Tibetan Royal Year of 2151 | Year of the Wood Dragon

Uncategorized

ཚན་རིག་སློབ་ཚན་ཐོག་བརྒྱ་ཆ་མཐོ་ཤོས་སོན་པར་སྐུ་ཞབས་ཀཱ་ལམ་མཆོག་གི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་པ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ Mysore གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ JSS Academy of Higher education and Research ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པ་བོད་མི་པདྨ་རྒྱལ་མཚན་ལགས་ལ་སློབ་ཁང་དེའི་ཚན་རིག་སྡེ་ཚན་ཁོངས་ནས་བརྒྱ་ཆ་མཐོ་ཤོས་སོན་པར་སྐུ་ཞབས་ཀཱ་ལམ་མཆོག་གི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་འདུགདེ་རིང་སྤྱི་ཚོགས་བརྒྱུད་ལམ་ངོ་དེབ་དང་ཨིནྶཊ་གྷརྨ་སོགས་ལ་པདྨ་རྒྱལ་མཚན་ལགས་ཀྱིས་གཙུག་ལག་སློབ་གཉེར་དེའི་ཚན་རིག་སྡེ་ཚན་ཁོངས་ནས་ཁོར་ཡུག་ཚན་རིག་ཐོག་བརྒྱ་ཆ་མཐོ་ཤོས་དང་དེ་བཞིན་ཚན་རིག་སྡེ་ཚན་ཁོངས་ནས་ཨང་རིམ་གཉིས་པ་སོན་པར་བརྟེན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀཱ་ལམ་མཆོག་གི་རྗེས་དྲན་གསེར་གྱི་རྟགས་མ་བཞེས་པའི་སྐུ་པར་དང་འབྲེལ་ནས་དེའི་སྐོར་གནས་ཚུལ་ཁྱབ་སྤེལ་གནང་བཞིན་འདུགརྩ་བའི་པདྨ་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༢༠༠༥ ལོར་བོད་ནས་ཕེབས་པ་ཞིག་ཡིན་ཞིང་། གཞི་རིམ་འོག་མ་དང་འབྲིང་རིམ་བར་ཅོན་ཏཱ་ར་བོད་ཁྱིམ་དུ་སློབ་གཉེར་གནང་བ་དང་རྗེས་སུ་གཞི་རིམ་གོང་མ་སྦེལ་ཀོབ་བོད་ཁྱིམ་དུ་སློབ་གཉེར་གནང་མྱོང་ཡོད་པར་མ་ཟད། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཡང་གཙུག་ལག་སློབ་ཁང་དེ་ག་རང་ནས་གནང་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཕྱག་ལས་གནང་མྱོང་འདུགགསར་འགོད་པས་དེ་རིང་ཞལ་པར་བརྒྱུད་པདྨ་རྒྱལ་མཚན་ལགས་སུ་ཁོང་ལ་སྐུ་ཞབས་ཀཱ་ལམ་མཆོག་གི་རྗེས་དྲན་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པར་ཚོར་སྣང་ཇི་བྱུང་སོགས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་རེས་གཟེངས་རྟགས་འདི་འདྲ་ཐོབ་སྟབས་རང་ཉིད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ཞུས་པའི་གྲུབ་འབྲས་ལེགས་སོན་བྱུང་འདུག་སྙམས་ནས་དགའ་ཚོར་ཆེན་པོ་བྱུང་ཡང་རྣམ་ཀུན་ནས་སྤྱི་ཚོགས་ཞབས་ཞུར་དོ་སྣང་ཆེན་པོ་ཡོད་པར་བརྟེན་དེ་དང་བསྡུར་ཚེ་དེ་ཙམ་དམིགས་བསལ་གང་ཡང་མ་བྱུང་ཞེས་གསུངས་སོང་བ་དང་། བོད་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་སློབ་སྦྱོང་ལ་འབད་བརྩོན་རྒྱ་གང་ཆེ་གནང་དགོས་པ་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་སྩལ་དོན་ལྟར་བོད་ཀྱི་ཆོས་རིག་དང་འབྲེལ་ཐོག་ལ་ཞབས་ཞུའི་ཕྱག་ལས་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་ཡོད།

མ་སུ་རི་བོད་ཁྱིམ་གྱི་སྤྱི་ཚོགས་ལ་ཕན་པའི་ཐོན་སྐྱེད་ལས་གཞི།

ཏོག་དབྱིབས་ ༡༩ ཁྱབ་གདལ་ཁྲོད་ཀྱི་ཐེམ་སྦང་དུས་སྐབས་སུ་མ་སུ་རི་བོད་ཁྱིམ་ནང་གི་གནས་སྐབས་རིང་ཕྱག་ལས་མེད་པའི་དགེ་ལས་ཁག་གིས་ art and craft ཞེས་སློབ་ཕྲུག་རྣམས་ལ་རིག་རྩལ་དང་འབྲེལ་བའི་ལག་ཤེས་སློབ་ཁྲིད་གནང་རྒྱུའི་བསླབ་གཞི་ལ་མིག་དཔེར་བཟུང་སྟེ་ Socially Useful Productive Work འམ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་ཐོན་སྐྱེད་ལས་གཞི་ཞེས་པ་ཞིག་དབུ་འཛུགས་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་མ་སུ་རི་བོད་ཁྱིམ་གྱི་དྲུང་གཞོན་དགེ་འདུན་རིན་ཆེན་ལགས་སུ་དེ་འབྲེལ་ཐོག་དམིགས་བསལ་བཅར་འདྲི་ཞུས་པའི་ཕྱོགས་སྒྲིག་ལེ་ཚན་གསན་གནང་ཡོང་བའི་དགོངས་འཇགས་འཚལ།

