Tibetan Royal Year of 2151 | Year of the Wood Dragon

Uncategorized

རེས་གཟའ་ལྷག་པ། ༢༠༢༠།༠༣།༢༥

ཉན་པ།: Listen ཕབ་ལེན། Download དབྱིན་ཡུལ་ནང་ཏོག་དབྱིབས་རིམས་ནད་རྐྱེན་པས་བོད་མི་རྒན་གྲས་ཤིག་འདས་གྲོངས། རིམས་ནད་སྔོན་འགོག་སླད་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་ ༢༡ རིང་སྒོ་བརྒྱབ་པ། བཞུགས་སྒར་དུ་སྔ་དྲོ་ཚོུད་བརྒྱད་པ་ནས་བཅིུག་བར་ཟ་ཆས་དང་སྨན་སོགས་ཉོ་ཆོག་གི་འདུག རྒྱ་ནག་གི་དཔོན་རིགས་ཀྱིས་འཕྲལ་དུ་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་པའི་ཞུ་སྐུལ། སྲིད་སྐྱོང་གཙོ་གྱུར་བོད་མི་ཁག་ཅིག་གི་གཞེན་བསྐུལ། Wednesday 25/03/2020 Elderly Tibetan man dies from COVID19 in London PM Modi declares all India total lockdown for 21 days Grocery and other necessary item shops to be open from 8 to 11am Xi Jinping facing pressure from dissent in own party

དབྱིན་ཡུལ་ནང་ཏོག་དབྱིབས་རིམས་ནད་རྐྱེན་པས་བོད་མི་རྒན་གྲས་ཤིག་འདས་གྲོངས།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཁྲོད་འདིར་ཁ་སང་དབྱིན་ཡུལ་རྒྱལ་ས་ལོན་ཊན་ནང་གནས་བཞུགས་རང་ལོ་ ༨༢ ཡིན་པ་བོད་མི་ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་ཏོག་དབྱིབས་གཉན་རིམས་རྐྱེན་པས་འདས་གྲོངས་སུ་གྱུར་འདུགརྩ་བའི་ཁ་སང་དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་ལྷ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་བཅར་འདྲི་ཞུས་པར་དམ་པ་ཁོང་ཏོག་དབྱིབས་རིམས་ནད་ཕོག་རྐྱེན་སྐུ་ཚེ་མ་ཟིན་པ་ཞིག་ཡིན་མིན་ཐད་ལ་གསལ་ཁ་མེད་ལུགས་འགྲེལ་བརྗོད་གནང་ཡོད། འོན་ཀྱང་རླུང་འཕྲིན་ཁང་གིས་དེ་རིང་སླར་ཁོང་ལ་བཅར་འདྲི་ཞུས་པར་ཁོང་གིས་དམ་པ་ཁོང་ཐོག་མར་སྨན་པ་བསྟེན་གཏུག་གནང་སའི་སྨན་ཁང་ནས་ཏོག་དབྱིབས་རིམས་ནད་ཕོག་པར་ཐག་གཅོད་གནང་སྐོར་གསུངས་སོང་བར་མ་ཟད་འདས་པོ་ཁོང་ཡུན་རིང་ནས་གློ་ཚད་ཀྱི་སྐྲན་ནད་ཕོག་ཡོད་པར་ངོ་སྤྲོད་གནང་ཡོད།རྩ་བའི་ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་ལགས་དམ་པ་ཁོང་ཁ་སང་ཕྱི་ཚེས་ ༢༤ ཉིན་དབྱིན་ཡུལ་གྱི་ཐོ་རེངས་ཚོུད་ ༡།༢༥ ཐོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊན་ནང་རྟེན་གཞི་བྱས་པའི་ King’s hospital སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་ནི་ཏོག་དབྱིབས་རིམས་ནད་རྐྱེན་པས་བཙན་བྱོལ་ནང་གི་བོད་མི་གྲོངས་མཁན་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།སྤྱིར་ད་རེས་འདས་གྲོངས་སུ་གྱུར་བའི་ཀ་ཤོད་པ་འཇམ་དབྱངས་ཆོས་རྒྱལ་དམ་པ་དེ་ཉིད་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་དམ་པ་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུན་གྲུབ་ལགས་ཀྱི་བུ་ཡིན་པ་དང་། ཁོང་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་མཐོ་རིམ་དབུ་ཁྲིད་གནང་མྱོང་འདུག་པར་མ་ཟད་ཕྱི་ལོ་ ༡༩༩༡ ལོར་ཕྱི་རྒྱལ་ལ་གཞུང་འབྲེལ་གྱི་འཚམས་འདྲི་ཞིག་ཏུ་ཕེབས་སྐབས་དབྱིན་ཡུལ་དུ་སྐྱབས་བཅོལ་ཞུས་འདུག ད་བར་དམ་པ་ཁོང་དབྱིན་ཡུལ་དུ་གནས་བཞུགས་གནང་བའི་རིང་ས་གནས་སུ་རྟེན་གཞི་བྱས་པའི་བོད་གནས་ཁྱབ་སྤེལ་ཁང་དུ་ཕྱག་ལས་གནང་བ་དང་། ལོ་ཙཱ་བ། ཉམས་ཞིབ་པ། དེ་བཞིན་སློབ་སྟོན་པ་བཅས་ཀྱི་ཕྱག་ལས་གནང་མྱོང་འདུག ཁོང་གིས་དབྱིན་ཡིག་ཐོག་བོད་ས་མ་ཤོར་གོང་བོད་གཞུང་བཀའ་ཤག་ནང་བཀའ་བློན་གྱི་ཕྱག་ལས་གནང་མྱོང་མཁན་ཡབ་དམ་པ་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུན་གྲུབ་ལགས་ཀྱིས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཞབས་ཕྱི་ཞུས་པའི་ལོ་རྒྱུས་ཀྱི་ཕྱག་དེབ་ཅིག་བརྩམས་ཡོད་པ་རེད། འབྲེལ་ཡོད་སྐུ་པར་ཁག་དབུས་གཙང་ཆོལ་ཁའི་ངོ་དེབ།  

བཞུགས་སྒར་དུ་སྔ་དྲོ་ཚོུད་བརྒྱད་པ་ནས་བཅིུག་བར་ཟ་ཆས་དང་སྨན་སོགས་ཉོ་ཆོག་གི་འདུག

ཁ་སང་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གིས་ཏོག་དབྱིབས་གཉན་རིམས་དེ་ཛ་དྲག་གི་རང་བཞིན་ཆེས་ཆེར་འགྲོ་བཞིན་པར་བརྟེན་རིམས་ནད་སྔོན་འགོག་སླད་ཁ་སང་ཕྱི་དྲོ་ཚོུད་ལྔ་པ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ Total Lockdown ཞེས་མང་ཚོགས་སུ་གང་ཞིག་ཕྱིར་ཕེབས་མི་ཆོག་པར་བཀོད་ཁྱབ་བཏང་ཡོད་པ་དང་། བཞུགས་སྒར་དྷརྨ་སཱ་ལཱར་ཏོག་དབྱིབས་གཉན་རིམས་འོག་བོད་མི་ཞིག་འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བའི་ཁྲོད་འདིར་ས་གནས་སུ་མང་ཚོགས་ཀྱི་འགྲུལ་བཞུད་ལ་དམིགས་བསལ་དམ་དྲག་གནང་བཞིན་པའི་སྐབས་སུ་མང་ཚོགས་ཀྱི་ཁྲོད་ནས་ཉིན་རེའི་ཟ་ཆས་དང་སྨན་སོགས་ཉོ་བར་ཕྱིར་བསྐྱོད་ཆོག་མིན་སྐོར་ལ་དོགས་འདྲི་མང་དག་ཅིག་ཕེབས་ཀྱི་འདུགརླུང་འཕྲིན་ཁང་གིས་དྷ་སའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་དྷ་སཱའི་ཁུལ་དུ་ཕྱིར་བསྐྱོད་མི་ཆོག་པའི་ཁྲིམས་སྒྲིག་ལག་བསྟར་གནང་བའི་ཁྲོད་འདིར་མང་ཚོགས་ནས་གང་གནང་དགོས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ས་གནས་སུ་ཕྱིར་ཕེབས་མི་ཆོག་པར་དམ་དྲག་གནང་གི་ཡོད་ཀྱང་། ཟ་ཆས་རིགས་གཙོས། དེ་བཞིན་སྨན་གྱི་ཚོང་ཁང་སོགས་ཉིན་ལྟར་སྔ་དྲོ་ཚོུད་ ༨ ནས་ ༡༡ བར་སྒོ་ཕྱེ་གཏན་འཁེལ་ཡོད་པ་ལྟར། ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་བཅས་མཁོ་ཆས་ཉོ་བར་ཕྱིར་བསྐྱོད་ཆོག་གི་ཡོད་པ་དེ་ལྟར་ཡང་། ས་གནས་སུ་ཁྲིམས་གཞི་ཨང་ ༡༤༤ ལག་བསྟར་ཁྲོད་མི་བཞི་ལས་མང་བ་ས་ཚིགས་གཅིག་ཏུ་འཛོམས་ཆོག་གི་མེད་སྟབས། ཚང་མས་དགོས་ངེས་ཅན་བྱུང་ན་མ་གཏོགས་ཕྱི་ལ་མ་ཐོན་པ་དང་། ཚོང་ཁང་སོགས་སུ་མི་གཞན་དང་མི་ཊར་གཅིག་གི་རྒྱང་ཁྱད་བཞག་དགོས་པ། དེ་བཞིན་ཕྱི་ལ་ཕེབས་པའི་སྐབས་སུ་ཉིན་མང་པོར་འདང་བའི་མཁོ་ཆས་ཉོས་ནས་སླར་ཕྱིར་ཕེབས་མི་དགོས་པ་གནང་གནད་ཡིན་པའི་གཞེན་བསྐུལ་གནང་སོང་། དེ་མིན་སྨན་ཁང་རྣམས་ཡོངས་རྫོགས་སྒོ་ཕྱེ་ཡི་ཡོད་པ་དེ་ལྟར་ཡང་། ས་གནས་སུ་གཞུང་གི་ཆོག་མཆན་ཡོད་པའི་རླངས་འཁོར་ཁག་ཅིག་མ་གཏོགས་གཞན་སྒེར་གྱི་རླངས་འཁོར་གཅིག་རྐྱང་གཏོང་ཆོག་གི་མེད་སྟབས། ནད་པ་སྨན་ཁང་ལ་སྐྱེལ་རྒྱུ་དང་མི་གྲོངས་པ་སོགས་ཀྱི་གནས་སྟངས་བྱུང་ཚེ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་ས་གནས་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུགད་ལྟའི་རིམས་ནད་དེ་བྱིས་པ་རྣམས་དང་དགུང་ལོ་བགྲེས་པར་ཉེན་ཚབས་ཆེ་བ་ཆགས་ཀྱི་ཡོད་པར་བརྟེན་ཁོང་རྣམས་ཕྱི་ལ་འགྲོ་མི་དགོས་པའི་ཆེད་དུ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ཀྱིས་དང་བླངས་མི་ ༨ ཙམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེ་དག་གིས་ལོ་ན་ ༦༠ ཡན་གྱི་བོད་མི་རྣམས་ལ་རང་ཁྱིམ་དུ་ཟ་ཆས་དང་དགོས་ངེས་ཅན་གྱི་སྨན་སོགས་སྐྱེལ་གནང་གི་འདུག དེ་ལྟར་ཕྱག་རོགས་དགོས་མཁན་དགུང་ལོ་ ༦༠ ཡན་གྱི་བོད་མི་རྣམས་ནས་ཞལ་པར་ཨང་གྲངས་ ༩༨༨༢༢༧༥༥༧༩ དང་། ༩༨༨༢༦༤༦༧༨༨ དེ་བཞིན་ ༨༣༥༡༩༣༠༧༠༨ བཅས་ཀྱི་ཐོག་འབྲེལ་བ་གནང་དགོས་ཀྱི་འདུགདེའི་བར་ན་དེང་སྐབས་རྒྱ་གར་ནང་མངའ་སྡེ་ཕལ་མོ་ཆེ་ནས་འགྲུལ་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་པ་ལྟར་བོད་མི་ཁག་ཅིག་ས་གནས་གཞན་གྱི་ནང་ལུས་པའི་ངལ་བ་འཕྲད་བཞིན་ཡོད་པ་ལྟར་ཁ་སང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་གནས་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཟུར་པ་དང་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་སྐུ་ཞབས་བཀྲིས་དབང་འདུས་ལགས་ཀྱིས་བྷེང་ལོར་གྲོང་ཁྱེར་ནང་ལུས་པའི་ཕྱི་ཕྱོགས་ཀྱི་བོད་མི་རྣམས་ལ་ Himalayan Inn ཞེས་ཁོང་གི་སྐར་མ་གསུམ་ཅན་གྱི་མགྲོན་ཁང་ནང་རིན་མེད་ཐོག་བཞུགས་རྒྱུ་དང་ཞལ་ལག་བཅས་ཀྱི་མཐུན་འགྱུར་གནང་གི་འདུག ཅི་སྟེ་ཁོང་ལ་འབྲེལ་བ་གནང་དགོས་ཚེ་བོད་མི་ཚོས་ཞལ་པར་ཨང་གྲངས་ ༩༩༠༠༤༧༨༣༠༠ ཐོག་འབྲེལ་བ་གནང་གི་དགོས་ཀྱི་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༠།༠༣།༢༤

ཉན་པ།: Listen ཕབ་ལེན། Download ཁ་སང་དྷརྨ་ས་ལར་འདས་གྲོངས་སུ་གྱུར་བའི་བོད་མི་དེའི་ཕུང་པོ་ཞུགས་འབུལ་ཟིན་པ་དང་འདས་པོའི་ནང་མི་རྣམས་ཟུར་འཇོག བཞུགས་སྒར་དུ་འདས་གྲོངས་སུ་གྱུར་བའི་བོད་མི་དེ་ལྡི་ལིའི་འཛམ་བྷ་ལ་མགྲོན་ཁང་དུ་ཞུགས་པ་ར་འཕྲོད། ལྡི་ལི་ནས་ལ་དྭགས་སུ་འབྱོར་བའི་དགེ་འདུན་པར་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་མེད། བོད་རིགས་མང་ཚོགས་ནས་རྒྱ་གར་གྱི་ཡུལ་ཁྲིམས་ལ་བརྩི་སྲུང་དགོས་པའི་འབོད་སྐུལ། གླུ་གཞས་ལས་རིམ། ས་སྐྱ་འཕྲིན་ལས་སྐལ་ལྡན་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གཞས་གྲགས་ཆེ་བ་ཁག་ཅིག་ཕྱོགས་བསྒྲིགས། Tuesday 24/03/2020 Body of Tibetan COVID19 death cremated, family members under quarantine Owner and staff of hotel where deceased Tibetan stayed under observation Monk suspected of having COVID19 tests negative says Ladakh health officials Tibetans urged to abide by law in this time of crisis MUSIC FEATURE: Tibetan evergreen song mashup by Sakya Thinley Kalden

