Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་གློད་བཀྲོལ་བཏང་འདུག

ཕྱི་ལོ་ ༢༠༠༨ ལོ་དང་དེ་རྗེས་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལག་བསྟར་འོག་བོད་ནང་བོད་མི་ཚོས་མ་བཟོད་པར་གཅིག་རྗེས་གཉིས་མཐུད་ཀྱིས་རང་བསྲེགས་གནང་བ་སོགས་ཀྱི་སྐོར་རྩོམ་ཡིག་སྤེལ་མཁན་བོད་མི་ཆབ་སྲིད་བཙོན་ཟུར་འགར་རྩེ་འཇིགས་མེད་ལགས་ཟླ་ ༢ ཚེས་ ༤ ཉིན་བཙོན་གྲོལ་བཏང་འདུག དེའང་དེ་རིང་བོད་ཀྱི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོ་དེབ་ཐོག་འགར་རྩེ་འཇིགས་མེད་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཡོངས་བསྒྲགས་གནང་བའི་ནང་ཁོང་གི་འདྲ་པར་ཁག་ཅིག་ཕྱིར་འགྱུར་བྱུང་བའི་འགར་རྩེ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་སྟེ་འགར་རྩེ་དགོན་པར་འབྱོར་བ་དང། དགོན་པའི་དགེ་འདུན་པ་རྣམས་ནས་ཁོང་ལ་དཀར་གཙང་མཇལ་དར་སྒྲོན་ནས་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་པའི་རྣམ་པ་མངོན་རྒྱུ་འདུག རྩ་བའི་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། ད་ལྟ་རང་ལོ་ ༤༡ ཡས་མས་ཤིག་ཡིན་པ་དང་ཁོང་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་མགོན་ཤུལ་ཚོ་བ་བཅུའི་ནང་ཚན་སྒར་བ་ནས་རེད་འདུག ཁོང་ཆུང་དུས་སྐབས་འགར་རྩེ་དགོན་པར་ཆོས་བཞུགས་གནང་ནས་བོད་བརྒྱུད་ནང་པའི་མདོ་བསྔགས་རིག་གནས་ལ་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་བྱམས་པའི་དམ་བཅའ་བཞག་ཡོད་པ་དང། རིམ་བཞིན་རྩོམ་རིག་གི་ལས་ལ་བཞུགས་འདུག དེའི་ཁྲོད་ནས་ཁོང་གིས་སྦྲང་ཆར་དང་བླ་སྲོག བོད་ཀྱི་སློབ་གསོ་སོགས་དུས་དེབ་ཁག་གི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་དང་འབྲེལ་བའི་རྩོམ་ཡིག་ ༢༠༠ ལྷག་སྤེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༥ ལོར་ཁོང་གིས་<<བསམ་གཞིགས་མྱུལ་བའི་ཟིན་ཐོ་>>ཞེས་པ་གསར་རྩོམ་བྱས་ཏེ་སྤྱི་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་འདུག དེ་རྗེས་ ༢༠༠༨ ལོར་ཁོང་གིས་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཕྲེང་དང་པོ་པར་འགྲེམས་བྱས་ནས་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་གི་གནས་སྟངས་རྣམས་གསལ་འདོན་གནང་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་སྔ་རྗེས་སུ་འདྲི་གཅོད་གནོན་ཤུགས་སྤྲད་མཐར་གློད་བཀྲོལ་བཏང་ཡོད། དེ་རྗེས་ཁོང་གིས་བཙན་པོའི་སྙིང་སྟོབས་ཀྱི་དེབ་ཕྲེང་གཉིས་པ་པར་འགྲེམས་ཞུས་པའི་ནང་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་གཙོ་གྱུར་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་བྱས་པ་ནས་བཟུང་བོད་ནང་བོད་མི་ཚོས་སྔ་རྗེས་སུ་ཞི་བའི་ངོ་རྒོལ་གྱི་གནས་སྟངས་སྤྱི་དང་། ལྷག་ཏུ་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་དབུས་པའི་བོད་ཀྱི་བླ་མ་དང་དཔོན་པོ། མཁས་པ། རྩོམ་པ་པོ། གླུ་བ། ལས་བྱེད། སློབ་ཕྲུག་སོགས་ཀྱི་ཐོག་རྒྱ་གཞུང་གི་འཛིན་པའི་ཆབ་སྲིད་ཀྱི་ལྟ་སྟངས། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་སྐད་དང་རིག་གནས། རང་བྱུང་ཁོར་ཡུག་བཅས་ཀྱི་ཉམས་ཆག སྐབས་དེའི་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། ཚོང་ལས་དཔལ་འབྱོར་བཅས་ཀྱི་ཡ་ང་བའི་གནས་སྟངས་སོགས་གསལ་བཏོན་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱ་གཞུང་གིས་འགར་རྩེ་འཇིགས་མེད་ལགས་ཀྱི་ཕྱག་དེབ་དེའི་ནང་ཁ་བྲལ་གྱི་བརྗོད་བྱ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ལོ་དེའི་ཕྱི་ཟླ་ ༥ པའི་ནང་རྨ་ལྷོ་རྫོང་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༥ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་རིང་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་འགར་རྩེ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་རྗེས་རང་དགོན་དུ་ཕྱིར་ཕེབས་མི་ཆོག་པ་དང་། ཚོགས་པ་དང་གྲོང་པ་ཁག་གི་ནང་དུ་གཏམ་བཤད་དང་ཆབ་སྲིད་ཀྱི་ཕྱག་ལས་གང་ཡང་གནང་མི་ཆོག་པ་བཟོས་པ་མ་ཟད། ཁོང་ལ་ལྟ་རྟོག་བྱེད་མི་ཁ་ཤས་ཆེད་འཛུགས་བྱས་ཡོད་སྐོར་གསུངས་སོང་། ཁོང་ད་བར་ཟི་ལིང་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཞག་ཡོད་པ་དེ་ནས་ཉེ་ཆར་བཙོན་གྲོལ་བཏང་ཡོད་པ་རེད་འདུག བཙོན་ཁང་དེར་བཙོན་པ་སྟོང་ཕྲག་ལྔ་དྲུག་ཞིག་ཡོད་པ་དང། བཙོན་འཇུག་རིང་མགར་རྩེ་འཇིགས་མེད་ལགས་ལ་ཟེ་མ་རང་མགོ་དང། གོས་བཟོ་རྒྱུ། དེ་བཞིན་སྐྲ་རྫུན་བཟོ་རྒྱུ་སོགས་ཀྱི་ལས་ཀ་མང་པོ་སྐུལ་བཞིན་ཡོད་པ་རེད་འདུག ཁོང་ལ་བཙོན་འཇུག་སྐབས་ལས་ཀ་མང་པོ་སྐུལ་རྐྱེན་གཟུགས་གཞིའི་གནས་སྟངས་ཞན་པོ་ཆགས་ཡོད་པ་དེ་ལྟར་ཡང། ཉེ་ཆར་བཙོན་གྲོལ་སྐབས་གཟུགས་གཞིའི་གནས་སྟངས་ཇི་ལྟར་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

རེབ་གོང་དུ་བོད་ཀྱི་སྲོལ་རྒྱུན་ལྟར་ལོ་གསར་གཏོང་དགོས་སྐོར་སྒྲིག་གཞི་གཏན་འབེབས།

འདི་ལོ་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞེད་ལ་ཉེ་བ་དང་བསྟུན་བོད་མདོ་སྨད་རེབ་གོང་དང་རྩེ་ཁོག་རྫོང་སོགས་ཀྱི་སྡེ་བ་ཁག་ནང་སྡེ་དཔོན་དང་གྲོང་གི་སྐུ་ཚབ་རྣམས་ནས་རང་རང་སོ་སོའི་སྡེ་བའི་ནང་བོད་ཀྱི་ལོ་གསར་གཏོང་ཕྱོགས་སྐོར་གྱི་སྒྲིག་གཞིག་ཁག་ཅིག་གཏན་འབེབས་གནང་བ་དང་། མི་མང་ཚོར་རང་མི་རིགས་ཀྱི་སྲོལ་རྒྱུན་ལྟར་ལོ་གསར་གཏོང་དགོས་པ་ལས་རྒྱའིི་ལུགས་སྲོལ་ལྟར་ཁྲ་ཁྲ་ཟིང་ཟིང་དང་། ལུས་སེམས། འཕྲོད་བསྟེན། དེ་བཞིན་ཁོར་ཡུག་བཅས་པ་གནོད་པའི་ཟས་སྤྱོད་རིགས་སྤོང་དགོས་པའི་འབོད་སྐུལ་གནང་འདུག ལྷག་དོན་རེབ་གོང་སྒོ་མར་སྡེ་བའི་ལོ་གསར་སྐབས་བླང་དོར་ཀྱི་སྒྲིག་གཞི་དོན་ཚན་བཅུ་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད་འདུག སྒོ་དམར་སྡེ་བའི་ལོ་གསར་སྐབས་ཀྱི་གནང་སྒོ་དང་འབྲེལ་བའི་སྒྲིག་གཞི་ཁག་ནི། བླ་སྤྲུལ་སོགས་ལ་ལོ་གསར་ཕུལ་སྐབས་ཁ་བཏགས་མཉམ་དུ་སྒོར་མོ་དང་ཡང་ན་གོ་རེ་འབུལ་རྒྱུ་ལས་ཞོ་དང་འོ་མ། ཁུ་ནག་རིགས། ཤིང་ཏོག་སོགས་ཤོག་སྒམ་དང་ཤེལ་དམ་བཅས་ཀྱི་ནང་ཐུམ་བརྒྱབ་པའི་རིགས་ཕུལ་མི་ཆོག་པ། ཕ་མ་དང་ནང་མི་གྲོགས་པོ་སོགས་ལ་ལོ་གསར་འཚམས་འདྲི་ཞུ་བར་བསྐྱོད་སྐབས་ཁ་བཏགས་མཉམ་དུ་སྒོར་མོ་དང་ཡང་ན་ཚོད་མ་དང་གོ་རེ། ཆང་རག། ཐ་མག ཤོག་སྒམ་དང་ཤེལ་དམ་ནང་ཐུམ་བརྒྱབ་པའི་རིགས་འཁྱེར་མི་ཆོག་པ། ལོ་གསར་མེད་མཁན་ཚོར་ལོ་གསར་འཁྱེར་སྐབས་ཚེས་ ༣ ཉིན་ཁ་བཏགས་མཉམ་དུ་སྒོར་བཅུ་རེ་འཁྱེར་རྒྱུ་ལས་ཐུམ་བརྒྱབ་པའི་ཟས་རིགས་དང་བཏུང་བའི་རིགས་འཁྱེར་མི་ཆོག་པ། ལོ་གསར་ཚེས་ ༡ དང་བོད་ཟླ་ ༡༢ ཚེས་ ༢༤ དགོང་མོ་ཤོག་སྦག་རྒྱག་སྐབས་མེ་ཏོག་འགད་རྫས་རིགས་རྩ་བ་ཉིད་ནས་བརྒྱབ་མི་ཆོག་པ། ལོ་གསར་སྡེར་ཁ་སྒྲིག་སྐབས་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་དང་ཐུམ་བརྒྱབ་པའི་བཏུང་བའི་རིགས། དེ་བཞིན་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དཀོན་མཆོག་གི་རྟེན་དྲུང་དུ་ཤའི་སྡེར་ཁ་སྒྲིག་མི་དགོས་པར་རེ་སྐུལ་ཞུ་རྒྱུ། ལོ་གསར་སྐབས་དང་མི་མང་འཛོམས་སར་ངེས་པར་དུ་ཕོ་མོ་རྒན་གཞོན་ཚང་མས་བོད་ལྭ་གྱོན་དགོས་པ། ལོ་གསར་སྐབས་ཁྱིམ་ཕྱི་ནང་སོགས་ལ་འདྲ་པར་སྦྱར་སྐབས་བོད་རང་གི་ལུགས་སྲོལ་གཞིར་བཞག་གནང་དགོས་པ། ལོ་གསར་སྐབས་གླུ་ལེན་དང་གར་རྩེད་གནང་རྒྱུ་ལས་རྒྱན་འགྱེད་པ་སོགས་རྒྱན་པོ་རིགས་རྩ་བ་ཉིད་ནས་མི་བརྩེ་བ། རང་སྡེ་བའི་ནང་གི་ཚོང་ཁང་གི་བདག་པོ་དང་བདག་མོ་ཚོས་བྱིས་པའི་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་བཙོང་རྒྱུ་དང་། ཚོང་ཁང་གི་ཉེར་འཁོར་གད་རྙིགས་རྣམས་དོ་བདག་སོ་སོ་ནས་ཉར་ཚགས་གནང་རྒྱུ་དང་། ལོ་གསར་དང་གར་འཆམ་སྐབས་སུ་དགོན་པའི་ཉེ་འཁོར་དང་མཆོད་རྟེན་གཡས་གཡོན་བཅས་སུ་ཤ་རིགས་མེར་བསྲེགས་བཏང་ནས་མི་བཙོང་བ། དེ་བཞིན་ལོ་གསར་ཚེས་ ༡ ཉིན་དགོན་པར་བསང་གསོལ་གཏོང་སྐབས་རླུང་རྟ་མི་གཏོར་བ་མ་ཟད་མཆོད་རྟེན་མདུན་དུའང་མི་གཏོར་བ། ཅི་སྟེ་རླུང་རྟ་གཏོར་དགོས་ཚེ་རི་མགོར་སོང་ནས་གཏོར་དགོས་པ་བཅས་ཀྱི་སྒྲིག་གཞི་དོན་ཚན་བཅུ་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད། གཞི་རྩའི་དེང་སྐབས་བོད་ནང་བོད་རང་གི་སྲོལ་རྒྱུན་གཉེན་སྟོན་དང་ལོ་གསར་སོགས་བོད་མི་རང་གི་ཐུན་མིིན་སྲོལ་རྒྱུན་དགའ་སྟོན་གཉེར་སྲོལ་ལས་འདས་ཏེ་རྒྱའི་ལུགས་སྲོལ་མཉམ་སྲེ་གནང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་གཞོན་སྐྱེས་མང་པོས་དེ་དག་ནི་བོད་མིའི་ལུགས་སྲོལ་ཡིན་ཤག་གནང་བཞིན་ཡོད་པར་བརྟེན་མ་འོངས་པར་བོད་མིའི་སྲོལ་རྒྱུན་གཉེན་སྟོན་དང་ལོ་གསར་སོགས་གནང་སྒོ་དེ་དག་རིམ་བཞིན་རྩ་བརླག་འགྲོ་ཉེན་ཡོད་པ་རེད་འདུག

རྒྱ་གར་བ་ཚོར་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་ནང་པའི་རིག་གཞུང་རྣམས་སྲུང་སྐྱོབ་བྱ་རྒྱུའི་འགན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨམ་ར་ཝ་ཏི་ནང་འཚོགས་བཞིན་པའི་ནང་པའི་དུས་སྟོན་ཐོག་གསུང་འཕྲིན་ཞིག་བསྩལ་བ་དང་འབྲེལ། རྒྱ་གར་བ་ཚོས་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་རྣམས་སྲུང་སྐྱོབ་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་ཡོད་ཅེས་བཀའ་ནན་བསྩལ་འདུག དེ་རིང་ཟླ་ ༢ ཚེས་ ༣ ཉིན་དབུས་འཛུགས་ཀྱིས་ཚེས་ ༥ བར་རྒྱ་གར་ལྷོ་ཕྱོགས་ Andhra Predesh མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་གོ་སྒྲིག་འོག་ཁུལ་དེར་ཡོད་པའི་ནང་པའི་གནས་ཆེན་ཨམ་ར་ཝ་ཏིར་འཛམ་གླིང་ཞི་བདེའི་མཚན་བྱང་ཐོག་རྒྱལ་ཁབ་མི་འདྲ་བའི་ནང་པའི་དགེ་འདུན་ཞལ་གྲངས་  ༡༠༠༠ ལྷག་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་དུས་སྟོན་ཆེན་པོ་ཞིག་འཚོགས་བཞིན་ཡོད་པ་རེད། རྩ་བའི་དེ་སྔོན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་མཆོག་ནང་པའི་དུས་སྟོན་ཐོག་ཆིབས་བསྒྱུར་མཛད་རྒྱུར་གསོལ་འདེབས་ཞུས་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་ཆིབས་བསྒྱུར་གནང་ཐུབ་མེད་ཀྱང་དེ་རིང་༸གང་ཉིད་མཆོག་གིས་བརྙན་པར་བརྒྱུད་དུས་སྟོན་ཐོག་ཕེབས་པའི་ཚོགས་བཅར་བ་ཀུན་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་རྒྱ་གར་གྱི་གནས་མཆོག་ཨམ་ར་ཝ་ཏིར་ནང་པའི་རིག་གཞུང་དང་དེ་སྔའི་ས་གནས་སུ་ནང་པའི་རིག་གཞུང་དར་ཁྱབ་བྱུང་བའི་དུས་ཚིགས་དྲན་གསོའི་དུས་སྟོན་ཐོག་ཕེབས་པའི་ཚོགས་བཅར་བ་ཀུན་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་། གནས་མཆོག་ཨམ་ར་ཝ་ཏི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འབྲེལ་མཛད་ཡུལ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་པའི་གནས་ཆེན་ཞིག་ཡིན་སྐོར་བཀའ་བསྩལ་བ་དང། ལྷག་ཏུ་༸གང་ཉིད་མཆོག་གིས་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་ནང་པའི་རིག་གཞུང་གི་གལ་གནད་སྐོར་བཀའ་སྩལ་དང་འབྲེལ་ཏེ། པཱ་ལིའི་སྐད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་དེ་དག་བྷར་མ་དང་ཀམ་བོ་ཌི་ཡ་སོགས་རྒྱལ་ཁབ་ཁག་གིས་སྲུང་སྐྱོབ་ལེགས་པ་གནང་ཡོད་པ་དེ་ལྟར་ཡང། ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་རིག་རྒྱུན་འཛིན་གནང་མཁན་བོད་སོག་རྒྱ་གསུམ་གྱི་ཡུལ་ལུང་དུ་ད་ལྟའི་ཆར་རིག་གཞུང་དེ་དག་ཐོག་སློབ་གཉེར་དང་སྲུང་སྐྱོབ་ཞུ་རྒྱུའི་རང་དབང་དང་གོ་སྐབས་མེད་པའི་གནས་སྟངས་ཆགས་ཡོད་པ་བཀའ་སྩལ་དང་ཆབས་ཅིག རྒྱ་གར་བ་ཚོས་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་ནང་པའི་ཆོས་རིག་དག་སྲུང་སྐྱོབ་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་ཡོད་པར་བཀའ་བསྩལ་ཡོད། ༸གོང་ས་མཆོག་གིས་ད་དུང་ས་གནས་སུ་སྟོན་པའི་༸སྐུ་བརྙན་གསར་བཞེངས་ཞུ་རྒྱུ་ལས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་བྱ་རྒྱུ་དེ་གནད་ཆེ་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་སོགས་ཀྱི་ལྟ་གྲུབ་ཁག་ལ་དེང་གི་ཚན་རིག་པ་ཚོས་ཀྱང་ཡིད་སྨོན་དང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་རེད། རྒྱ་གར་གྱི་གནའ་བོའི་རིག་གནས་དེས་དེང་གི་འཛམ་གླིང་ཐོག་ཆེས་འབྲེལ་བ་ཡོད་པའི་ཤེས་རིག་ཞིག་དང་ཞབས་འདེགས་ཆེན་པོ་ཞུ་རྒྱུའི་ནུས་པ་ལྡན་ཡོད་སྟབས། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་བསྐྱར་གསོ་ཞུ་གལ་ཆེ་བ་དང་དེའི་ཐོག་ཤེས་ཡོན་གྱི་འདུ་ཤེས་འཛིན་ནས་སློབ་གཉེར་གནང་དགོས་ཞེས་བཀའ་བསྩལ་འདུག

༸གོང་ས་མཆོག་གི་འབྲས་ལྗོངས་མངའ་སྡེ་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ ༣ ཚེས་ ༢༠ ནས་ ༢༩ བར་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེར་བསྐྱང་རྒྱུའི་མཛད་འཆར་ཁག་ཕྱིར་འཐེན་གནང་འདུག དེ་ཡང་ཁ་སང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ནང་ཡོད་པའི་མངའ་སྡེ་གཞུང་གི་སྡོད་ཁང་དང་འཛུགས་བསྐུན་ལས་ཁུང་ཀྱི་དྲུང་ཆེ་བསམ་གཏན་སྒྲོལ་མ་ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་བའི་ནང་། ཉེ་བའི་ཟླ་བ་གཉིས་ཙམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བི་ཧཱར་དང་ཨུཏྲཔྲདེཤ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ མཧཱརཤཊཱ། ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཕེབས་སྐབས་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་ལོ་རེའི་མཚམས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྲོལ་ཡོད་པ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བའི་གྲུབ་འབྲས་གང་ལེགས་བྱུང་ཡོད་ཀྱང་། ད་ལན་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་འདྲ་མིན་ནང་གི་མཛད་འཆར་དེ་རྒྱུན་རིང་རྐྱེན་༸གང་ཉིད་མཆོག་སྔར་དང་མི་འདྲ་བའི་༸སྐུ་ཐང་ཆད་པ་མ་ཟད། ལྷག་ཏུ་སྨན་པས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུ་ངལ་གསོ་བཞུགས་དགོས་པའི་ལམ་སྟོན་ཕུལ་ཡོད་སྟབས། ཐུགས་འགྱོད་ཆེན་པོའི་ཐོག་ནས་ཐེངས་འདིའི་འབྲས་ལྗོངས་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་བྱུང་སོང་ཞེས་གསུངས་འདུག དེ་བཞིན་ཐེངས་འདིའི་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་བྱུང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pawan