ཧི་མཱ་ཅལ་མངའ་སྡེས་སླར་ཡང་སློབ་གྲྭ་ཁག་ཕྱིར་བཤོལ་གནང་རྒྱུའི་བཀོད་ཁྱབ་གནང་བ།

ཧི་མ་ཅཱལ་མངའ་སྡེས་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་སླར་ཡང་སློབ་གྲྭ་དང་ཤེས་ཡོན་གྱི་སྡེ་ཁག་ཕྱིར་བཤོལ་གནང་དགོས་པའི་བཀོད་ཁྱབ་གནང་འདུགཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་ཟླ་ ༡༡ ཚེས་ ༢ ཉིན་ཧི་མ་ཅཱལ་མངའ་སྡེ་ནང་གི་སློབ་གྲྭ་གཙོས་མཐོ་སློབ་དང་ཤེས་ཡོན་གྱི་ལྟེ་གནས་རྣམས་རིམ་བཞིན་དབུ་འཛུགས་ཡོད་པ་དེ་ལྟར་ཡང་། ཉེ་ལམ་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ཚོར་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་གནང་འབྲས་སུ་གཉན་རིམས་ཕོག་མཁན་མང་དག་ཅིག་ཐོན་ཡོད་སྟབས། ཁ་སང་ཧི་མ་ཅཱལ་མངའ་སྡེས་སློབ་གྲྭ་དང་མཐོ་སློབ། ཤེས་ཡོན་ལྟེ་གནས་རྣམས་ཁ་སང་ཚེས་ ༡༡ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཁྱོན་ཉིན་གྲངས་བཅོ་ལྔའི་རིང་སླར་ཡང་ཕྱིར་བཤོལ་གནང་དགོས་པའི་བཀོད་ཁྱབ་གནང་འདུགསློབ་གྲྭ་དང་ཤེས་ཡོན་གྱི་སྡེ་ཁག་ནས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་རིམ་པ་འཐོན་མུས་དང་འབྲེལ་ཏེ་མངའ་སྡེ་གཞུང་ནས་མངའ་ཁུལ་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཐད་གཟིགས་ཞིབ་ནན་པོ་གནང་བཞིན་ཡོད་པ་དང་གཉན་རིམས་ཕོག་མཁན་ཚོར་བརྟག་དཔྱད་གང་མང་གནང་རྒྱུ་དང་ལྷག་དོན་འབྲེལ་གཏུག་རྩད་གཅོད་གང་མགྱོགས་གནང་དགོས་པར་ཐག་གཅོད་གནང་འདུགགཞི་རྩའི་སློབ་གྲྭ་དང་ཤེས་ཡོན་གྱི་སྡེ་ཁག་སླར་དབུ་འཛུགས་གནང་བ་དང་སྦྲགས། བོད་སློབ་ཁག་གི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་རིམ་བཞིན་སོ་སོའི་སློབ་གྲྭར་ཕྱིར་ཕེབས་གནང་ཡོད་པ་རེད། དེའི་ཁོངས་སུ་ཉེ་ལམ་སུ་ཇཱ་དང་ཅོན་ཏཱ་ར་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཁྱོན་ ༡༠༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་བྱུང་ཡོད་ཀྱང་། ད་ལྟའི་ཆར་དམིགས་བསལ་གྱི་ཛ་དྲག་གནས་སྟངས་མེད་པ་དང་ཁོང་རྣམས་ཟུར་བཀག་ཏུ་བཞུགས་མུས་ཡིན་པ་རེད།  རྩ་བའི་བོད་ཁྱིམ་ནང་གཉན་རིམས་ཕོག་མཁན་གྱི་གནས་ཚུལ་ཐོན་མ་ཐག་འདི་ག་རླུང་འཕྲིན་ཁང་ནས་བོད་ཁྱིམ་གྱི་ཡན་ལག་སློབ་གྲྭ་གཞན་ཚོར་དེ་འབྲེལ་བཀའ་འདྲི་ཞུས་པར་སེ་ལ་ཀུའི་དང་གོ་པཱལ་པུར་བོད་ཁྱིམ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མེད་པ་ཤེས་རྟོགས་བྱུང་བ་དང་། འོན་ཀྱང་སྐབས་དེར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་ལ་བརྟག་དཔྱད་གནང་ཡོད་ཀྱང་གྲུབ་འབྲས་འབྱོར་མེད་པ་རེད། དྷ་ཤོད་བོད་ཁྱིམ་གྱི་སློབ་མ་རྣམས་བརྟག་དཔྱད་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལྟར། དེ་རིང་སླར་ཡང་དེ་འབྲེལ་ཐོག་བཀའ་འདྲི་ཞུས་སྐབས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ ༩༢ ལ་བརྟག་དཔྱད་གནང་བའི་གྲུབ་འབྲས་འབྱོར་མེད་པ་དང་། དེ་བཞིན་དྷ་ཤོད་བོད་ཁྱིམ་ནང་སློབ་ཕྲུག་ ༢༣ འབྱོར་བའི་ཁྲོད་ད་ཆ་སློབ་ཕྲུག་ ༧ དང་དགེ་རྒན་ ༡༣ ལ་བརྟག་དཔྱད་གནང་འབྲས་སུ་དགེ་སློབ་དེ་དག་ཆ་ཚང་ལ་ཏོག་དབྱིབས་གཉན་རིམས་ཕོག་མེད་པའི་གྲུབ་འབྲས་སོན་འདུག རྩ་བའི་ད་བར་ཧི་མཱ་ཅལ་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ ༢༧༤༡༨ བྱུང་བའི་ཁོངས་ནས་ ༤༠༢ འདས་གྲོངས་གྱུར་ཡོད་པ་དང་། མི་གྲངས་ ༢༡༣༨༦ ལྷག་དྲག་སྐྱེད་བྱུང་བ་དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༥༦༣༠ ཆགས་ཀྱི་འདུགགཞན་ཡང་རྒྱ་བལ་གཉིས་ཀྱི་བོད་མིའི་འདུ་སྡོད་ཁག་ཏུ་མཚོན་པ་ཡིན་ན་གཟའ་འཁོར་འདིའི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་  ༡༣༤ དང་ ༣ འདས་གྲོངས་སུ་ཕྱིན་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༣ སྤེལ་བའི་ཐོག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ཀྱི་ས་ཁུལ་ཁྲོད་བོད་མི་ ༡༣༤ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་རྒྱ་གར་ནས་བོད་མི་ ༡༢༥ དང་བལ་ཡུལ་ཁུལ་ནས་ ༩  དེ་བཞིན་ནད་ཡམས་དེའི་རྐྱེན་གྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་སྐྱེས་པ་རང་ལོ་ ༨༥ ལ་སོན་པ་དང་ལ་དྭགས་ཁུལ་ནས་སྐྱེས་པ་རང་ལོ་ ༦༨ དང་ ༧༨ ལ་སོན་པ་གཉིས་བཅས་བོད་མི་གསུམ་འདས་གྲོངས་སུ་གྱུར་ཡོད་པ་གསུངས་སོང་།སྨན་པ་མཚམས་གཅོད་ལགས་ཀྱིས་སྤྱིར་གཟའ་འཁོར་འདིའི་ནང་གཉན་རིམས་ཕོག་མཁན་རྣམས་ཀྱི་གནས་སྟངས་ཆེས་ཛ་དྲག་ཆེ་བའི་ངལ་བ་མེད་ཀྱང་། བདུན་ཕྲག་འདིར་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཏོག་ཙམ་འཕར་ ཡོད་སྟབས་མང་ཚོགས་ཚོས་ངེས་པར་དུ་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་གནང་སྐྱོང་ཡོང་བའི་གཞེན་སྐུལ་གནང་ཡོད།གཞི་རྩའི་ད་བར་རྒྱ་བལ་གཉིས་ནང་བཙན་བྱོལ་བོད་མིའི་ཁྲོད་བོད་མི་ ༡༡༦༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ ༧༧༢ དྲག་སྐྱེད་དང་ ༢༦ འདས་གྲོངས་སུ་གྱུར་ཡོད། ད་ཆར་ནད་ཀྱིས་མནར་བཞིན་པ་ ༣༦༧ ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཨ་རིའི་བདམས་ཐོན་གྱི་སྲིད་འཛིན་ལ་འཚམས་འཕྲིན་སྩལ་བ།