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་བདུན་འབུམ་ལྷག་གཏན་འབེབས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་སྒོར་ས་ཡ་༢༧༡༤༧༩༤༦༠༥ གཏན་འབེབས་གནང་སོང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་དང་འབྲེལ། བཙནབྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཚོགས་དུས་ ༩ པ་དེ་དེ་རིང་ནས་ཕྱི་ཚེས་ ༢༧ བར་ལས་ཉིན་བཅུའི་རིང་འཚོགས་གཏན་འཁེལ་ཡོད་ཀྱང་ད་ལྟའི་ཆར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཤུགས་ཆེ་འགྲོ་མུས་ལ་བརྟེན་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་འགྱུར་བཞིན་པ་དང་ལྷག་དོན་གནས་ཡུལ་རྒྱ་གར་ནང་དུ་རིམས་དེ་ཉིན་རེ་བཞིན་ཇེ་འཕེལ་འགྲོ་བཞིན་པར་བརྟེན་བཅའ་ཁྲིམས་ ༤༤ པའི་དགོངས་དོན་ལྟར་སྤྱི་ལྷན་རྒྱུན་ལས་དང་བཀའ་བསྡུར་གནང་མཐར་ཉིན་གྲངས་གཅིག་གི་རིང་གྲོས་ཚོགས་འཚོགས་རྒྱུ་མ་གཏོགས་དེ་མིན་ཕྱིར་བཤོལ་གནང་རྒྱུ་ཐུགས་ཐག་བཅད་ཡོད་པ་གསུངས་སོང་།དེ་རིང་སྔ་དྲོར་ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་འབྲེལ་ཏེ་མ་དངུལ་རྒྱུན་གྲོན་དང་དམིགས་བས་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་ལྷག་རེད་འདུག་པ་དང་། དེ་སྔ་ལོའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་སྔོན་རྩིས་དང་བསྡུར་ན་འདི་ལོའི་སྔོན་རྩིས་ནང་སྒོར་ས་ཡ་ ༢༠༩ ལྷག་གི་འགྲོ་གྲོན་འཕར་བ་བྱུང་འདུགའདི་ལོའི་ལོ་འཁོར་མོ་གཅིག་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འཆར་སྒྲིག་དང་དགོས་དངུལ་སྔོན་རྩིས་འཆར་འབུལ་ཞུས་པ་ལ་གཞིགས་ཚེ་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་གཉིས་སྟོང་བདུན་བརྒྱ་བཅུ་བཞི་ནས་ཁྲིམས་བཟོ་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༧།༠༢ དང་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༩།༥༥ དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༦།༡༠ སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༡༤༨༣ ལྷག་བཅས་རྒྱབ་གཉེར་ཞུས་འདུག་པར་མ་ཟད་དེའི་ཁོངས་ཆོས་དང་རིག་གཞུང་། འཕྲོད་བསྟེན་ལྟ་སྐྱོང་། ཤེས་ཡོན་དང་འབྲེལ་བའི་ལས་གཞི། སྤྱི་ཚོགས་བདེ་དོན་ལས་གཞི། རོགས་དངུལ་འདུ་འགོད་དང་འབྲེལ་བའི་ལས་གཞི་སོགས་ཀྱི་ཆེད་དུ་སྔོན་རྩིས་འཆར་འབུལ་ཞུས་འདུགསྐབས་དེར་རྩིས་ལོ་ ༢༠༢༠༌༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལྟ་ཞིབ་སྙན་ཐོ་སྒྲོག་སྦྱང་དང་འབྲེལ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ལས་ཉིན་ཧ་ཅང་ཉུང་རྐྱེན་དཔལ་འབྱོར་གྱི་གནས་སྟངས་ཞིབ་ཏུ་གཟིགས་རྒྱུ་དཀའ་ཞིང་། སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ལ་བསྐྱར་ཞིབ་ཅིག་དགོས་གལ་དུ་མཐོང་བ་དང་དེ་བཞིན་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཕྱིར་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་ཞེས་གསལ་བསྒྲགས་གནང་ཟིན་པ་ལྟར་ལྷན་ཁང་སོ་སོའི་སྔོན་རྩིས་ནང་སྤོམ་དངུལ་རེ་བཀོད་