཤེས་ཡོན་བསྐྱར་སྤེལ་གཞིས་སྒར། རྒྱ་ཆེར་ཁྱབ་པའི་གསང་ཞིབ་མྱུལ་ལྟ། དེ་བཞིན་ཡུ་གུར་གྲངས་ཉུང་མི་རིགས་ཐོག་ལ་འཆར་ལྡན་གྱི་ཆོས་ལུགས་རང་དབང་དང་ཡིད་ཆེས་སོགས་ལ་དམ་བསྒྲགས་ཀྱི་བྱ་སྤྱོད་སྤེལ་བཞིན་པར་མུ་མཐུད་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུགདེ་དང་ཕྱོགས་མཚུངས་ཁེ་ན་ཌའི་སྐུ་ཚབ་ལྕམ་སྐུ་་ Leslie Norton ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཁག་གི་ཐོག་རྒྱ་ཁྱབ་ཆེན་པོས་བཙན་ཤེད་དང་ཕ་མ་བུ་ཕྲུག་ཁ་བྲལ་བཏང་བ། དྲག་གནོན་གྱི་གསང་ཞིབ་མྱུལ་ལྟ། དེ་བཞིན་ངལ་རྩོལ་བཅས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་གནད་དོན་ཐོག་ཐུགས་འཚབ་ཆེན་པོས་འབོད་སྒྲ་སྒྲོག་བཞིན་ཡོད་པ་མངོན་གསལ་གནང་འདུག

Latest news