དེ་རིང་རེས་གཟའ་ཉི་མའི་ཞོགས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཨ་རིའི་མང་གཙོ་ཚོགས་པའི་འོས་མི་སྐུ་ཞབས་ Joseph Robinette Biden Jr མཆོག་འདི་ལོའི་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དྲྭ་ཐོག་བརྒྱུད་ནས་འཚམས་འཕྲིན་ཞིག་སྩལ་ཏེ། བདམས་ཐོན་སྲིད་འཛིན་མཆོག་གིས་མི་མང་གི་མངོན་འདོད་སྒྲུབ་རྒྱུའི་བྱ་བཞག་དང་ཞི་བདེ། འཆམ་མཐུན་སྐྲུན་རྒྱུར་འགེག་བར་ཆད་མེད་པར་བྱ་བཞག་ལམ་ལྷོང་ཡོང་བའི་སྨོན་འདུན་དང་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་དུས་རྒྱུན་ནས་ཨ་རིའི་རང་དབང་དང་མང་གཙོ། དེ་བཞིན་ཆོས་ལུགས་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་བཅས་ལ་ཡི་རངས་གནང་མཁན་ཞིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱིས་ཨ་རིའི་མང་གཙོའི་ཕུགས་བསམ་དང་དབུ་ཁྲིད་ལ་རེ་བ་ཆེན་པོ་བཅོལ་བཞིན་ཡོད་སྐོར་བཀའ་འབྲེལ་དང་བསྦྲགས། དམིགས་བསལ་གྱི་དཀའ་སྡུག་ཆེ་བའི་དེང་གི་དུས་འདིར་སྲིད་འཛིན་མཆོག་གི་དབུ་ཁྲིད་ཀྱི་ལམ་ནས་མི་མང་གི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཞིང་དྲང་བདེན་མ་ཡིན་པའི་གནས་ཚུལ་ཡོད་ཚད་ཞི་འཇགས་བྱུང་སྟེ་ཞི་བདེ་རང་བཞིན་གྱི་གོ་ལ་ཞིག་བསྐྲུན་རྒྱུ་དང་དེང་དུས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་སོགས་ལ་ཕན་ནུས་ཐོན་པར་ཐུགས་རེ་ཡོད་སྐོར་བཀའ་སྩལ་བར་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཇོ་བྷ་ཌན་མཆོག་མས་ལྕམ་སྐུ་ Kamala Harris མཆོག་སྲིད་འཛིན་གཞོན་པར་བདམས་པར་བསྔགས་བརྗོད་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་བྱ་བཞག་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཙན་བྱོལ་ནང་གི་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་མགོན་པོ་མཆོག་གིས་རྩ་ཆེ་བའི་དུས་ཚོད་ཡོངས་རྫོགས་འགྲོ་བ་མིའི་གཅིག་གྱུར་གྱི་རིན་ཐང་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། འཚེ་མེད་ཞི་བའི་རྩ་འཛིན་དང་སྙིང་རྗེ་སོགས་གོང་འཕེལ་སླད་དུ་དགོངས་བཞེས་མཛད་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག གནད་དོན་དེ་དག་ནི་དེང་གི་འཛམ་གླིང་འདིའི་ནང་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད་པར་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་བདམས་ཐོན་བྱུང་བའི་སྲིད་འཛིན་མཆོག་གིས་སྔོན་ཆད་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་བར་མ་ཟད། འདི་ལོའི་སྤྱི་ཟླ་བཅུ་བའི་ནང་གི་བསྒྲགས་གཏམ་གྱི་ནང་དུ་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་འཁོད་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་སྟེ་ཨ་རིའི་མི་མང་སྤྱི་དང་དེ་བཞིན་བཀུར་འོས་ཀྱི་སྲིད་འཛིན་རྣམས་ཀྱིས་ཀྱང་དུས་ཡུན་རིང་པོར་ཞི་བདེ་དང་འཚེ་མེད་རང་བཞིན་གྱི་བྱམས་བརྩེ་བཅས་གཞི་རྩར་བཟུང་བའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་ཡོང་བར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཡོད་པ་ནི་བོད་མི་ཡོངས་ཀྱི་བསོད་སྐལ་ཡིན་པ་དང་། རིག་གནས་དེ་ནི་འཛམ་གླིང་ཡོངས་ལ་ཕན་རླབས་སྐྲུན་རྒྱུའི་ནུས་པ་ཡོད་པ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་མཛད་ནས་སླར་ཡང་ཨ་རིའི་བོད་དོན་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚབ་ཞུས་ཏེ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་ལ་དགའ་བསུ་འཚམས་འདྲི་གནང་བ་དང་སྦྲགས། ཨ་རི་ངོས་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་ཉེ་ལམ་སྐུ་ཞབས་བྷ་ཌན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཞལ་བཞེས་གནང་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོར་ཁྲིམས་ཀྱི་ཉེས་ཆད་བཀལ་རྒྱུ་ཡིན་པར་གསུངས་པར་དགའ་བསུ་ཞུས་པ་མ་ཟད། རིང་མིན་སྐུ་ཞབས་ཁོང་གི་དབུ་ཁྲིད་འོག་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་གཏན་འབེབས་དང་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ Kamala Harris མཆོག་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་འཚམས་འདྲི་དང་ཁོང་ད་ལན་ཨ་རིའི་ལོ་རྒྱུས་ནང་གནས་རིམ་མཐོ་ཤོས་གཉིས་པར་བདེམས་ཐོན་བྱུང་བ་བུད་མེད་ཐོག་མ་ཞིག་ཡིན་སྟབས། ཁོང་བདམས་ཐོན་བྱུང་བ་དེས་རྒྱལ་སྤྱིའི་ཆབ་སྲིད་དང་འགོ་ཁྲིད་ཀྱི་ཁྲོད་བུད་མེད་སྤྱི་ཡོངས་ལ་དུས་རབས་གསར་པ་ཞིག་སྐྲུན་ཡོད་པ་མ་ཟད། ལྕམ་སྐུ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། དེ་བཞིན་གནམ་གཤིས་འགྱུར་ལྡོག་སླད་ཕྱག་ལས་གནང་སྐབས་བོད་དོན་གླེང་སློང་དང་ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་འདུན་ཞུས་གནང་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་ཇོ་བྷ་ཌན་མཆོག་དང་ལྕམ་སྐུ་ Kamala Harris མཆོག་རྣམ་གཉིས་ལ་འཚམས་འདྲི་དང་སྦྲགས། ཨ་རི་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐད་བསྟུད་མར་རྒྱབ་སྐྱོར་གནང་བར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་སྟབས་བོད་ཀྱི་གནད་དོན་སེལ་བར་ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་དུ་ཞི་བའི་གྲོས་མོལ་ཡོང་ཐབས་སུ་ནུས་པ་གང་ཐུབ་འདོན་ཀྱང་ད་བར་རྒྱ་གཞུང་ཕྱོགས་ནས་བཟང་ལན་གང་ཡང་བྱུང་མེད་པར་བརྟེན་ད་ལན་སྐུ་ཞབས་བྷ་ཌན་མཆོག་གིས་དབུ་ཁྲིད་འོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་རོགས་འདེགས་གནང་བ་དང་ཕྱོགས་མཚུངས། སྐུ་ཞབས་བྷ་ཌན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཞལ་བཞེས་གནང་བ་བཞིན་དེ་ལྟར་གནང་རྒྱུར་རེ་བ་ཡོད་པ་གསུངས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་བདེམས་ཐོན་བྱུང་བར་ཨ་རིའི་མངའ་སྡེ་ཆེ་ཆུང་ལ་གཞིགས་ཏེ་འདེམས་འཐུས་ལྷན་ཚོགས་ཁྱོན་ ༥༣༨ ཡོད་པའི་ཁོངས་ནས་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༧༠ ཐོབ་དགོས་པ་དང་། ད་ལན་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་དེའི་ཁྲོད་སྐུ་ཞབས་ Donald Trump མཆོག་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༡༤ དང་སྐུ་ཞབས་་བྷ་ཌན་མཆོག་ལ་འོས་ཤོག་ ༢༩༠ ཐོབ་པའི་ཐོག་སྐུ་ཞབས་་བྷ་ཌན་མཆོག་ཨ་རིའི་སྲིད་འཛིན་ཐེངས་ ༤༦ པར་འདེམས་ཐོན་བྱུང་ཡོད་པ་རེད།