འདུག་པ་མ་གཏོགས་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་སྟངས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མེད་སྟབས་མ་འོངས་པར་ལས་དོན་བྱ་རིམ་ལ་ངེས་པར་ཡིད་གཟབ་དགོས་པ་སོགས་ཀྱི་གཟིགས་ཚུལ་ཁག་ཅིག་གསུངས་ཡོད།གཞི་རྩའི་ཉིན་གཅིག་གི་རིང་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུངས་བཤད་ཁྲོད་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་རེད། བཀའ་དྲིན་རྗེས་དྲན་གྱི་ལོའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དང་། མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་ཏེ་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏང་ཐུབ་པ་ཞིག་དང་། དོན་མེད་ང་ཚོའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་རྒྱུའི་རིགས་སུ་ལའང་དགོས་པ་མེད། མི་དགོས་པ་དེར་དང་ལེན་མ་གནང་བར་རྒྱང་རིང་དུ་བཏང་བའི་ཐོག་ནས་དུས་ཚོད་གང་ཡོད་པ་སྤྱི་པའི་རྩ་དོན་ཆེད་གང་བྱེད་དགོས་པ་དང་། སོ་སོའི་ནུས་པ་གང་འདོན་ཐུབ་པ་དེ་དག་གི་ཐོག་ནུས་པ་མཉམ་སྤུངས་ཐུབ་པར་འབད་དགོས་པའི་གཞེན་བསྐུལ་གནང་སོང་།འདས་པའི་གྲོས་ཚོགས་སྔ་རྗེས་ལྟར་དེ་རིང་ཉིན་གཅིག་གི་རིང་གྲོས་ཚོགས་ལས་རིམ་ཐོག་གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་དེ་བཞིན་འདས་གྲོངས་སུ་གྱུར་བ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཡོན་ཏན་ལགས་དང་། ཚེ་འདས་བོད་མི་མང་དགེ་ལུགས་སྤྱི་ཟུར་དམ་པ་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲིས་རྒྱལ་མཚན་མཆོག་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཉིས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། ལྷག་པར་དུ་དེ་རིང་དུས་ཚོད་རྐྱེན་པས་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག དེ་བཞིན་རྩིས་ལོ་ ༢༠༢༠ དང་ ༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་གཏན་འབེབས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་མ་བཞེས་པར་ལས་རིམ་ཡོངས་རྫོགས་མཇུག་སྐྱོང་གནང་སོང་། འོན་ཀྱང་སྐབས་དེར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འདི་ལོའི་ལོ་འཁོར་མོ་གཅིག་གི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་གཏོང་ཁུངས་དང་འབྲེལ་ནས་བགྲོ་གླེང་དགོས་སྐོར་གྱི་དགོངས་ཚུལ་ཞུས་པར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེས་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་འདི་དེ་རིང་ཉིན་གཅིག་ནང་མཇུག་སྒྲིལ་གནང་དགོས་པས་བགྲོ་གླེང་གི་གོ་སྐབས་གནང་ཐབས་མེད་པའི་གསལ་བཤད་གནང་ཡོད།གཞི་རྩའི་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་ཡུ་རོབ་སྤྱི་འཐུས་ གཉིས་དང་ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་གཉིས། ཨ་རིར་གནས་བཞུགས་སྤྱི་འཐུས་གཉིས། དེ་བཞིན་བལ་ཡུལ་དུ་གནས་བཞུགས་སྤྱི་འཐུས་གཅིག་དང་དྷ་སར་གནས་བཞུགས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་བརྒྱད་ཚོགས་བཅར་གནང་ཐུབ་མི་འདུག

