Tibetan Royal Year of 2151 | Year of the Wood Dragon

Uncategorized

རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་བ་དང་འབྲེལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུགབོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་ཟླ་ ༡༢ ཚེས་ ༡༠ ནས་ཟླ་ ༡ ཚེས་ ༡༠ བར་སྤེལ་བཞིན་པའི་ལས་འགུལ་འདིའི་ནང་བདུན་ཕྲག་རེར་བརྙན་ཐུང་གཉིས་རེ་བྱས་ནས་བརྒྱུད་འགོད་ཀྱིས་བོད་མིའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་བརྙན་ཐུང་དག་གི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ལམ་ལུགས་ཀྱི་འཚེ་བ་ཐེབས་མཁན་ཡིན་པའི་གནས་སྟངས་གསལ་སྟོན་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཆེས་མངོན་གནང་སྟེ་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་གྱི་སྲིད་བྱུས་སྤེལ་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུ་རྒྱུར་མིང་རྟགས་བཀོད་ཟིན་པ་ལྟར་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་མ་ཟད་ལྷག་དོན་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག  

འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས།

ཟླ་བ་འདིའི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་རིའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ་ང་ཚོས་ངེས་པར་དུ་འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་སོང་།ཁ་སྔོན་ཨོ་སི་ཀྲོ་ལི་ཡར་གནས་བཞུགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་དྲ་ཐོག་བརྒྱུད་རི་བོའི་ཉིན་མོ་སྲུང་བརྩི་དང་སྦྲགས། སྲིད་སྐྱོང་མཆོག་གིས་དབུས་པའི་ཁོར་ཡུག་དོན་གཉེར་བ་དང་ཚན་རིག་པ། ཨོ་གླིང་གི་མི་སྣ་གལ་ཆེ་ཁག་ཅིག རི་འཛེགས་གནང་མཁན་ཁག་ཅིག་གདན་ཞུས་ཀྱིས་བོད་ཀྱི་རི་བོ་དེ་དག་ཅི་ཕྱིར་གལ་གནད་ཆགས་ཀྱི་ཡོད་མེད་ཐད་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་བརྒྱ་ཆ་ ༢༢ ཙམ་ཞིག་ནི་རི་བོ་ཡིན་པ་དང་དེ་བཞིན་བརྒྱ་ཆ་ ༥༠ ཙམ་ཞིག་གི་ཆུ་བོ་ནི་རི་བོ་དེ་དག་ནས་ཡོང་གི་ཡོད་སྟབས་རི་བོ་ནི་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པར་གསུངས་སོང་།    དེའི་ཁོངས་སུ་འཛམ་གླིང་གི་རི་བོ་མཐོ་ཤོས་མང་དག་ཅིག་བོད་མཐོ་སྒང་དུ་ཆགས་ཡོད་ཀྱང་། ད་ཆ་རྒྱ་གཞུང་གིས་བཙན་འཛུལ་འོག་བོད་ནང་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་དང་གཏེར་ཁ་གང་བྱུང་དུ་སྔོག་འདོན་སོགས་བྱེད་བཞིན་རྐྱེན་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་སོགས་ཁོར་ཡུག་སྤྱི་ཡོངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ད་དུང་ཞིབ་འཇུག་པ་ཁག་ཅིག་གིས་བོད་ཀྱི་འཁྱག་རོམ་གྱི་བཞུར་ཚད་དེ་ཧ་ཅང་མྱུར་པོ་ཆགས་རྐྱེན་བརྒྱ་ཆ་ ༣༠ དང་ ༤༠ ཙམ་ཞིག་ད་ཆ་མེད་པར་གྱུར་ཡོད་པ་ལུང་འདྲེན་གྱིས་ཚན་རིག་པ་ཁག་ཅིག་གིས་ཀྱང་ཕྱི་ལོ་ ༢༠༥༠ ལོར་བོད་ཀྱི་འཁྱག་རོམ་གྱི་བཞུར་ཚད་དེ་གསུམ་ཆ་གཉིས་ཙམ་མེད་པར་གྱུར་ངེས་ཡིན་པ་བརྗོད་ཡོད་པ་གསུངས་པར་མ་ཟད། གལ་ཏེ་དེ་ལྟར་འབྱུང་བ་ཡིན་ན་བོད་ཀྱི་ཆུ་བོ་དག་ལ་བརྟེན་མཁན་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་འཚོ་བར་དོ་ཕོག་འགྲོ་ངེས་དང་འཛམ་གླིང་སྤྱིར་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་སྟབས། བོད་ཀྱི་རི་བོ་དེ་དག་ཧ་ཅང་རྩ་ཆེན་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོས་ངེས་པར་དུ་འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་སོང་།དེ་བཞིན་ལས་རིམ་དེའི་ཐོག་ལྷན་ཞུགས་གནང་མཁན་ཁོར་ཡུག་དོན་གཉེར་བ་དང་ཚན་རིག་པ། རྩོམ་པ་པོ་ཌོཀ་ཌར་Vandana Shiva ལགས་ཀྱིས་རི་བོ་ནི་ང་ཚོར་སྲུང་སྐྱོབ་བྱེད་མཁན་དང་ཚེ་སྲོག་སྦྱིན་མཁན་ཞིག་ཡིན་པ་དང་།  ཁོ་མོའི་གནམ་གཤིས་འགྱུར་ལྡོག་ཐད་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་ད་ཆ་ཧི་མཱ་ལ་ཡའི་རི་བོའི་འཁྱག་རོམ་དེ་དག་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཉེན་ཚབས་ཅན་ཏུ་གྱུར་ཡོད་པས་ང་ཚོས་དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཐད་བཀའ་སྩལ་ཁག་སྙིང་ལ་བཅངས་ཀྱིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་སྒོ་ནས་རི་བོ་སྲུང་སྐྱོབ་བྱེད་ཐུབ་ཚེ་ང་ཚོའི་འཚོ་གནས་ལ་ངལ་བ་འཕྲད་ཀྱི་མ་རེད་ཅེས་གསུངས་ཡོད། ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་སྐྱིད་འཛོམས་གདོང་གདུས་ལགས་ཀྱིས་བོད་མཐོ་སྒང་གི་རི་བོ་དེ་དག་མིའི་ཚེ་སྲོག་ལ་གལ་འགངས་ཇི་ཙམ་ཆགས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ད་ཆ་རྒྱ་གཞུང་གིས་བོད་ནང་གཏེར་ཁ་གང་བྱུང་དུ་སྔོག་འདོན་དང་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་སོགས་བྱེད་བཞིན་རྐྱེན་བོད་ཙམ་མིན་པར་བོད་མཐོ་སྒང་གི་ཆུ་བོ་ལ་བརྟེན་མཁན་ཨེ་ཤ་ཡའི་མི་རིགས་སྤྱི་ཡོངས་ལ་དོ་ཕོག་ཐེབས་ངེས་ཡིན་སྟབས། རི་བོ་སྲུང་སྐྱོབ་གནང་རྒྱུ་ནི་གལ་འགངས་ཤིནཏུ་ཆེན་པོ་ཡིན་སྐོར་གསུངས་སོང་།གཏམ་བཤད་གནང་མཁན་དེའི་ཁོངས་སུ་ཡོད་པ་རི་འཛེགས་གནང་མཁན་ཁག་ཅིག་གིས་དེ་སྔ་ Everest འམ་ཇོ་མོ་གླང་མ་དང་གངས་ཅན་རྫོང་ལྔ་སོགས་ལ་འཛེགས་སྐབས་འཁྱག་རོམ་གྱི་བཞུར་ཚད་མྱུར་པོ་ཕྱིན་པར་གཟིགས་ཚོར་བྱུུང་སྐོར་གསུངས་པ་དང་འབྲེལ་ཏེ་ཚང་མས་མཉམ་རུབ་ཀྱིས་གངས་རི་སྲུང་སྐྱོབ་གནང་དགོས་ཞེས་སོགས་གསུངས་ཡོད།

ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་དེབ་ཕྲེང་སྟོད་སྨད་གཉིས་དབུ་འབྱེད།

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་ལོ་ངོ་གཅིག་ལྷག་གི་རིང་དཔྱད་ཞིབ་རིམ་པ་གནང་སྟེ་གསར་རྩོམ་གནང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་དཔེ་དེབ་ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཞེས་པའི་དེབ་ཕྲེང་སྟོད་སྨད་གཉིས་དབུ་འབྱེད་གནང་སོང་།རེས་གཟའ་སྤེན་པའི་སྔ་དྲོ་ཚོུད་ ༡༠༌༣༠ ཐོག་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་དབུ་བཞུགས་སར་མགྲོན་གྱི་གཙོ་བོ་ཀིརྟི་རིན་པོ་ཆེའི་དྲུང་ཡིག་ཆེན་མོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་འབྲིང་བ་འཇིགས་མེད་ལགས་དང་བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་བཅས་ཀྱིས་དེབ་ཕྲེང་སྟོད་སྨད་གཉིས་དབུ་འབྱེད་གནང་སོང་།སྐབས་དེར་སློབ་དཔོན་འབྲིང་བ་འཇིགས་མེད་ལགས་ཀྱིས་བོད་པ་རང་ཉིད་ཀྱི་སྐད་ཡིག་ཐོག་བོད་ཀྱི་ཉེ་བའི་རྒྱལ་རབས་ལོ་རྒྱུས་བྲིས་པ་ཧ་ཅང་ཉུང་ཉུང་ཆགས་ཀྱི་ཡོད་སྟབས་དཔེ་དེབ་འདི་གཉིས་ནི་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཆགས་ཡོད་པ་སོགས་གསུངས་སོང་། དགེ་བཤེས་གངས་རི་ལགས་ཀྱིས་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གིས་གཙོས་པའི་ཡབ་གཞིས་སྐོར་གྱི་དེབ་དེ་འདྲ་རྩོམ་བྲིས་གནང་ཐུབ་ཚེ་བོད་ཀྱི་ལོ་རྒྱུས་གསལ་པོ་ཆགས་རྒྱུར་་དགེ་མཚན་ལྡན་ཡོད་པ་སོགས་གསུངས་སོང་བ་མ་ཟད། དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཀྱང་ང་ཚོ་བོད་མི་ཚོར་ཆོས་དང་སྨན་རྩིས་སོགས་ཀྱི་ཐད་དཔེ་དེབ་མང་པོ་ཡོད་ཀྱང་། རྒྱལ་རབས་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད།   རྩ་བའི་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་དེབ་ཕྲེང་སྟོད་སྨད་གཉིས་ཀྱི་ནང་དབྱིན་ཇི་བོད་ལ་ཡོང་ནས་བོད་དང་འབྲེལ་བ་བྱུང་བ་དང་། རིམ་པས་བོད་ནང་ཤུགས་རྐྱེན་གང་འདྲ་སྤྲད་ཡོད་མེད། ༸རྒྱལ་དབང་བཅུ་གསུམ་པའི་སྐབས་ལ་ཕྱི་ལོགས་ཀྱི་བཙན་འཛུལ་ཡོང་བའི་གནས་སྟངས་སོགས་ནས་དབུ་འཛུགས་ཀྱིས་རྩོམ་བྲིས་གནང་བ་ཞིག་ཆགས་ཀྱི་འདུག་པ་དང་། དཔེ་དེབ་དབུས་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་སུ་གསར་འགོད་པས་རྩོམ་པ་པོར་ནང་དོན་ཆེ་ཁག་སྐོར་བཅར་འདྲི་ཞུས་པར་ཡོངས་གྲགས་སུ་མཁས་པ་ཚོས་བོད་ཀྱི་ལོ་རྒྱུས་ནང་དུ་ཕྱི་ལོ་ ༡༩༡༣ ནས་ ༡༩༣༣ བར་གནས་སྟངས་ཛ་དྲག་དང་ཟང་ཟིང་མེད་སྐོར་གསུང་གི་ཡོད་ཀྱང་། དོན་དངོས་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་ཚགས་ཀྱིས་ཉམས་ཞིབ་གནང་ཚེ་ནང་ཁུལ་གྱི་ཛ་དྲག་ཆེ་ཤོས་དེ་ཕྱི་ལོ་ ༡༩༡༣ ནས་ ༡༩༣༣ བར་དུ་བྱུང་ཡོད་པ་དང་། དེ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་སྐོར་སོགས་གསུངས་སོང་།  གཞི་རྩའི་ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཞེས་པའི་དཔེ་དེབ་དབུས་འབྱེད་དང་བགྲོ་གླེང་གི་ལས་རིམ་ཁག་ཅིག་གོ་སྒྲིག་གནང་འདུག འོན་ཏང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛད་དྲག་གནས་སྟངས་རྐྱེན་གྱིས་ལས་གཞི་དེ་དག་གནང་ཐུབ་མེད་པ་དང་། ཁ་ཉིན་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་ནས་བརྙན་ལམ་བརྒྱུད་དེ་ཉེ་རབས་བོད་ཀྱི་ལོ་རྒྱུས་འབྲི་རྩོམ་གྱི་གལ་ཆེའི་རང་བཞིན་སྐོར་གསུང་བཤད་གནང་བའི་བརྙན་ཐུང་གཉིས་གཟིགས་འབུལ་ཞུས་ཡོད།