སུ་ཇཱ་དང་ཅོན་ཏཱ་ར་བོད་ཁྱིམ་གྱི་དགེ་ལས་སློབ་མ་མང་དག་ཅིག་ལ་གཉན་རིམས་ཕོག་ཀྱང་ཛ་དྲག་གི་ངལ་བ་མེད་པ།

སུ་ཇཱ་བོད་ཁྱིམ་དང་ཅོན་ཏཱ་ར་བོད་ཁྱིམ་གཉིས་ཀྱི་དགེ་ལས་སློབ་ཕྲུག་ཁྱོན་ ༡༠༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་སྟངས་བྱུང་ཡོད་ཀྱང་ད་ལྟའི་ཆར་དམིགས་བསལ་གྱི་ངལ་བ་གང་ཡང་མེད་པ་རེད་འདུགརྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གིས་ལམ་སྟོན་གནང་དོན་ལྟར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་སློབ་རྣམས་ཟླ་ ༡༠ ཚེས་ ༢༦ ནས་ ༣༡ ནང་རིམ་པར་འབྱོར་ཡོད་པ་བཞིན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ས་གནས་ཁག་ཉི་ཤུ་རྩ་ལྷག་ནས་འབྱོར་བའི་ཁྱོན་དགེ་ལས་སློབ་ཕྲུག་༢༤༠ ལྷག་ཙམ་ལ་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ Joginder Nagar གྱི་སྨན་ཁང་དུ་བརྟག་དཔྱད་གནང་འབྲས་སུ་སློབ་ཕྲུག་ ༧༤ དང་ལས་བྱེད་ ༢༥ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད་འདུག དེ་བཞིན་ཅོན་ཏཱ་ར་བོད་ཕྲུག་ཁྱིམ་སྡེ་ནང་ཁྱོན་དགེ་ལས་ ༡༣ དང་སློབ་ཕྲུག་ ༨༡ ལ་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ Joginder Nagar གྱི་སྨན་ཁང་དུ་བརྟག་དཔྱད་གནང་འབྲས་སུ་སློབ་ཕྲུག་ ༤ དང་ལས་བྱེད་ ༢ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད་འདུག ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གིས་ནད་རྟགས་ཡོད་པའི་གྲངས་འབོར་ཕོན་ཆེར་བརྗོད་བཞིན་པ་དེ་ནི་དངོས་འབྲེལ་ཞིག་མིན་པར་འགྲེལ་བརྗོད་གནང་སོང་།རླུང་འཕྲིན་ཁང་གི་གསར་འགོད་པ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ལ་ཆེད་བཅར་གྱིས་ཡན་ལག་སློབ་གྲྭ་གཞན་རྣམས་ཀྱི་གནས་སྟངས་རྒྱུས་ལོན་དང་འབྲེལ་ཟུར་བཀག་ལ་ཡོད་པའི་དགེ་ལས་སློབ་མ་རྣམས་ལ་མཐུན་རྐྱེན་ཇི་ལྟར་སྐྲུན་ཡོད་མེད་སོགས་ཀྱི་གནས་སྟངས་ཤེས་རྟོགས་སླད་དུ་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་གས་སུ་བཅར་འདྲི་ཞུས་པར་སྦེལ་ཀོབ་བོད་ཁྱིམ་ཕུད་གཞན་ཡན་ལག་སློབ་གྲྭ་ཁག་གི་ནང་ཁྱོན་སློབ་ཕྲུག ༥༨༥ འབྱོར་ཡོད་པ་དང་། སེ་ལ་ཀུཡི་བོད་ཁྱིམ་ནང་སློབ་ཕྲུག་བཞི་བཅུ་ཞེ་གྲངས་ཙམ་འབྱོར་ཡོད་པ་དང་དེ་དག་ཚང་མར་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མེད་པ་དང་། གོ་པྰལ་པུར་བོད་ཁྱིམ་ནས་སློབ་ཕྲུག་བདུན་ཅུ་དོན་གྲངས་ཤིག་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མེད་པ་རེད་འདུག དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནང་ཁྱོན་སློབ་ཕྲུག ༩༢ ལ་དེ་རིང་སྔ་དྲོ་བརྟག་དཔྱད་གནང་ནས་ཉིན་ཤས་ཀྱི་རྗེས་སུ་གྲུབ་འབྲས་འཐོན་རྒྱུ་ཡིན་པ་དང་། དྷ་ཤོད་བོད་ཁྱིམ་ནང་སློབ་ཕྲུག་བཅུ་གྲངས་ལས་འབྱོར་མེདཔ་དང་ཁོང་རྣམ་པ་ཉིན་ཤས་རྗེས་སུ་བརྟག་དཔྱད་གནང་རྒྱུ་ཡིན་པར་ངོ་སྤྲོད་གནང་སོང་།