འཛམ་གླིང་ཤར་ནུབ་གང་སར་རྣམ་པ་འདྲ་མིན་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་ཚོས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། བྱང་ཨ་རིའི་ California མངའ་སྡེའི་ Richmond གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཆེད་ཕེབས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་འདུགཨ་རིའི་བྱང་ཀེལ་བོད་རིགས་ཚོགས་པའི་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས་ཁུལ་དེའི་ Richmond གྲོང་སྡེ་ལྷན་ཚོགས་ནས་དེ་སྔའི་སྲོལ་རྒྱུན་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག་པ་དང་། མཛད་སྒོའི་ཐོག་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Eduardo Martinez ལགས་ཆེད་ཕེབས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བར་ང་ཚོས་འགྲོ་བ་མི་ཚང་མའི་རང་དབང་དང་དྲང་བདེན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་འོས་སྟབས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུགདེ་བཞིན་དུ་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ནིའུ་ཡོག་གྲོང་ཁྱེར་གྱི་རྒྱལ་ཚོགས་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།སྐབས་དེར་གོ་སྒྲིག་ཚོགས་ཆུང་གིས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་སྟོན་གནང་མཁན་ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལྕམ་སྐུ་ Sharon Hom ལགས་དང་ཨ་རི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སོགས་ཆེད་འབོད་ཀྱིས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁེ་ན་ཌ་གྲོང་ཁྱེར་ Ottawa ནང་བོད་མི་རྣམས་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་དུས་དྲན་ ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དངོས་སུ་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།དེ་བཞིན་ཨོ་སི་ཊོ་ལི་ཡ་གྲོང་ཁྱེར་ Sydney དང། Brisbane གཞན་ཡང་ Melbourne རྒྱལ་ས་ Canberra སོགས་སུ་བོད་མི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་ཁྲོད་བོད་མིའི་རང་སྲེག་གི་གནད་དོན་བརྒྱུད་བསྒྲགས་གནང་འདུག་པར་མ་ཟད་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུང་འདོན་སོགས་ གནང་འདུགགཞན་ཡང་ཐེ་ཝེན་དུ་འདི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ལས་འགུལ་ཁག་བཞི་ཙམ་ཞིག་གོ་སྒྲིག་གནང་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Mangalore གྲོང་ཁྱེར་དང་ Gukarat མངའ་སྡེའི་གྲོང་ཁྱེར་ Baroda