སྐུ་ཞབས་ Ranjitsinh Disale ལགས་ལ་ཁྱད་འཕགས་དགེ་རྒན་གྱི་བྱ་དགའ་ཐོབ་པར་འཚམས་འདྲི་སྩལ་བ།

རྒྱ་གར་ Maharashtra མངའ་སྡེའི་ Solapur རྫོང་ཁོངས་སུ་ཆགས་པའི་ Paritewadi གྲོང་གསེབ་ཀྱི་གཞི་རིམ་འོག་མའི་དགེ་རྒན་ལོ་ན་ ༣༢ སོན་པ་སྐུ་ཞབས་ Ranjit Sinh Disale ལགས་ཀྱིས་བུད་མེད་ཀྱི་ཤེས་ཡོན་གོང་མཐོར་སླད་ཕྱག་ལས་གནང་བ་སོགས་ལ་བརྟེན་ཁོང་ལ་འདི་ལོའི་ Global Teacher Prize ཞེས་གོ་ལའི་ཁྱད་དུ་འཕགས་པའི་དགེ་བའི་བཤེས་གཉེན་གྱི་བྱ་དགའ་ཐོབ་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་ལས་དོན་དག་ལ་ཡི་རང་བསྔགས་བརྗོད་ཀྱི་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་སྐུ་ཞབས་ Ranjit ལགས་ལ་གོ་ལའི་ཁྱད་དུ་འཕགས་པའི་དགེ་བའི་བཤེས་གཉེན་གྱི་བྱ་དགའ་ཐོབ་པ་དང་བྱ་དགའི་དངུལ་འབོར་ཕྱེད་ཀ་འགྲན་བསྡུར་ཁོངས་སུ་ཡོད་པའི་དགེ་བའི་བཤེས་གཉེན་གཞན་ལ་ཕུལ་རྒྱུའི་ཐག་གཅོད་གནང་བར་ཡི་རང་བསྔགས་བརྗོད་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་ལ་སློབ་སྦྱོང་གནང་རྒྱུ་དང་ལྷག་པར་དུ་དབུལ་ཕོངས་དང་དཔལ་འབྱོར་ཞན་པ་ཚོར་དེ་འབྲེལ་གྱི་སློབ་ཁྲིད་གནང་རྒྱུ་ནི་ཁོང་ཚོར་རོགས་རམ་གནང་རྒྱུའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པ་དང་ཕྱོགས་མཚུངས་དེས་འཛམ་བུ་གླིང་བཟང་ཕྱོགས་སུ་སྐྲུན་ཐབས་ལའང་ལེགས་སྐྱེས་ཡག་ཤོས་ཡིན་པར་ལམ་སྟོན་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཁོང་ནས་རྒྱ་གར་སྤྱི་ཚོགས་ནང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་བུ་མོ་རྣམས་སློབ་གྲྭར་བསྐྱོད་བཅུག་རྒྱུ་དང་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་རྒྱུ། དེ་བཞིན་རྒྱལ་ཁབ་ ༨༣ ལྷག་གི་སློབ་ཕྲུག་ལ་དྲ་ཐོག་བརྒྱུད་ཚན་རིག་སློབ་ཁྲིད། རྩོད་རྙོག་ཅན་གྱི་ས་ཁུལ་དུ་ཡོད་པའི་ན་གཞོན་དབར་འབྲེལ་ལམ་བཟོ་རྒྱུའི་ལས་འཆར་རྣམས་སྙིང་རྗེ་དངོས་སུ་ལག་བསྟར་གྱི་དཔེ་མཚོན་ཞིག་ཡིན་པར་བཀའ་སྩལ་འདུག་པ་མ་ཟད། སྐུ་ཞབས་ Ranjit ལགས་ཀྱིས་ང་ཚོ་མཉམ་རུབ་ཀྱིས་སྤྱི་ཚོགས་ནང་ཁྱད་པར་བཟོ་ཐུབ་ཀྱི་རེད་ཅེས་གསུངས་པ་ནི་དོན་དམ་གྱི་བཀའ་མོལ་ཞིག་ཡིན་པ་དང་། ཁོང་གི་ཁྱད་དུ་འཕགས་པའི་ཕྱག་ལས་དེས་གཞན་ལ་སེམས་འགུལ་ཐེབས་རྒྱུ་ཡིན་པ་བཀའ་སྩལ་འདུག གཞི་རྩའི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་བྱ་དགའ་དེ་དབྱིན་ཡུལ་དུ་ཡོད་པའི་ Varkey Foundation ཐེབས་རྩ་ཁང་གིས་གོ་སྒྲིག་གནང་དོན་ལྟར་ཐེངས་འདིའི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་བྱ་དགར་འགྲན་ཞུགས་གནང་མི་ཁོངས་སུ་རྒྱལ་ཁབ་ ༡༤༠ ཁྲོད་དགེ་རྒན་གྱི་ལས་རིགས་གཉེར་མཁན་མི་གྲངས་ ༡༢༠༠༠ ཡོད་པ་རེད། ད་རེས་སྐུ་ཞབས་རན་ཇིཏ་ལགས་སུ་བྱ་དགའ་དང་ལྷན་དུ་ཨ་སྒོར་ས་ཡ་གཅིག་ཐོབ་ཡོད་པ་རེད། ཁོང་ལ་བྱ་དགའ་དེ་ལྟར་ཐོབ་པ་ནི་རྒྱ་གར་ནང་ནས་ཆེས་ཐོག་མར་ཆགས་ཀྱི་འདུག སྐུ་ཞབས་ཁོང་གིས་བྱ་དགའི་དངུལ་འབོར་ཕྱེད་ཀ་དེ་ཁོང་གི་ཕྱག་སྦྲེལ་དགེ་རྒན་གཞན་ཚོར་ཕུལ་ཚེ་དེས་ཁོང་རྣམ་པས་ཕྱག་ལས་འཕར་མ་གཉེར་རྒྱུར་ཐུགས་ཕན་གསོས་ངེས་རེད་ཅེས་ཐུགས་རེ་གནང་གི་འདུག