དྷ་ས་ནས་རྣ་ཐོས་ལ་བར་རང་དབང་འཐབ་རྩོད་ཀྱི་གོམ་བགྲོད་དབུ་འཛུགས།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དམ་དྲག་སྔར་ལྷག་བྱེད་བཞིན་པའི་གནས་སྟངས་ཁྲོད་བྱེས་བཞུགས་བོད་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་གཅིག་རྗེས་གཉིས་མཐུད་ཐོག་ནས་རྒྱ་གཞུང་གི་བྱེད་ཕྱོགས་ལ་རྣམ་པ་མི་འདྲ་སྒོ་ནས་ཞི་བའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་ལྟར། དེ་རིང་བཞུགས་སྒར་མེག་གྷན་བཞི་མདོར་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་གཙོས་པའི་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་བཞུགས་སྒར་ནས་རྣ་ཐོས་ལའི་ས་མཚམས་བར་རང་དབང་འཐབ་རྩོད་ཀྱི་གོམ་བགྲོད་དབུ་འཛུགས་གནང་སོང་།དེ་རིང་དགུང་ལོ་ ༢༩ སོན་པ་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ། དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་དབར་རྒྱ་དཀར་ནག་གཉིས་ཀྱི་རྙོག་འཛིང་གི་རྐྱེན་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མེད་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སོང་།སྐབས་དེར་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་གཙོས་པའི་གཞུང་འབྲེལ་མིན་པའི་འབྲེལ་ཡོད་ལས་བྱེད་དང་མི་མང་རྣམས་ནས་ཁོང་ལ་དཀར་གཙང་མཇལ་དར་སྒྲོན་ཏེ་ཕེབས་སྐྱེལ་ཞུས་སོང་། གསར་འགོད་པས་ཁོང་ལ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་གཞུང་གིས་བོད་ནང་ཤིང་ནགས་གཅོད་འབྲེག་དང་གཙང་པོའི་ཁ་སྒྱུར་དང་ཆུ་མཛོད་གསར་རྒྱག་སོགས་ཀྱི་ལས་འགུལ་སྤེལ་ནས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་སྟབས།  ད་ཆ་ང་ཚོའི་ངོས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་གང་ཡང་མ་གནང་ཚེ་སླད་མར་ལོ་བཅུ་དང་ བཅོ་ལྔ་སོང་མཚམས་སུ་བོད་ཀྱི་གཙང་ཆུ་དག་ལ་བརྟེན་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང་།ལྷག་དོན་ཁོང་གིས་བོད་པའི་གཞོན་སྐྱེས་མང་དག་ཡོད་པ་ཚོར་བོད་དོན་འཐབ་རྩོད་ཐད་ཕྱག་ལས་གནང་རྒྱུར་སེམས་འགུལ་ཐེབས་ཐབས་སུ་ཆེད་དམིགས་ཀྱིས་སྤེལ་བ་ཞིག་ཡིན་སྐོར་སོགས་གསུངས་ཡོད།གཞི་རྩའི་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཞི་བའི་གོམ་བགྲོད་འདིའི་ཁྲོད་ཉིན་རེར་སྤྱི་ལེ་ ༤༠ ཙམ་ཕེབས་ཐུབ་པ་གནང་རྒྱུའི་འཆར་གཞི་ཡོད་པ་དང་ཐེངས་འདིའི་ཁེར་རྐྱང་གི་ལས་འགུལ་ཁྲོད་གཞོན་ནུ་ལྷན་ཚོགས་ནས་རོགས་རམ་སོགས་གནང་བཞིན་འདུགདེའི་བར་ན་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་ཉེ་ལམ་རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་ཆགས་རྩེ་ཤང་ནས་བོད་མི་བསྟན་འཛིན་ཐར་པ་ལགས་དང་བུད་མེད་ལྷ་མོ་ཟེར་བ་གཉིས་ཕྱི་ལོག་ཏུ་དངུལ་སྒོར་སྐུར་ཡོད་པའི་ཉེས་མིང་འོག་འདི་ལོའི་ཟླ་བ་དྲུག་པའི་ནང་འཛིན་བཟུང་བྱས་པ་དང་། ལྷ་མོ་ལགས་སུ་རྒྱ་གཞུང་གི་ཉེན་རྟོག་པས་བཙོན་ཁང་དུ་གཅར་རྡུང་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་རེད།འབྲི་རུ་རྫོང་ནས་གླུ་བ་ལྷུན་འགྲུབ་གྲགས་པ་ལགས་སུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་ཀྱིས་ཞྭ་མོ་ནག་པོ་ཞེས་པའི་གླུ་གཞས་བླངས་བར་ཁ་གཡར་ནས་རྒྱ་གཞུང་གིས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་བྱུང་ཡོད་པས། ཁ་སང་ཨ་རི་གྲོང་ཁྱེར་ནིའུ་ཡོག་ནང་དུ་ས་གནས་གཞོན་ལྷན་གྱིས་གོ་སྒྲིག་གནང་སྟེ་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་རྣམས་ནས་བོད་ཀྱི་རྒྱལ་དར་དང་ལྷ་མོ་ལགས་དམ་པ་དེ་ཉིད་དང་བསྟན་འཛིན་ཐར་པ་ལགས། དེ་བཞིན་གླུ་བ་ལྷུན་གྲུབ་གྲགས་པ་ལགས་གསུམ་གྱི་སྐུ་པར་བསྣམས་ཏེ་རྒྱ་གཞུང་གིས་འབྲི་རུ་རྫོང་ནང་གི་བོད་མིར་ཚད་ལས་འདས་པའི་དམ་དྲག་བྱེད་བཞིན་པ་དང་། ད་ལྟའི་ཆར་བཙོན་འཇུག་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་ཀྱི་འབོད་སྒྲའི་འོག་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག

བོད་མི་ཞིང་འབྲོག་མང་ཚོགས་ངལ་རྩོལ་བསྒྱུར་བཀོད་སྤེལ་བཞིན་པར་ཞིབ་འཇུག་དགོས་པའི་གྲོས་ཆོད་ཆེད་འདོན།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Josh Hawley ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཞིང་འབྲོག་མང་ཚོགས་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་ནང་བཙན་ཁྲིད་དང་བོད་མི་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་མང་དག་སྤེལ་བའི་བྱ་སྤྱོད་དག་ལ་སྐྱོན་བརྗོད་ཀྱིས་ཨ་རིའི་བཟོ་ཚོང་ཁང་ནས་བོད་མི་ངལ་རྩོལ་བ་སོགས་བེད་སྤྱོད་བྱེད་མཁན་གྱི་ཚོང་ལས་ཁང་དང་འབྲེལ་ཐག་གཅོད་དགོས་པའི་གྲོས་ཆོད་ཆེད་འདོན་གནང་འདུག ཁ་སང་སྐུ་ཞབས་ Josh Hawley ལགས་ཀྱིས་གྲོས་ཚོགས་ནང་བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་དང་བོད་མིའི་ཆོས་དད་རང་དབང་རྡོག་རོལ་བཏང་བར་མ་ཟད་བོད་དེ་རྒྱ་ནག་ཅན་དུ་བཟོ་བར་སྲིད་བྱུས་སྣ་མང་སྤེལ་གྱི་ཡོད་པའི་གནད་དོན་སོགས་འགྲེལ་བརྗོད་གནང་བ་དང་། ཁོང་གིས་ད་ལན་གྲོད་ཆོད་གྲོས་འཆར་བརྒྱུད་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་ཐབས་ལ་སྐྱོན་བརྗོད་དང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་འདེམས་སྒྲུག་གནང་རྒྱུའི་བདག་དབང་དེ་བོད་མི་ཁོ་ནར་ཡོད་པ་གསུངས་འདུག དེ་བཞིན་གྲོས་ཆོད་གྲོས་ཆོད་ནང་རྒྱ་གཞུང་གིས་བོད་མི་ཞིང་འབྲོག་མང་ཚོགས་ཕོན་ཆེར་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་བཙན་ཁྲིད་ཀྱིས་ངལ་རྩོལ་བསྒྱུར་བཀོད་ཁང་དང་། རྒྱ་ནག་གི་བཟོ་གྲྭ་ཆེ་ཁག་ལ་འོར་འདྲེན་བྱས་ཡོད་པར་བརྟེན་གནད་དོན་དེའི་ཐོག་ངེས་པར་དུ་ཞིབ་འཇུག་གནང་དགོས་པ་གསུངས་འདུག  ད་དུང་ཨ་རིའི་བཟོ་ཚོང་ཁང་ནས་ཚོང་འབྲེལ་ཁྲོད་བོད་མི་གཙོས་ངལ་རྩོལ་བ་གཞན་བེད་སྤྱོད་བྱེད་བཞིན་ཡོད་མེད་ཀྱི་གནད་དོན་ཐད་ཞིབ་འཇུག་དང་། ཨ་རི་གཞུང་ནས་བོད་རྒྱ་གྲོས་མོལ་ལ་རྒྱབ་སྐྱོར་ནན་པོ་གནང་དགོས་པ་དང་ལྷག་པར་དུ་རྒྱལ་ཁབ་གཞན་ལ་རྒྱ་གཞུང་གི་བྱེད་ཕྱོགས་དག་ལ་སྐྱོན་བརྗོད་གནང་དགོས་པའི་སྐུལ་མ་གནང་དགོས་པ་གསུངས་འདུག སྐུ་ཞབས་ Hawley ལགས་ཀྱིས་གྲོས་ཆོད་ཆེད་འདོན་དང་འབྲེལ་ཏེ་རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ནས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གནང་བར་ཉེས་ཆད་ཆེད་འགེལ་གྱིས་བྲན་གཡོག་བཀོལ་སྤྱོད་ཐོག་ངལ་རྩོལ་ལ་བཙན་ཁྲིད་བྱེད་བཞིན་ཡོད་པ་དང་ད་ལན་རྒྱ་གཞུང་གི་བྱེད་བབ་དེ་ནི་རྒྱ་ནག་རང་གི་ལྟ་གྲུབ་དེ་དག་གང་ཟག་གཞན་ལ་དབང་ཤེད་ཀྱི་ཐོག་ནས་བཙན་བཀའ་གཏང་ཕྱིར་སྲིད་བྱུས་ཇི་ལྟར་འཛིན་པའི་དཔེ་མཚོན་གསར་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། ཨ་རིའི་ཚོང་ལས་ཁང་ནས་དེ་འབྲེལ་རྒྱ་ནག་གི་བཟོ་ལས་ཁང་དང་ངན་པ་ལག་སྦྲེལ་མཚམས་འཇོག་དང་། རྒྱ་གཞུང་ནས་བྱ་སྤྱོད་དེའི་རིགས་འགན་ཁུར་བཅུག་དགོས་ཞེས་གསུངས་འདུག སྐུ་ཞབས་ Hawley ལགས་ཀྱིས་བོད་དོན་གྲོས་ཆོད་འདོན་སྤེལ་གནང་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དགའ་བསུ་ཞུས་འདུག་པ་མ་ཟད། བོད་མི་མང་སྤྱི་འཐུས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་གཞུང་གིས་བོད་འདི་རྒྱ་ནག་རང་བཞིན་ཅན་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་རྒྱུར་དམིགས་འབེན་བཟུང་ཡོད་ཀྱང་། བོད་མི་རྣམས་ནས་ད་བར་དྲག་གནོན་གྱི་སྲིད་བྱུས་ལ་ལྟོས་མེད་མུ་མཐུད་བོད་དོན་འཐབ་རྩོད་གནང་བཞིན་ཡོད་སྟབས་ད་ཆ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ནས་ཀྱང་ད་ལན་སྐུ་ཞབས་ Hawley ལགས་ཀྱིས་བོད་མིར་རྒྱབ་སྐྱོར་སླད་བོད་དོན་གྲོས་ཆོད་གྲོས་འཆར་ཆེད་འདོན་གནང་བ་ལྟར་དེ་མཚུངས་ཀྱིས་གྲོས་ཆོད་གཏན་འབེབས་གནང་དགོས་པ་དང་ཆབས་ཅིག རྒྱ་ནག་དང་མཉམ་དུ་ངན་པ་ལག་སྦྲེལ་བྱེད་མཁན་གྱི་བཟོ་ཚོང་ཁང་རྣམས་ལ་ངེས་པར་དུ་འགན་ཁུར་བཅུག་དགོས་པའི་གཞེན་སྐུལ་གནང་འདུག གཞི་རྩའི་ད་རེས་གྲོས་ཆོད་འདོན་སྤེལ་གནང་མཁན་ཁོངས་སུ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Thom Tillis ལགས་དང་།  Ted Cruz ལགས།  Marsha Blackburn ལགས།  Tim Scott ལགས།  Mike Braun ལགས།  Todd Young ལགས།  དེ་བཞིན་Kelly Loeffler ལགས།  Bill Cassidy ལགས།  Martha McSally ལགས།  James Lankford ལགས་བཅས་ཡོད་པ་རེད།