Chamling མཆོག་གིས་གཙོས་པའི་ས་གནས་ཡུལ་མི་ཡོངས་དགོངས་སེལ་དང་སྦྲགས་སླད་མར་ཆིབས་བསྒྱུར་བསྐྱང་ཐུབ་པར་ཐུགས་སྨོན་མཛད་ཡོད་སྐོར་བཀོད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོའི་གནས་བབ་དང་༸སྐུའི་འཕྲོད་བཞེས་སོགས་དང་འབྲེལ་༸གང་ཉིད་མཆོག་ནས་སྨན་པ་རྣམ་པའི་ལམ་སྟོན་ལྟར། ཐེངས་འདིའི་འབྲས་ལྗོངས་ནང་གི་མཛད་འཆར་ཙམ་མ་ཟད། ཕྱི་ལོ་ ༢༠༡༨ ལོའི་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཕྱི་རྒྱལ་ཁག་ཏུ་གཏན་འཁེལ་ཟིན་པའི་མཛད་འཆར་ཡོངས་རྫོགས་ཕྱིན་འཐེན་གནང་ཡོད།

ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་ཕྱག་སྦྲེལ་ཚོ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མིར་བཏོན་པ།

ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ Umbrella Movement འམ་ཆར་གདུགས་ཀྱི་ལས་འགུལ་ཞེས་མང་གཙོའི་ལས་འགུལ་འགོ་ཁྲིད་བ་ན་གཞོན་རང་ལོ་ ༢༡ ཡིན་པ་ Joshua Wong ལགས་དང་། ཁོང་གི་ཕྱག་རོགས་རང་ལོ་ ༢༤ ཡིན་པ་ Alex Chow ལགས། རང་ལོ་ ༢༧ སོན་པ་ Nathan Law ལགས་བཅས་འདི་ལོ་ ༢༠༡༨ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མིའི་ཁོངས་སུ་མིང་བཏོན་གནང་འདུག   དེ་ཡང་ཁ་སང་ CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་ཚོགས་གཞོན་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་གཙོས་པའི་ཡུལ་དེའི་ཆབ་སྲིད་ཚོགས་པ་གཉིས་དང་། གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ ༡༢ ཐུན་མོང་གིས་ཡོ་རོབ་རྒྱལ་ཁབ་ Norway ནང་རྟེན་གཞི་བྱས་པའི་ནོ་བེལ་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Berit Reiss-Anderson ལགས་ཀྱི་མཚན་ཐོག་ཏུ་འདི་ལོའི་ནོ་བེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མི་དང་འབྲེལ་བའི་ཕྱག་བྲིས་ཕུལ་བའི་ནང་གཞོན་སྐྱེས་ Joshua Wong ལགས་དང་ཁོང་གྱི་ཕྱག་སྦྲེལ་ Alex Chow ལགས་དང་ Nathan Law ལགས་གསུམ་ནས་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་གི་མང་གཙོ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་དབང་བསྒྱུར་ལ་བཅོས་བསྒྱུར་དགོས་པ་དང་གཞི་རྒྱ་ཆེ་བའི་ཆར་གདུགས་ཀྱི་ལས་འགུལ་སྤེལ་བ་མ་ཟད། ལྷག་ཏུ་འདས་པའི་ལོ་དུས་ནང་རྒྱ་གཞུང་གི་གནོནན་ཤུགས་སོགས་ལ་ལྟོས་མེད་ཀྱིས་ཧོང་ཀོང་རང་སྐྱོང་གི་གནས་བབ་དང་། ཆབ་སྲིད་ཀྱི་རང་དབང་། དེ་བཞིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་ཀྱི་ཐོག་ཕྱག་ལས་བསྟུད་མར་སྤེལ་བར་ངོས་འཛིན་ཏེ་འདི་ལོ་ ༢༠༡༨ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པ་གསུངས་འདུག ཕྱག་བྲིས་དེའི་ནང་ན་གཞོན་ལས་འགུལ་བ་གསུམ་གྱི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ཁོང་གསུམ་ནས་སྣེ་ཁྲིད་འོག་སྤེལ་བའི་ཆར་གདུགས་ཀྱི་ལས་འགུལ་དེ་ལྟ་བུ་ཞིག་ཧོང་ཀོང་གི་ལོ་རྒྱུས་ནང་ལ་བྱུང་མྱོང་མེད་པ་དང་། ལྷག་པར་དུ་ཁོང་རྣམ་པའི་ལས་འགུལ་དེ་དག་ཞི་བའི་ལས་འགུལ་འབའ་ཞིག་ཡིན་སྟབས། ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཐུབ་ཚེ་འོས་ཤིང་འཚམ་པ་ཞིག་རེད་སོགས་བཀོད་འདུག ལྷག་པར་དུ་ CECC ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Chris Smith