བློ་བཟང་རྒྱ་མཚོ་སྲིད་མཐར་ལགས་གསར་གཏོད་པའི་མི་སྣ་སོར་གཉིས་ཁོངས་སུ་འདེམས་ཐོན་བྱུང་འདུག

ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Wired UK  ཞེས་པའི་དུས་དེབ་ཁང་གིས་མ་འོངས་པའི་འཛམ་གླིང་དེ་བཟང་ཕྱོགས་སུ་ཁྲིད་ཐབས་ཐད་ཕྱག་ལས་གནང་མཁན་གསར་གཏོད་པ་ ༣༢ ཀྱི་མིང་གཞུང་འདོན་སྤེལ་གནང་འདུག  དེའི་ཁོངས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ཀྱི་ལས་གཞིའི་འགན་འཛིན་བཟང་རྒྱ་མཚོ་སྲིད་མཐར་ལགས་འདེམས་ཐོན་བྱུང་འདུགདེ་ཡང་Wired UK ཞེས་པའི་དུས་དེབ་ཁང་གིས་འདེམས་སྒྲུག་གནང་བའི་ཐོ་གཞུང་དེའི་ནང་ཧོང་ཀོང་གི་མང་གཙོའི་ལས་འགུལ་ Joshua Wong  ལགས་གཙོས་སྨན་པ་དང་ཞིབ་འཇུག་པ་སོགས་མི་སྣ་ ༣༢ ཀྱི་མཚན་འདོན་སྤེལ་གནང་འདུག   མི་སྣ་དེ་དག་ Google  ཚོང་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་གཙོས་པའི་ Oxford ཡི་ཏོག་དབྱིབས་སྔོན་ཁབ་ཐད་ཀྱི་ཞིབ་འཇུག་པ་ Prof. Sarah Gilbert ལགས་སོགས་ཀྱིས་འདེམས་སྒྲུག་གནང་བ་ཞིག་ཆགས་ཀྱི་འདུག དེའི་ཁོངས་ Toronto གཙུག་ལག་སློབ་གཉེར་ཁང་གི་ Citizen Lab ཞེས་དྲྭ་རྒྱའི་བདེ་འཇགས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྐུ་ཞབས་ Ron Deibert ལགས་ཀྱིས་བློ་བཟང་ལགས་ཀྱིས་ཡུན་རིང་ནས་བོད་པའི་སྤྱི་ཚོགས་ནང་དྲྭ་རྒྱའི་བདེ་འཇགས་ཐད་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་བ་དང་། ལྷག་པར་དུ་ཁོང་གིས་ཕྱག་རོགས་དང་ལྷན་དུ་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ TibCERT  གསར་གཏོད་ཀྱིས་བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁ་ཉུང་དུ་བཏང་བ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཁྲོད་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱི་ཐོག་བོད་མིའི་ཁྲོད་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་སྐྱེད་བཏང་བ་དང་། དེ་བཞིན་ Be Your Own Cyber Super Hero ཞེས་པའི་ལས་འགུལ་སོགས་འགོ་བཙུགས་པར་བརྟེན་ཁོང་འདེམས་སྒྲུག་གནང་འདུག  བློ་བཟང་ལགས་ཀྱིས་ད་ལན་ཁོང་ལ་གསར་གཏོད་ཀྱི་མི་སྣ་ ༣༢ ཁོངས་སུ་འདེམས་ཐོན་བྱུང་བར་དགའ་ཚོར་བྱུང་བ་དང་ལྷག་པར་དུ་བོད་མི་ཞིག་དེའི་ཁོངས་སུ་ཚུད་པར་སྤོབས་པའང་བྱུང་ཞེས་གསུངས་པ་དང་སྦྲགས། ད་ལན་ཁོང་དེ་ལྟར་འདེམས་ཐོན་བྱུང་བ་དེ་ནི་བོད་ནང་དྲ་རྒྱའི་དཀའ་ངལ་དང་རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ནང་དྲ་འབུ་བཏང་སྐབས་ཁོང་དང་བསྟི་གནས་ཁང་ནས་ངལ་སེལ་ཆེད་ཐབས་ལམ་འཚོལ་ཡོད་པར་མ་ཟད། དྲ་རྒྱའི་བདེ་འཇགས་ཐད་ལས་འགུལ་སྤེལ་ཕྱོགས་དང་གསར་གཏོད་མང་དག་ཞུས་པར་བརྟེན་ད་རེས་འདེམས་སྒྲུག་གནང་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་སྤྱིར་བོད་པའི་སྤྱི་ཚོགས་ནང་དྲྭ་རྒྱའི་བདེ་འཇགས་ཐད་གནས་བབ་ནི་ཚད་མཐོ་པོ་ཞིག་ཡིན་ཀྱང་ད་ཆ་སྐད་འཕྲིན་སོགས་བེད་སྤྱོད་གནང་མི་ཆོག་པར་བརྟེན་དྲ་འབུ་ཡོང་རྒྱུ་ཡང་ཇེ་མང་དུ་ཕྱིན་ཡོད་སྟབས། བོད་མི་རྣམས་ནས་ཟུར་སྣོན་རིགས་བསྣན་རྒྱུ་མེད་པ་དང་འབྲེལ་ཐག་རིགས་འདྲ་མིན་མ་བསྣན་གོང་ལ་དགོངས་བཞེས་གནང་གལ་ཡིན་པ་སོགས་གཞེན་སྐུལ་གནང་ཡོད། གཞི་རྩའི་བློ་བཟང་རྒྱ་མཚོ་ལགས་ནི་བཙན་བྱོལ་ནང་འཚར་ལོངས་བྱུང་བ་ཞིག་དང་།  ཕྱི་ལོ་ ༢༠༡༡ ནས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ལྷན་དུ་ཕྱག་ལས་གནང་ཡོད་པ་རེད། ད་བར་ཁོང་གིས་ས་གནས་ཀྱི་གནས་བབ་དང་འཚམ་པའི་འཕྲུལ་ཆས་མང་པོ་གསར་གཏོད་དང་སྦྱོང་བརྡར། དེ་བཞིན་གོ་རྟོགས་བཅས་ཀྱི་ལས་དོན་མང་དག་ཅིག་གཉེར་ཡོད་པ་རེད་འདུག ཁོང་ཕྱི་ལོ་  ༢༠༡༨ ནས་ ༢༠༢༠ བཅས་ལོ་གཉིས་རིང་ཨ་རིའི་ཁེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་དྲ་རྒྱའི་བདེ་འཇགས་ཐད་ Citizen clinic ཀྱི་སློབ་སྟོན་པ་བསྐོ་གཞག་བྱུང་ཡོད་པ་རེད།  ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་ཉམས་ཞིབ་པ་དང་ལྷན་དུ་ཕྱག་ལས་གནང་མུས་ཡིན་པ་རེད།