ཧོང་ཀོང་གི་ལས་འགུལ་བ་བཅིུས་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་བ།

བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་པའི་ཁུལ་དེའི་ལས་འགུལ་བ་ ༡༢ འཛིན་བཟུང་གིས་ད་བར་རྒྱ་ནག་སྐམ་སའི་ནང་བཀག་སྐྱིལ་བྱེད་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། ཁོང་རྣམ་པ་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་སོང་།དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་མེག་ལོཊ་གྷན་ཇའི་བཞི་མདོའི་སྲང་ལམ་དུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་སྟེ་འདི་ལོའི་ཕྱི་ཟླ་ ༨ པའི་ནང་རང་ལོ་ ༡༦ ནས་ ༣༠ བར་གྱི་ཧོང་ཀོང་གི་ལས་འགུལ་བ་ ༡༢ ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ད་བར་རྒྱ་ནག་སྐམ་སའི་ནང་བཀག་སྐྱིལ་བྱེད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་སྦྲགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཧོང་ཀོང་གི་ལས་འགུལ་བ་བཅིུས་དང་ལྷན་དུ་ཡོད་ཅེས་གསུངས་པར་མ་ཟད། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཧོང་ཀོང་གི་ལས་འགུལ་བ་བཅིུས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་སོང་།རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་དུང་རྒྱ་ནག་དམར་ཤོག་གཞུང་དང་ཧོང་ཀོང་གི་གཞུང་འཛིན་པ་གཉིས་ངལ་པ་ལག་སྦྲེལ་གྱི་སྒོ་ནས་ཧོང་ཀོང་གི་ལས་འགུལ་བ་དེ་དག་འཛིན་བཟུང་བྱས་པའི་གནས་སྟངས་ཤིག་ཆགས་ཡོད་པར་ངོ་སྤྲོད་གནང་བ་དང་། དོན་རྐྱེན་དེའི་ཁྲོད་བློ་འཚབ་གནང་དོན་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ལས་འགུལ་བ་བཅིུས་དེའི་ཁྲོད་ལོ་ན་ཆུང་ཤོས་དེ་ལོ་ངོ་ ༡༦ ལ་སོན་པའི་གཞོན་སྐྱེས་ཤིག་ཆགས་ཀྱི་ཡོད་སྟབས། བོད་རང་བཙན་སློབ་ཕྲུག་གིས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཁོ་ན་ཙམ་མིན་པར་ཁོང་རྣམ་པའི་མཉམ་དུ་ཡོད་པ་མཚོན་ཕྱིར་ལས་འགུལ་དེ་ལྟར་སྤེལ་སྐོར་གསུངས་སོང་།གཞི་རྩའི་ཉེ་ལམ་ཧོང་ཀོང་གི་ལས་འགུལ་བ་ ༡༢ འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། ཨ་རི། མེཀ་སི་ཀོ། བྷར་ཛིལ། ཌེན་མག ནོར་ཝེ། སུད་ཌེན།  ཨོ་སི་ཀྲི་ཡ། དེ་བཞིན་ཉི་ཧོང་སོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་བརྒྱ་སྐྱོར་ཞིག་གིས་མཚན་རྟགས་བཀོད་པའི་སྒོ་ནས་མཉམ་རུབ་ཀྱི་ཞུ་གཏུག་ལས་འགུལ་ཞིག་སྤེལ་ཡོད་པ་རེད།  སྐབས་དེར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གིས་རྒྱ་གཞུང་གིས་ཁོང་རྣམ་པ་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་འདོན་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་གནོན་ཤུགས་འཕར་མ་སྤྲོད་དགོས་པ་དང་དོན་དམ་གྱི་ལག་བསྟར་གྱི་ཐོག་ནས་ཧོང་ཀོང་མང་ཚོགས་ཀྱི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་མངོན་གསལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

 བོད་དོན་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་འབྱོར་བར་སྤྱི་ལེ་ ༩༥ ཡོད་པའི་ས་ཚིགས་པཱ་ཎི་པཱཏ་ཏུ་འབྱོར་འདུག