ལགས་ནས་འདས་པའི་ལོ་དུས་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་ཆེ་བ་དྲག་པོའི་སྲིད་གཞུང་འོག་མགོ་བོར་མ་སྒུར་བར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ཐོག་ཕྱག་ལས་གནང་མཁན་ཤ་སྟག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་བར་ཁོང་གསུམ་ནས་ཞི་བའི་ལས་འགུལ་སྤེལ་བར་རྒྱལ་སྤྱི་མང་ཚོགས་ནས་བཀའ་དྲིན་བསམ་ཤེས་གནང་པ་ཞིག་མཚོན་ཐུབ་ཀྱི་རེད་ཅེས་གསུངས་འདུག དེ་བཞིན་ཁོང་ནས་སྔར་ལོ་རྒྱ་གཞུང་གི་དྲག་གནོན་འོག་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྐུ་འདས་གྲོངས་སུ་ཕྱིན་པའི་འཚམས་དེར་མང་གཙོའི་ལས་འགུལ་བ་གསུམ་པོར་གཟེངས་རྟགས་དེ་ཕུལ་ཐུབ་པ་ཡིན་ན། ནོ་བེལ་ཞི་བདེ་ལྷན་ཚོགས་ཀྱི་གཟི་བརྗོད་མཚོན་པ་མ་ཟད། སྐུ་ཞབས་ Liu Xiaobo ལགས་དམ་པ་ཁོང་ལ་ཡང་རྗེས་དྲན་དང་། རྒྱ་ནག་ནང་ཡོད་པའི་མང་གཙོ་དོན་གཉེར་བ་ཚོ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཀྱང་མཚོན་ཐུབ་ངེས་ཡིན་པ་གསུངས་འདུག གཞན་ཡང་ཚོགས་ཆུང་དེའི་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་ཀྱིས་ཀྱང་ཁོང་གཞོན་སྐྱེས་གསུམ་པོ་ནི་ཧོང་ཀོང་མི་མང་ལ་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་སུ་ཕྱག་ལས་བསྟུད་མར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གསུམ་གྱི་ལས་འགུལ་སྤེལ་སྟངས་དེ་དག་ཧོང་ཀོང་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་་ཡོངས་ལ་དམིགས་དཔེ་འོས་པ་ཞིག་ཡིན་སྟབས། ད་རེས་ཁོང་རྣམས་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མིའི་ཁོངས་སུ་མིང་བཏོན་གནང་རྒྱུ་དེ་དུས་ཀྱི་ཆ་ནས་འོས་ཤིང་འཚམ་པ་ཞིག་རེད་ཅེས་ནན་བརྗོད་གནང་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མིའི་ཁོངས་སུ་ཧོང་ཀོང་མང་གཙོའི་ལས་འགུལ་བ་གསུམ་དང་ UNHCR ཞེས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཐོག་ཕྱག་ལས་གནང་མཁན་གྱི་ལྷན་ཚོགས། དེ་བཞིན་ White Helmets ཞེས་སིརྱ་ནང་མི་མང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ། གཞན་ཡང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་སོགས་ཚོགས་སྒེར་ཁག་ཅིག་ཡོད་པ་དང་། དེ་དག་ཁྲོད་ནས་ད་རེས་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ལ་ཐོབ་ཚེ་ཁོང་ནི་ད་བར་ནོ་བེལ་གཟེངས་རྟགས་བཞེས་མཁན་ཆུང་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འཁོད་རྗེས་དེ་རིང་༸གོང་ས་མཆོག་ལ་མཇལ་བཅར་ཐོག་མ་ཞུས་པ།

རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་རྗེས་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་སོང་བ་དང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་གསར་འགོད་པ་རྣམས་ལ་མཇལ་བཅར་བྱིན་རླབས་ཆེན་པོ་དང་བཀའ་མོལ་ལྷུག་པོ་བྱུང་སོང་ཞེས་གསུངས་སོང་། དེ་རིང་༸གོང་ས་མཆོག་གི་དྲུང་དུ་མཇལ་ཁ་ཧ་ཅང་བྱིན་རླབས་ཆེན་པོ་དང་བཀའ་མོལ་ལྷུག་བྱུང་སོང་ཞེས་དང་། ༸གང་ཉིད་མཆོག་དང་ལྷན་རྒྱས་བོད་ཀྱི་ལོ་རྒྱུས་དང་༸སྐུའི་མཛད་འཕྲིན་སྐོར། དེ་བཞིན་རྡ་རམ་ས་ལའི་ས་གནས་ཀྱི་དཀའ་ངལ་དང་མ་འོངས་པར་མུ་མཐུད་ཟུང་འབྲེལ་ཐོག་ནས་ཡར་རྒྱས་གཏང་ཕྱོགས་སྐོར་སོགས་ཀྱི་ཐད་ལ་བཀའ་མོལ་བྱུང་ཡོད་པ་མ་ཟད། ལྷག་པར་༸གང་ཉིད་མཆོག་ཧིཾདུའི་ལྟ་གྲུབ་དང་རྒྱ་གར་གྱི་ལོ་རྒྱུས་ཐོག་ལ་མཁྱེན་ཡོན་རྒྱས་པོ་ཡོད་སྟབས་ཕྱོགས་གང་སྤྱིའི་ཐད་ནས་ལམ་སྟོན་ཡག་པོ་བྱུང་ཞེས་གསུངས་ཡོད། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་རིང་སྔ་དྲོའི་མཇལ་ཁ་དང་འབྲེལ་བའི་བརྙན་ཐུང་ཞིག་སྤེལ་བའི་ནང་། ༸གོང་ས་