རྒྱ་བལ་གཉིས་ཀྱི་ནང་བོད་མི་ ༤༧ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་བོད་མི་ ༣ འདས་གྲོངས།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པ་བོད་མི་ ༤༧ དང་ ༣ འདས་གྲོངས་སུ་གྱུར་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༦ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༤༧ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་རྒྱ་གར་ནས་བོད་མི་ ༤༦ དང་བལ་ཡུལ་ཁུལ་ནས་ ༡ བཅས་ལ་གཉན་རིམས་དེ་ཕོག་ཡོད་པར་གསུང་སོང་། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་ ༩༢ དང་ལོ་ན་ཆུང་ཤོས་དེ་ ༦བཅས་ཆགས་ཀྱི་འདུག་པ་དང་། ནད་ཡམས་དེའི་རྐྱེན་གྱིས་ལྷོ་ཕྱོགས་ཧུན་སུར་ནས་སྐྱེས་པ་རང་ལོ་ ༨༨ སོན་པ་གཅིག་དང་ལ་དྭགས་ནས་སྐྱེས་མ་རང་ལོ་ ༦༥ སོན་པ་གཅིག་དང་སྐྱེས་པ་རང་ལོ་ ༨༧ སོན་པ་གཅིག་བཅས་ཁྱོན་བོད་མི་གསུམ་འདས་གྲོངས་སུ་གྱུར་འདུག གསར་འགོད་ལྷན་ཚོགས་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་འཛམ་གླིང་སྤྱི་དང་སྒོས་སུ་རྒྱ་གར་ནང་ལ་ནད་མནར་དང་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་གྱུར་ཡོད་པའི་ཁྲོད་འདིར་ཨིན་ཡུལ་ནས་སྔོན་ཁབ་གསར་བཟོ་གནང་ཡོད་པ་དེ་ལྟར་ཡང་། མང་ཚོགས་ཀྱི་ངོས་ནས་སྔོན་འགོག་སོགས་ཀྱི་གནང་སྒོ་ཁག་ལ་ཐུགས་སྣང་དང་ལྷག་དོན་སྤྱི་ཚོགས་རྐྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་ཀྱི་སྔོན་འགོག་གི་ཐབས་ལམ་ཁག་ལ་ལྷོད་ཡེངས་མེད་ཐུགས་གཟབ་གནང་དགོས་སྐོར་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཚད་མཐོ་པོར་བསླེབས་ཡོད་པའི་ཁར་ཟ་ཚོང་མགྲོམ་གསུམ་གྱི་ལས་མི་ཁྲོད་ནས་ནད་ཡམས་ཕོག་མཁན་འཐོན་བཞིན་འདུག་སྟབས། ཟ་ཚོང་མགྲོན་གསུམ་གཉེར་མཁན་བོད་མི་ཚོའི་ངོས་ནས་ཡིད་གཟབ་གནང་དགོས་པ་མ་ཟད། ལྷག་དོན་རྒྱ་གར་ལྷོ་ཕྱོགས་གཞིས་སྒར་བོད་མི་ཚོས་དེང་སྐབས་གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་ངལ་བ་ཏོག་ཙམ་ཉུང་དུ་ཕྱིར་པར་བརྟེན་ཐུགས་གཡང་མེད་པར་འབད་གནད་ཡིན་པར་གཞེན་སྐུལ་གནང་སོང་། གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༣༢༡ ལ་ Covid-19 འམ་ཏོག་དབྱིབས་གཉན་རིམས་ཕོག་དེ་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༡༥༤ དང་ ༣༤ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༡༣༣ ཆགས་ཡོད་པ་རེད། ཉེ་ཆར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་རྐྱེན་རྒྱ་གར་དབུས་གཞུང་གིས་ཁྲིམས་དོན་ ༡༤༤ དགོངས་དོན་བཞིན་མང་ཚོགས་བཞི་ལས་མང་བ་འཛོམས་མི་ཆོག་པའི་བཀོད་ཁྱབ་གནང་བ་ལྟར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཁྲིམས་ཡིག་དེ་ཕྱག་བསྟར་གནང་ཡོད་སྟབས། སྲིད་སྐྱོང་དུ་བཞེངས་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱང་ལ་དྭགས་སུ་བཅར་མ་ཐུབ་པའི་ངལ་བ་འཕྲད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བཞུགས་སྒར་ཁུལ་དུ་ཟ་མགྲོན་གཉིས་གཉེར་མཁན་གྱི་ལས་མི་ཁག་ཅིག་ལ་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་ཡོད་པར་བརྟེན་རིང་མིན་ཟ་མགྲོན་གཉིས་གཉེར་གནང་མཁན་གཙོས་པའི་ལས་མི་རྣམས་ལ་བརྟག་དཔྱད་གནང་གཏན་འཁེལ་འདུག