མ་ནཱ་ལི་ནས་དབུ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་བོད་ནང་གི་དངོས་ཡོད་གནས་ཚུལ་དང་བོད་དོན་དང་འབྲེལ་བའི་དོན་གནད་གསུམ་གྱི་དགོས་འདུན་བརྒྱུད་བསྒྲགས་འོག་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་དང་བླངས་པ་གསུམ་པོ་དེ་རིང་ཕྱི་ཚེས་ ༦ ཉིན་རྒྱལ་ས་ལྡི་ལིར་འབྱོར་བར་སྤྱི་ལེ་ ༩༥ ཡོད་པའི་ས་ཚིགས་པཱ་ཎི་པཱཏ་ཏུ་འབྱོར་འདུགདེའང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་རང་ལོ་ ༤༧ སོན་པ་ཚེ་རིང་དོན་གྲུབ་ལགས་དང་ ༤༥ སོན་པ་ཚེ་རིང་དབང་འདུས་ལགས། དེ་བཞིན་ ༦༥ ལ་སོན་པ་པཱ་ཆུང་བདག་ལགས་གསུམ་གྱིས་མ་ནཱ་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། དེ་དག་གི་ཁོངས་ནས་པཱ་ཆུང་བདག་ལགས་མ་ནཱ་ལི་ནས་སྤྱིལེ་ ༡༣༠ ཙམ་གྱི་ས་ཚིགས་ཤིག་ཏུ་འབྱོར་སྐབས་ལྷམ་བདེ་མིན་གྱི་རྐྱེན་གྱིས་ཞབས་ལ་ཆུ་ལྒང་ཐོན་པར་བརྟེན་གོམ་བགྲོད་ལ་ཞུགས་མ་ཐུབ་པར་སྨན་བཅོས་གནང་ཡང་དེར་དྲག་སྐྱེད་མ་བྱུང་སྟབས་ཁོང་སླར་ཡང་ཕྱིར་རང་གི་གཟིམ་ཤག་ཏུ་ཕེབས་དགོས་བྱུང་ཡོད་པ་རེད།གོམ་བགྲོད་པ་རྣམས་ཀྱིས་རྒྱ་གར་གྱི་ས་གནས་ས་ཐོག་ཏུ་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དུ་འཇུག་དགོས་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གི་དགོངས་དོན་འོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློག་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བརྒྱུད་བསྒྲགས་གནང་སྟེ་ཉིན་མ་རེ་ལ་སྤྱི་ལེ་ ༣༠ ནས་ ༤༠ བར་གོམ་བགྲོད་གནང་སྟེ་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཙམ་ལ་རྒྱལ་ས་ལྡི་ལིར་འབྱོར་གྱི་ཡོད་པ་དང་། ལྷག་དོན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་དགོས་འདུན་ཁག་འགྲེམས་སྤེལ་དང་ཞི་བའི་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་འཆར་ཡོད་པ་རེད།རླུང་འཕྲིན་ཁང་ནས་དེ་རིང་སྔ་དྲོ་ལས་འགུལ་གྱི་སྣེ་ཁྲིད་གནང་མཁན་ཚེ་རིང་དོན་གྲུབ་ལགས་སུ་ཞལ་པར་བརྒྱུད་ས་གནས་ས་ཐོག་གི་བོད་མི་ཚོས་སྣེ་ལེན་ཞུ་ཕྱོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་བོད་མི་ཚོས་སྣེ་ལེན་གང་གཟབ་ཞུས་པ་མ་ཟད་ལས་འགུལ་སྤེལ་བར་བསྔགས་བརྗོད་གནང་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གི་ས་གནས་ས་ཐོག་ཏུ་བཞུགས་པའི་བོད་མི་ཚོས་རྒྱབ་སྐྱོར་དང་སྣེ་ལེན་གང་ལེགས་གནང་ཡོད་སྟབས་རང་ཉིད་ཀྱི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགུལ་འདི་འདྲ་སྤེལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ས་གནས་ཆེ་ཁག་ཏུ་འབྱོར་རིམ་བཞིན་རྒྱ་གར་མང་ཚོགས་ཁྲོད་ནས་ཀྱང་གཟིགས་ཚུལ་ལེགས་པོ་ཡོད་སྐོར་ངོ་སྤྲོད་གནང་སོང་།ཁོང་གིས་གོམ་བགྲོད་ཁྲོད་དགུང་ལོ་ ༦༥ སོན་པའི་པྰ་ཆུང་བདག་ལགས་ཀྱི་ཞབས་ལ་ཆུ་ལྒང་ཐོན་རྐྱེན་གནས་སྐབས་སུ་གོམ་བགྲོད་ལ་ཞུགས་མ་ཐུབ་པར་སྨན་བཅོས་གནང་མུས་ཡིན་པ་དང་། ཁོང་གི་ཞབས་དྲག་སྐྱེད་བྱུང་མ་ཐག་ཏུ་མུ་མཐུད་གོམ་བགྲོད་ལ་ཕེབས་ངེས་ཡིན་སྐོར་གསུངས་ཡོད།ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་རྣམས་ལ་དུས་ནམ་ཡང་སེམས་ཤུགས་ཆགས་རྒྱུ་མེད་པའི་གཞེན་སྐུལ་དེ་ལྟར་གནང་སོང་།དེ་བཞིན་པྰ་ཆུང་བདག་ལགས་ཀྱི་ཚབ་ཏུ་ཅན་ཌི་གྷར་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པ་བསྟན་འཛིན་ཉི་མ་ལགས་སུ་ཁོང་ལས་འགུལ་ཁོངས་དེར་ཞུགས་དོན་གང་ཡིན་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཆུང་དུས་ནས་བོད་དོན་ཐོག་ལ་སེམས་ཤུགས་དམིགས་བསལ་ཞིག་ཡོད་པ་ལྟར་ད་རེས་དངོས་སུ་མཉམ་ཞུགས་གནང་སྐོར་གསུངས་སོང་། རྩ་བའི་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲག་དུས་སྐབས་སུ་མང་ཚོགས་འདུ་འཛོམས་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཁག་པོ་ཡིན་སྟབས། འདས་པའི་དུས་སུ་ཁེ་ན་ཊ་དང་སུད་སི། དབྱིན་ཡུལ། ཨ་རི། ཨོ་སི་ཀྲོ་ལི་ཡ། ཧྥ་རན་སུ་སོགས་སུ་བོད་མི་ཁག་ཅིག་གིས་གོམ་བགྲོད་དང་། རྐང་འཁོར་སྐོར་སྐྱོད། དེ་བཞིན་རྒྱང་སྐྱོད་སོགས་བརྒྱུད་དེ་བོད་དོན་ལས་འགུལ་སྤེལ་ཡོད་པ་རེད།

Latest news