Tibetan Royal Year of 2151 | Year of the Wood Dragon

Uncategorized

ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བར་འཇམ་པའི་དབྱངས་སྒྲུབ་དགོས་ཞེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བར་འཇམ་པའི་དབྱངས་སྒྲུབ་དགོས་ཞེས་བཀའ་བསྩལ་ཏེ། ཉིན་བཞིའི་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་གསུམ་གྱི་རིང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་ཚོགས་སྟོང་ཕྲག་བརྒལ་བར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་༸རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་དངོས་གཞི་དབུ་འཛུགས་མ་བསྩལ་གོང་། ཆོས་ཞུ་བ་ཚོར་བྱང་སྡོམ་འབོག་ཆོག་གནང་བ་དང་ཆབས་ཅིག་ཏུ་ཐོག་མར་རང་ཉིད་སྒོ་གསུམ་གྱི་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་དེ་དག་བཤག་དགོས་པ་དང་སེམས་ཅན་ཐམས་ཅད་སོ་སོའི་གཉེན་དུ་བལྟ་ཐུབ་ཚེ་གང་སྣང་བ་ཀུན་གཉེན་དུ་ཤར་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་༸སྐུ་སྒེར་གྱི་མྱོང་བ་དང་སྦྱར་ནས་གསུངས་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་དེ་༸རྗེ་བཙུན་འཇམ་དཔལ་དབྱངས་ཡིན་པ་ལྟར་༸གང་ཉིད་༸རྗེ་བཙུན་འཇམ་དཔལ་དབྱངས་དང་སེམས་ཐག་ཉེས་པོ་ཡོད་པ་དང་། ༸གང་ཉིད་མཆོག་སྐུ་ན་ཆུང་དུས་ནས་འཇམ་དབྱངས་ཀྱི་གཟུངས་སྔགས་འདོན་གྱི་ཡོད་པ་མ་ཟད། ང་ཚོ་འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་སྟབས། ཤེས་རབ་དེ་འཕེལ་བར་ཚང་མས་ངེས་པར་དུ་འཇམ་པའི་དབྱངས་སྒྲུབ་དགོས་ཞེས་བཀའ་བསྩལ་འདུག ལྷག་དོན་༸གང་ཉིད་མཆོག་གིས་བོད་གངས་ཅན་ལྗོངས་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་རྣམས་ནས་ཆོས་ལ་དད་པ་བྱེད་པ་ཁོ་ན་ལས་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་དད་ལྡན་མང་ཚོགས་ལ་དབུ་མ་སྙིང་པོའི་བཀའ་ཆོས་བཀའ་དྲིན་བསྩལ་བ་འདི་ནི་རྒྱལ་རོང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་གར་གཙོས་པའི་རྒྱལ་ཁབ་མི་འདྲ་བ་ ༥༨ ནས་ཁྱོན་ཆོས་ཞུ་བ་ ༧༠༠༠ ལྷག་ཆེད་བཅར་གནང་ཡོད་པ་རེད།

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས།

འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་ཞུ་ལ་ཉེ་བ་དང་སྟབས་བསྟུན། ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་འདུག བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཐེ་ཝན་གྱི་རྒྱལ་ས་ Taipei ནང་གི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེད་མོས་ཚལ་ནས་དབུ་འཛུགས་ཀྱིས་ཐེ་ཝན་གྲོས་ཚོགས་བར་བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་དང། ལས་འགུལ་དེའི་ཐོག་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ Mei Lin གཉིས་ནས་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུགསྐབས་དེར་ཐེ་ཝན་གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱིས་ཐེ་ཝན་གཞུང་མང་གཉིས་ནས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ཐོག་ཆེས་སྡུག་རྩུབ་དང་བཙན་དབང་ཐོག་ནས་སྲིད་བྱུས་སྤེལ་བཞིན་པ་ཁག་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུ་མེད་སྐོར་སོགས་གསུངས་འདུག ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཐེ་ཝན་སྡེ་ཚན་གྱི་འཛིན་སྐྱོང་ཚོགས་མི་སྐུ་ཞབས་བཀྲིས་ཚེ་རིང་ལགས་ཀྱིས་དེ་རིང་ལས་འགུལ་སྤེལ་བ་དང་བསྟུན། ཐེ་ཝན་གཞུང་མང་གཉིས་ལ་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་ནམ་གནང་སྐབས་བོད་ཀྱི་གནད་དོན་དེ་སེམས་ལ་འཇོག་དགོས་པར་འབོད་སྐུལ་ཞུས་ཡོད་པ་དང་། ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་གྱི་འགན་འཛིན་དང་བོད་མིས་གཙོས་པའི་ཁྱོན་མི་གྲངས་ ༡༥ ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ལས་འགུལ་དེར་ཐེ་ཝན་གཞོན་སྐྱེས་ཚོའི་ཁྲོད་ནས་དོ་སྣང་ཤུགས་ཆེ་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།ལྷག་དོན་ཁོང་གིས་བོད་མི་ཚོས་རང་དབང་སྒེར་ལངས་གནང་ནས་ད་བར་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁྱད་པར་བ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ནས་ཉིན་དེར་རང་ནུས་གང་ལྕོགས་ཀྱིས་ལས་འགུལ་སྤེལ་དགོས་པར་རེ་སྐུལ་ཡང་གནང་ཡོད། གཞི་རྩའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གི་ངོས་ནས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་གྱི་སྔོན་ཚུད་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེ་སྤེལ་གནང་གི་ཡོད་པ་རེད།འདི་ལོའི་ལས་འགུལ་དེ་དེ་རིང་ཟླ་ ༡ ཚེས་ ༢༣ སྟེ་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་ནས་དབུ་འཛུགས་ཀྱིས་ཟླ་ ༣ ཚེས་ ༡༠ བར་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག

རྡོར་སེམས་གསུམ་དང་འོད་ཆོག་གཅིག་གི་ཆོ་ག་གསུང་འདོན་ཐོག་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་ ༦༤ ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་གྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་ལྟར། ཁ་སང་བོད་ཟླ་༡༡ ཚེས་ ༡༨ དང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་དང་སྟབས་བསྟུན་རིན་པོ་ཆེ་དམ་པ་དེ་ཉིད་ནས་དེ་སྔ་ཟླ་བ་དགུ་ཙམ་རིང་སྐུ་མཚམས་བཞུགས་གནས་བལ་ཡུལ་ཡང་ལེ་ཤོད་ཀྱི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་རི་ཁྲོད་དུ་སྐུ་གདུང་ཞུགས་འབུལ་གནང་འདུག ཆེད་དུ་བཅར་བའི་རྙིང་མའི་ཆོས་བརྒྱུད་ཀྱི་མ་དགོན་ཆེ་ཁག་དྲུག་ལས་མ་དགོན་བཞི་ནས་ཕེབས་པའི་༸སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག ཞེ་ཆེན་མཆོག་སྤྲུལ་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་མཆོག་གིས་གཙོས་པའི་མ་དགོན་གཞན་གཉིས་ཀྱི་འཐུས་ཚབ། རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། དེ་བཞིན་བོད་ཕྱི་ནང་གཉིས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁྱོན་ ༣༠༠ ལྷག་ཙམ་འདུ་འཛོམས་ཀྱིས་ཕྱག་ལ་མཇལ་དར་བསྣམས་པ་དང་། དེ་བཞིན་དུང་རྒྱ་གླིང་གིས་སྔོན་བསུས་ཏེ་བལ་ཡུལ་སྔ་འགྱུར་ཨ་འཛོམས་ཀ་ཐོག་དགོན་ནས་ཡང་ལེ་ཤོད་ཀྱི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་རི་ཁྲོད་དུ་སྐུ་གདུང་གདན་འདྲེན་གཟབ་རྒྱས་ཞུས་ཡོད་པ་རེད།སྐབས་དེར་ཤར་ཕྱོགས་སུ་༸སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཆོ་ག་ཀློང་གསལ་རྡོར་སེམས་ཀྱི་ཆོ་ག་དང་། ལྷོ་ཕྱོགས་སུ་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས་ཀྱི་ཆོ་ག ནུབ་ཕྱོགས་སུ་དཔལ་ཡུལ་༸སྐྱབས་རྗེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་བམ་འོད་ཆོ་ག དེ་བཞིན་བྱང་ཕྱོགས་སུ་ཞེ་ཆེན་མཆོག་སྤྲུལ་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས་ཀྱི་ཆོ་ག་བཅས་གསུང་འདོན་གནང་ཡོད་པ་རེད།རྩ་བའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་གྱིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་༸གོང་མཆོག་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་གཞག་གིས་ཁྲི་འདོན་མཛད་ཡོད་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ངོས་རང་དགེ་རྩེ་རིན་པོ་ཆེ་མཆོག་དང་སེམས་ཐག་ཉེ་བའི་ནང་ཚགས་སུ་གྱུར་ཞིང་། ངས་ཁོང་ལ་ཀུ་རེ་དང་སྦྲགས་གཟིམ་འགག་བླ་མ་ཞེས་འབོད་ཀྱི་ཡོད་ཅེས་བཀའ་གནང་བ་དང་འབྲེལ། རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་བསྟན་པ་སྤྱིའི་དོན་དུ་ཀ་ཀོར་གང་ཡང་མེད་པར་ངོས་ཀྱིས་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡོད་ཅེས་བཀའ་བསྩལ་བ་སྦྲགས། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རིན་པོ་ཆེའི་ཡང་སྲིད་མྱུར་དུ་འབྱོན་པའི་ཐུགས་སྨོན་གསོལ་འདེབས་ཤིག་ཀྱང་མཛད་ཡོད་པ་རེད།

Latest news