བཞུགས་སྒར་དུ་དམིགས་བསལ་དགོས་མཁོ་ཅན་གྱི་ཉིན་མོ་སྲུང་བརྩི།

དེ་རིང་ཟླ་ ༡༢ ཚེས་ ༣ ཉིན་མོ་ནི་རྒྱལ་སྤྱིའི་དམིགས་བསལ་དགོས་མཁོ་ཅན་གྱི་ཉིན་མོ་ཡིན་པ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibetan ability Center ཞེས་བོད་མིའི་ནུས་གསོ་བསྟི་གནས་ཁང་གིས་ཡོངས་སྒྲིལ་ཤེས་ཡོན་དང་དབང་ཤེས་ཞན་པའི་གནས་བབ་ཐོག་གོ་རྟོགས་སོགས་ཀྱི་ལས་གཞི་སྤེལ་ཏེ་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་དམིགས་བསལ་དགོས་མཁོ་ཅན་གྱི་ཉིན་མོའི་འབོད་ཚིག་དེ་ནི་ Building Back Better: toward a disability-inclusive, accessible and sustainable post COVID-19 World ཞེས་ད་ལྟའི་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ཚེགས་ཀྱི་དུས་སྐབས་འདིར་དམིགས་བསལ་དགོས་མཁོ་ཅན་རྣམས་ལ་ཛ་དྲག་གི་དགོས་ངེས་ལ་ཡ་ལན་གནང་རྒྱུ་དང་ལྷག་པར་དུ་སྤྱི་ཚོགས་ནང་ཁོང་ཚོར་དམིགས་བསལ་གྱི་དོ་སྣང་གནང་གལ་ཆགས་ཡོད་སྐོར་དེ་ཡིན་རེད། ཉིན་མོ་འདི་དང་བསྟུན་བོད་མིའི་ནུས་གསོའི་བསྟི་གནས་ཁང་གིས་སྔ་དྲོའི་རིང་དྷ་སར་གནས་བཞུགས་དམིགས་བསལ་དགོས་མཁོ་ཅན་ཚོའི་ཕ་མ་དང་སྤུན་ཉེ་འབྲེལ་ལ་དེ་རིང་གི་ཉིན་མོ་ངོ་སྤྲོད་གནང་བ་དང་། ཁོང་ཚོར་གདུང་སེམས་མཉམ་བསྐྱེད་དང་སེམས་གསོ་མཚོན་ཕྱིར་ཕྲུ་གུའི་ཤེས་ཡོན་དང་འཕྲོད་བསྟེན་ལ་དོ་ཕོག་མ་འགྲོ་བར་སྨན་སླད་ཅ་དངོས་དང་དངུལ་འབོར་གནང་འདུག དེ་བཞིན་ཉིན་རྒྱབ་ངོ་དེབ་བརྒྱུད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཡོངས་སྒྲིལ་ཤེས་ཡོན་ཐད་སློབ་སྟོན་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་ཅོན་ཏཱ་རའི་བོད་ཁྱིམ་གྱི་དམིགས་བསལ་དགོས་མཁོ་ཅན་ཚོའི་དགེ་རྒན་འཆི་མེད་རྡོ་རྗེ་ལགས་གདན་ཞུས་ཀྱིས་ཡོངས་སྒྲིལ་ཤེས་ཡོན་དང་དབང་ཤེས་ཞན་པའི་གནས་བབ་ཐོག་གོ་རྟོགས་ཀྱི་ལས་གཞི་སྤེལ་ཡོད་པ་རེད།རླུང་འཕྲིན་ཁང་ནས་བོད་མིའི་ནུས་གསོ་བསྟི་གནས་ཁང་གི་འགན་འཛིན་བདེ་ལེགས་དབང་མོ་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་སྐབས་ཁོང་གིས་ད་ལན་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྤྱི་ཚོགས་ནང་དམིགས་བསལ་དགོས་མཁོ་ཅན་ཚོར་ངལ་བ་འཕར་མ་འཕྲད་ཡོད་སྟབས་ཚོགས་པའི་ངོས་ནས་དེ་རིང་གི་ཉིན་མོར་ཕ་མ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དང་མང་ཚོགས་ནང་དམིགས་བསལ་དགོས་མཁོ་ཅན་ཐད་གོ་རྟོགས་ཞན་རྐྱེན་དྲྭ་ཐོག་བརྒྱུད་གོ་རྟོགས་ཀྱི་ལས་གཞི་སྤེལ་ཡོད་པར་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་དུང་སྤྱིར་བོད་པའི་སྤྱི་ཚོགས་འདི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་ཀྱང་། ད་དུང་མང་ཚོགས་ནས་དམིགས་བསལ་དགོས་མཁོ་ཅན་ཚོར་མཐུན་རྐྱེན་སོགས་གནང་ན་རང་སྐྱ་འཕེར་བ་ཞིག་ཡོང་ངེས་ཡིན་པར་དེ་ཙམ་ཐུགས་བསམ་བཞེས་ཀྱི་མེད་སྟབས། སྤྱི་ཚོགས་ཁྱོན་ཡོངས་ནས་དེའི་ཐད་གོ་རྟོགས་གོང་མཐོར་དང་དེ་བཞིན་དམིགས་བསལ་དགོས་མཁོ་ཅན་ཚོར་གཟིགས་ཕྱོགས་ལ་འགྱུར་ལྡོག་གནང་དགོས་གལ་ཡིན་པ་གསུངས་ཡོད། གཞི་རྩའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམིགས་བསལ་དགོས་མཁོ་ཅན་གྱི་གྲངས་ཐོ་དེ་ ༡༠༠༠ ཙམ་ཞིག་ཆགས་ཀྱི་འདུག་པ་དང་དེའི་ཁྲོད་ཁག་ཅིག་ལ་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་པ་སྐྱིད་སྡུག་ནས་འཚོ་སྣོན་དང་གཟིགས་རྟོག་སོགས་གནང་གི་ཡོད་པ་རེད། ད་རེས་ཀྱི་ཉིན་མོ་དང་འབྲེལ་ནས་རླུང་འཕྲིན་ཁང་གིས་ལེ་ཚན་རྒྱས་པ་ཞིག་རེས་གཟའ་ཉི་མར་རྒྱང་བསྲིངས་ཞུ་རྒྱུ་ཡིན་པས་དེ་དོན་གསན་གཟིགས་གནང་རྒྱུ་མ་བསྙེལ་པ་ཞུ།

Nike དང་ Coca-Cola བཟོ་ཚོང་ཁང་གིས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ནུས་མེད་བཟོ་རྒྱུར་དམིགས་པ།

Nike དང་ Coca-Cola བཟོ་ཚོང་ཁང་གིས་དངུལ་གྱི་འགྲོ་གྲོན་ཤུས་ཆེར་བཏང་ནས་ཡུ་གུར་མི་རིགས་དང་འབྲེལ་བའི་ Uyghur Forced Labor Prevention Act འམ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ནུས་མེད་བཟོ་རྒྱུར་དམིགས་བཞིན་ཡོད་པ་རེད་འདུག

ཡར་ཀླུང་གཙང་པོར་ཆུ་མཛོད་གསར་རྒྱག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་ཡོད་པར་གསུངས་སོང་།