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་ཆེས་མཐོའི་དཔོན་རིགས་རྣམས་ལ་དེང་སང་འཛམ་གླིང་འདིའི་ནང་དུ་སེམས་ཀྱི་བདེ་སྐྱིད་དང་སེམས་ཚོར་དང་འབྲེལ་བའི་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པའི་དུས་སྐབས་འདིར་རྒྱ་གར་ལ་ནང་སེམས་ཁམས་རིག་པ་དང་དེའི་རྣམ་གཞག་སྐོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་གང་ལ་མེད་པའི་གནའ་བོའི་ཤེས་བྱ་ཕྱུག་པོ་ཞིག་ཡོད་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་འགོ་ཁྲིད་དང་ཆབ་སྲིད་མི་སྣ་ཚོས་ལོ་ངོ་སྟོང་ཕྲག་རིང་གི་རང་གི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་དག་ལ་དོ་སྣང་དང་སློབ་གཉེར་གནང་གལ་ཡིན་པ་མ་ཟད། ཁྱད་པར་དུ་ཤེས་བྱ་དེས་རང་གི་བསམ་བློ་གཏོང་ཕྱོགས་དང་སེམས་བག་ཕེབས་སུ་གནས་གྱུར་ཁེ་ཕན་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་འདུག སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་རྒྱས་སུ་མངའ་སྡེའི་བཟོ་ལས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Vikram Singh Thakur མཆོག་དང་ཞིང་ཆུ་དང་མང་ཚོགས་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Mahinder Singh མཆོག གཞན་ཡང་ཀངྒ་རཱའི་རྫོང་དཔོན་མཆོག་དང་ཉེན་རྟོག་འགོ་དཔོན་བགྲེས་གཞོན་སོགས་གནད་ཡོད་མི་སྣ་ ༤༠ སྐོར་ཞིག་ཆེད་བཅར་གནང་འདུག ཕྱོགས་མཚུངས་ཁ་སང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ནས་རྡ་ཤོད་ Circuit house རྫོང་གི་མགྲོན་ཁང་དུ་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་འཕྲད་གནང་འདུག  

ཨ་རིའི་གྲོས་ཚོགས་ནས་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་ལ་བཏང་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ཐོག་དོ་སྣང་སྔར་ལྷག་གནང་དགོས།

དེ་ཡང་ཉེ་ཆར་ཟླ་ ༡ ཚེས་ ༢༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་རིམ་ཡོངས་མཇུག་སྒྲིལ་རྗེས། མ་འོངས་པར་དགོན་པའི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད། སློབ་ཞུགས། དེ་བཞིན་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བཅས་ཀྱི་ལས་དོན་ཡོངས་རྫོགས་ཐོག་ལ་བཏང་འཛིན་བྱ་སླད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ Tom lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་ Jim McGovern ལགས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་གླེང་སློང་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱ་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བརྒྱུད་དམ་དྲག་དང་བཏང་འཛིན་གྱི་ལས་དོན་བྱེད་ཤུགས་ཆེ་རུ་བཏང་པ་ནི་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་གཏང་རྒྱུའི་བྱ་སྤྱོད་སྤེལ་བ་ཞིག་རེད་ཅེས་གསུངས་འདུག ད་དུང་ཁོང་གིས་ད་ལྟའི་རྒྱ་ནག་གཞུང་གིས་མངོན་གསལ་མིན་པའི་བྱ་སྤྱོད་མང་དག་ཞིག་སྤེལ་བའི་བརྒྱུད་གསེར་རྟ་བླ་རུང་སྒར་གཙོས། བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་། བོད་མི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་པའི་དུས་སྐབས་འདིར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོནལ་ཊམ་མཆོག་གིས་རང་ཉིད་ཀྱི་བཞེངས་ཕྱོགས་ངེས་གཏན་ཞིག་དང་དེ་འབྲེལ་གླེང་སློང་མ་གནང་ཚེ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་གི་མཇུག་འབྲས་གང་ཡོང་ཐོག་གླེང་སློང་གནང་དགོས་གལ་ཡིན་པ་གསུངས་ཡོད། རྩ་བའི་བོད་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༧ པ་ནས་བཟུང་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་སྤེལ་བའི་ཁྲོད། བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༤༧༠༠ ལྷག་གཏོར་བཤིགས་བཏང་ཟིན་པ་དང་། བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་ནས་གྲྭ་བཙུན་དང་སློབ་གཉེར་བ་ཁྱོན་ ༤༨༠༠ ལྷག་ཕྱིར་ཕུད་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་ད་དུང་ཡང་བླ་རུང་སྒར་དུ་ཟི་ཁྲོན་ཞིང་ཆེན་ཁོངས་ནས་ཡིན་པ་མ་གཏོགས་ཕྱི་ཕྱོགས་ནས་སློབ་མ་འཛུལ་ཞུགས་མི་ཆོག་པ་དང་། ནང་བསྟན་སློབ་གླིང་དུ་འཛིན་གྲྭ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༤༠ ཆབ་སྲིད་དང་ཆོས་ཐོག་འབྲེལ་མེད་གནད་དོན་གཞན་གྱི་ཐོག་སློབ་ཁྲིད་བྱ་རྒྱུ་དང་། དེ་བཞིན་སློབ་གཉེར་བ་གསར་ཞུགས་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་དང། རྒྱལ་ཁབ་ལ་ཞེན་ཁོགས། རྒྱ་ནག་གི་རིག་གཞུང་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་ངོས་ལེན་གནང་མིན་དེ་ཆ་རྐྱེན་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པ་སོགས་འཁོད་འདུག

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་ནས་༸གོང་ས་མཆོག་ལ་སྤྱི་ཁྱབ་བློན་ཆེན་གསར་པའི་མཇལ་ཞུ་བཅར་བ།

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་མཇལ་བཅར་ཞུས་སོང་བ་དང་། སྤྱི་ཁྱབ་བློན་ཆེན་མཆོག་ནས་གསར་འགོད་པར་༸གོང་ས་མཆོག་གི་བྱིན་རླབས་ཆེན་པོ་བྱུང་སོང་བ་མ་ཟད། ལྷན་རྒྱས་མཇལ་མོལ་སྐབས་བོད་ཀྱི་ལོ་རྒྱུས་དང་༸གང་ཉིད་མཆོག་གི་མཛད་འཕྲིན། གཞན་ཡང་རྡ་སའི་གནས་སྟངས་སྐོར་ལ་བཀའ་མོལ་བྱུང་ཡོད་པ་གསུངས་སོང་།  

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༡ ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བི་ཧཱར་དང་ཨུཏྲཔྲདེཤ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ མཧཱརཤཊཱ། ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་འཚམས་སུ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ། ༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Max སྨན་ཁང་དུ་ལོ་རེའི་མཚམས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྲོལ་ཡོད་པ་ལྟར་ཁ་སང་ཚེས་ ༣༠ ཉིན་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བའི་གྲུབ་འབྲས་གང་ལེགས་བྱུང་ཡོད་པ་བཀའ་བསྩལ་སོང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་ཆ་དགུང་ལོ་ ༨༢ ལ་ཕེབས་ཟིན་ཡོད་སྟབས། ལོ་རེ་ནས་ལོ་རེ་བཞིན་དུ་༸སྐུ་ཐང་ཆད་རྒྱུ་མང་དུ་འགྲོ་བཞིན་འདུག་པས་ཐེངས་འདིའི་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་འདྲ་མིན་ནང་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་གི་མཛད་འཆར་དེ་རྒྱུན་རིང་པོ་བྱུང་ཞེས་བཀའ་གནང་ཡོད། གཞི་རྩའི་༸གོང་ས་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ད་བར་ཟླ་བ་གཉིས་ཙམ་གྱི་རིང་གནས་མཆོག་རྡོ་གདན་དང་ཝཱ་རཱ་ཎ་སཱི། པུ་ནེ། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མུམ་བའེ། སྦེང་ལོར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༢ དང་བོད་ཟླ་ ༡ ཚེས་ ༡༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞིའི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་རེད།

Latest news