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བཞི་བ་སྟེ་ཕྱི་ལོ་ ༢༠༢༡ ནས་༢༠༢༥ བར་གྱི་ལས་འཆར་གྱི་ཁོངས་སུ་བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་ཆེ་གྲས་གསར་བ་ཞིག་རྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུགརྒྱ་ནག་གི་ནུས་ཤུགས་འཛུགས་སྐྲུན་གྱི་ལས་གཞིའི་གཙོ་འཛིན། Yan Zhiyong ཟེར་བས་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན།  འདི་ལོ་ནི་རྒྱ་ནག་གི་ཆུ་གློག་འཛུགས་སྐྲུན་གྱི་འཕྲུལ་ལས་ཚོགས་པ་གསར་འཛུགས་བྱས་ནས་མི་ལོ་བཞི་བཅུ་འཁོར་བའི་དུས་དྲན་ལ་འཁེལ་གྱི་ཡོད་སྟབས། ཡར་ཀླུང་གཙང་བོའི་ཁུལ་གྱི་ཆུ་གློག་གསར་རྒྱག་གི་ལས་གཞི་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་ལས་གཞི་དེ་ནི་ཆུ་མཛོད་གསར་རྒྱག་ཙམ་མིན་པར་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་པ་ཞིག་ཡིན་པ་མ་ཟད། མི་མང་གི་འཚོ་གནས་ལ་ཡང་ཕན་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུགསྤྱིར་ལས་གཞི་དེའི་གནད་དོན་ཞིབ་ཕྲ་འདི་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མི་མང་འཐུས་མི་ཚོགས་ཆེན་གྱི་དངོས་གཞིའི་བཀའ་ཁྲོལ་ཐོབ་མཚམས་སུ་ཡོངས་གྲགས་གནང་རྒྱུ་ཡིན་པ་དང་། ཆུ་མཛོད་དེ་ནི་བོད་ནང་གི་རྨ་འབྲུ་རྫ་གསུམ་ཁུལ་གྱི་ཆུ་མཛོད་དང་བསྡུར་ན་ཆུ་མཛོད་ཆེ་བ་ཞིག་ཆགས་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་མཛོད་གསར་རྒྱག་བྱེད་རྒྱུའི་ལས་གཞི་དང་འབྲེལ་ནས། རྒྱ་གར་དང་བྷང་ལ་རྡེ་ཤུ་གཉིས་ཀྱི་གཙོ་བྱས་པའི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་རྒྱལ་ཁབ་རྣམས་ཀྱིས་ལས་གཞི་དེས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས་ཡིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་གང་སར་ཐོན་འདུགརླུང་འཕྲིན་ཁང་གིས་རྒྱུན་དུ་བོད་ཀྱི་ཁོར་ཡུག་དང་འཛུགས་བསྐྲུན་གྱི་ལས་གཞིའི་ཐོག་ཐུགས་སྣང་ཆེན་པོ་ཡོད་པའི་ རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་ཐེངས་འདིའི་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཁོང་གིས་རྒྱ་ནག་གིས་དོན་དངོས་ཀྱི་ཐོག་ནས་ཡར་ཀླུང་གཙང་པོའི་ཁུལ་དུ་ཆུ་མཛོད་ག་ཚོད་ཅིག་བརྒྱབས་ཟིན་པ་དང་མ་འོངས་བར་རྒྱག་རྩིས་ཡོད་པའི་ཐད་ནས་ཕྱི་ལོག་གི་ཉམས་ཞིབ་པའི་ཁོངས་སུ་བརྗོད་ཚུལ་མི་འདྲ་བ་མང་པོ་ཡོད་ནའང་། ཚང་མས་གཅིག་གྱུར་གྱིས་བརྗོད་བཞིན་པ་ཞིག་ནི་བོད་མཐོ་སྒང་དུ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེར་སྤེལ་བ་ཡིན་ན། ཧི་མཱ་ལ་ཡའི་ཁུལ་དུ་ཁོར་ཡུག་ཉམས་ཉེས་ཀྱི་མཚོན་པའི་རང་བྱུང་གི་གོད་ཆགས་མང་དུ་འབྱུང་ཉེན་ཡོད་པར་དཔྱད་བརྗོད་སྤེལ་མཁན་མང་པོ་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་འཛུགས་སྐྲིན་གྱི་ལས་གཞི་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་པ་ཞིག་ཡིན་སྐོར་འཁོད་ཡོད་པ་ནི། བོད་ཁུལ་དུ་མེ་འཁོར་ལྕགས་ལམ་དང་གནམ་ཐང་། དེ་བཞིན་ཆུ་མཛོད་སོགས་གསར་རྒྱག་བྱས་ཏེ། བོད་ཀྱི་ས་ཁུལ་ཡར་རྒྱས་གོང་འཕེལ་དུ་བཏང་བ་ཡིན་ན། རང་བཞིན་གྱིས་བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་སོགས་མི་ཡོངས་བར་སྙམ་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན། འཛུགས་སྐྲུན་གྱི་ལས་གཞི་ག་རེ་སྤེལ་བ་ཡིན་ཀྱང་དང་པོ་རང་དབང་ལྡན་པའི་ཁོར་ཡུག་གི་ཉམས་ཞིབ་ཚོགས་པ་ཞིག་གིས་འཛུགས་སྐྲུན་གྱི་ལས་གཞི་དེའི་རང་བྱུང་གི་ཁོར་ཡུག་ལ་དོ་ཕོག་འགྲོ་བཞིན་ཡོད་མེད་ལ་ཉམས་ཞིབ་ཀྱིས་གྲུབ་དོན་ཕྱི་ལ་བཏོན་ན་མ་གཏོགས་གང་དྲན་གྱིས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཆོག་གི་མེད་ནའང་། བོད་ཁུལ་དུ་རྒྱ་ནག་གིས་ས་གནས་ཀྱི་བོད་ནི་རྣམས་ཀྱི་འདོད་མོས་ཡོད་མེད་སོགས་གང་ལ་ཡང་ལྟོས་མེད་ཀྱིས་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་ཡོད་པར་གསུངས་སོང་། གཞི་རྩའི་རྒྱ་ནག་དམར་ཤོག་གཞུང་གི་ Power China ཞེས་པའི་ནུས་ཤུགས་ཆེད་འདོན་ཚོགས་པས་འདི་ལོའི་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་གི་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་དང་གཙོ་འཛིན་ཆེ་དགྲ་ལྷ་གཉིས་དང་ལྷན་དུ་ཚོགས་འདུ་ཞིག་སྐོང་ཚོགས་ཀྱིས་རྒྱ་ནག་གི་འབྱུང་འགྱུར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་ལས་འཆར་ཁྲོད་བོད་རང་སྐྱོང་ལྗོངས་ཀྱིས་མཉམ་ལས་བྱེད་རྒྱུའི་གན་ཡིག་ཅིག་ཀྱང་བཞག་འདུག  

Latest news