སོགས་ནང་གནས་བཞུགས་བོད་མི་རྣམས་ནས་ས་གནས་སོ་སོར་དུས་དྲན་སྲུང་བརྩི་ཞུས་པའི་ཁོངས་སུ་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཁ་སང་གསུམ་བཅུའི་དུས་དྲན་ཉིན་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་མང་ཚོགས་ནས་སྦག་སྦག་སྐོར་བསྐྱོད་དང་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུགརྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་སྤོན་ཊ་ཆོས་གསུམ་བོད་མིའི་གཞིས་ཆགས་དང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ས་ཊོན་ཁམས་ཀཿཐོག་དང་ཀུམ་རའོ་བོད་མིའི་གཞིས་ཆགས་བཞི་ཐུན་མོང་གིས་གོ་སྒྲིག་འོག་རྔམ་སྟོན་ཁྲོམ་སྐོར་བརྒྱུད་ཉིན་མོ་དེ་སྲུང་བརྩི་གནང་ཡོད་པ་རེད།ཁ་སང་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌ། ཡོ་རོབ་དང་ཨོ་སི་ཊོ་ལི་ཡ། ཤར་ཕྱོགས་རྒྱལ་ཁབ་རྒྱ་གར་གཙོས་ཡུལ་ལུང་འདྲ་མིན་ནང་བོད་མི་ཚོས་ཞི་བའི་གོམ་བགྲོད་དང་རྔམ་སྟོན་ཁྲོམ་སྐོར། བོད་དོན་ཞུ་སྙན་འབུལ་དང་མཆོད་འབུལ་སྨོན་ལམ་སོགས་གནང་སྟེ་ཕྱི་ལོ་ ༡༩༥༩ གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་གནང་བའི་དུས་དྲན་དྲན་གསོ་སླར་ཡང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བདེན་དཔང་ར་སྤྲོད་གནང་ཡོད་པ་རེད། ལྷག་དོན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དྲག་ཆར་དང་གནམ་གཤིས་གྲང་ངར་ལ་བལྟོས་མེད་སུད་སི་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། འཇར་མི་ནི། ཌན་མག བྷེལ་འཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ།དེ་བཞིན་ནོར་ཝེ་སོགས་ཀྱི་ནང་བོད་མི་དང་བོད་དོན་སྐྱོར་བ་རྣམས་རྣམ་པ་འདྲ་མིན་བརྒྱུད་ནས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་གནང་ཡོད་པ་རེད།  

རེས་གཟའ་མིག་དམར། ༢༠༢༠།༠༣།༡༠

ཉན་པ།: Listen ཕབ་ལེན། Download གཞུང་འབྲེལ་མཛད་སྒོ་དང་ངོ་རྒོལ་སྐད་འབོད་བརྒྱུད་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༡ པ་སྲུང་བརྩི་ཞུས་པ། ལྡི་ལི་རྒྱ་མིའི་གཞུང་ཚབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་བཅིུག་གིེས་རྒོལ་འཆོང་གནང་བ། སྒང་ཏོག་ནས་ས་ལུ་གྷ་ར་བར་སྦག་སྦག་སྐོར་བསྐྱོདཀྱིས་དེ་བོད་དོན་དྲིལ་བསྒྲགས་གནང་བ། Tuesday 10/03/2020 Dharamsala Tibetans commemorate 61st anniversary of National Uprising Day 11 TYC activists storm Chinese embassy in Delhi TYC begins motor cycle rally in Gangtok

རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་སུམ་ཅུ་སོ་གཅིག་བྱུང་འདུག

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་ཕྱིན་པའི་ COVID19 འམ་ཏོག་དབྱིབས་རིམས་ནད་དེ་ད་ཆ་རྒྱ་གར་ནང་དུའང་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་དེ་རིང་ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོ་བར་རྒྱ་གར་ནང་རིམས་ནད་དེ་ཕོག་པའི་ནད་པ་ཁྱོན་ ༣༡ བྱུང་བར་མངོན་གསལ་བྱུང་འདུག་པ་དང་། ནད་པ་ཕལ་ཆེ་བ་ཕྱིའི་རྒྱལ་ཁབ་ནས་འབྱོར་མཁན་ཡུལ་སྐོར་སྤྲོ་འཆམ་པ་དང་ཨི་རན་སོགས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་ཕྱིན་པའི་རྒྱལ་ཁབ་ཁག་ཏུ་བསྐྱོད་མྱོང་མཁན་འབའ་ཞིག་ཆགས་ཀྱི་འདུགདེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཆེ་གྲས་ཁག་གིས་གནས་ཚུལ་སྤེལ་བར་ཁ་སང་བར་རྒྱལ་ས་ལྡི་ལི་གཙོ་འགྱུར་རྒྱ་གར་གྱི་ས་ཁུལ་ཁག་ཅིག་ཏུ་རིམས་ནད་ཕོག་པའི་མི་གྲངས་སུམ་ཅུ་ཡོད་སྐོར་གསུང་བཞིན་པའི་ཐོག་དེ་རིང་རྒྱ་གར་གྱི་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ Sanjeeva Kumar མཆོག་གིས་རརྒྱལ་ས་ལྡི་ལིའི་ Uttam Nagar ནང་བཞུགས་མཁན་རྒྱ་གར་བ་ཅིག་ལ་ཏོག་དབྱིབས་རིམས་ནད་ཕོག་པ་ར་འཕྲོད་བྱུང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་ནང་རིམས་ནད་ཕོག་མཁན་ཁྱོན་མི་ ༣༡ ཆགས་ཡོད་པ་རེད་འདུགདེའི་ཁྲོད་ལྡི་ལི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Manish Sisodia མཆོག་གིས་ལས་ཁུངས་ནས་ཡོངས་ཁྱབ་གསལ་སྒྲགས་སྤེལ་གསལ་ལྡི་ལི་ཁུལ་གྱི་འཛིན་གྲྭ་ལྔ་པ་མན་གྱི་སྒེར་དང་གཞུང་གི་སློབ་གྲྭ་ཡོངས་རྫོགས་ཕྱི་ཟླ་ ༣ ཚེས་ ༣༡ བར་སྒོ་རྒྱག་རྒྱུ་ཡིན་པར་གསུངས་འདུག ད་ལྟའི་ཆར་རྒྱ་གར་གྱི་འཛིན་རིམ་ ༡༠ དང་ ༡༢ བཅས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་འགྲོ་བཞིན་པ་དང་བསྟུན་ཡིག་རྒྱུགས་སྐབས་སློབ་ཕྲུག་རྣམས་ནས་ཁ་རས་གྱོན་ཆོག་པ་དང། ལག་པ་གཙང་བཟོའི་སྨན་ཆུ་ཁྱེར་ཆོག་པའི་བཀོད་ཁྱབ་བཏང་འདུགདེའི་བར་ན་ཁ་ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་གྲོས་ཚོགས་ནང་རིམས་ནད་ཀྱི་གནད་དོན་སྐོར་གསུངས་པར་ཧི་མཱ་ཅལ་མངའ་སྡེའི་ནང་རྒྱ་ནག་གཙོ་བོར་གྱུར་པའི་རིམས་ནད་ཀྱིས་མནར་བའི་རྒྱལ་ཁབ་ནས་ཕྱིར་ལོག་བྱེད་མཁན་མི་གྲངས་ ༢༡༤ ཙམ་ཞིག་ཉིན་གྲངས་ ༢༨ ལྷག་ཙམ་གྱི་རིང་ལ་རྟོག་ཞིབ་འོག་བཞག་ཡོད་པའི་ཁོངས་ནས་རིམས་ནད་དེ་ཕོག་པའི་དོགས་གཞི་ཡོད་པ་མི་ ༣ བྱུང་ཡོད་པ་དང་དེའི་ཁོངས་ནས་མི་ ༡ མངའ་སྡེ་འདིའི་རྒྱལ་ས་སིམ་ལ་གཞུང་གི་སྨན་ཁང་དུ་བཞག་ཡོད་པ། མི་ ༢ བཞུགས་སྒར་དྷརྨ་སཱ་ལཱའི་ཉེ་འདབས་གཞུང་གི་སྨན་ཁང་ Tanda དུ་དམིགས་བསལ་རྟོག་ཞིབ་འོག་བཞག་ཡོད་པར་གསུངས་འདུགརྒྱ་གར་ནང་རིམས་ནད་ཁྱབ་བརྡལ་གྱི་ཉེན་ཁ་ཆེས་ཆེར་ཕྱིན་པ་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཁག་གཅིག་ཕྱིར་བཤོལ་གནང་བ་དང་། དེ་བཞིན་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་མན་ གྱི་སློབ་མ་རྣམས་གནས་སྐབས་རིང་འཛིན་གྲྭ་འཚོགས་རྒྱུ་ཕྱིར་བཤོལ་གནང་བ། བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་བཞུགས་སྒར་དྷརྨ་སཱ་ལཱར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་རེ་ཞིག་དུས་ཚོད་ངེས་མེད་བར་འགྱངས་ཡོད་པ་རེད། ཁ་སང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་དགའ་ལྡན་གྱི་སྨོན་ལམ་ཚོགས་ཆུང་གི་གསལ་བསྒྲགས་ཤིག་སྤེལ་བར་བར་ལམ་རིམས་ནད་ཁྱབ་བརྡལ་གྱི་གནས་སྟངས་དང་འབྲེལ་ཏེ་སྔོན་འགོག་ཚུལ་དུ་མི་ཚོགས་མང་པོ་འདུ་འཛོམས་གནང་རྒྱུ་མེད་པའི་ལམ་སྟོན་ཕེབས་དོན་ལྟར། དགོན་པར་འཚོགས་བཞིན་པའི་རབ་གནས་ལྕགས་བྱི་ལོའི་ཆོ་སྐྲུལ་སྨོན་ལམ་ཆེན་མོ་ ༡༥ པ་དང་གཏོར་རྒྱག བྱམས་པ་གདན་འདྲེན་བཅས་ཕྱིར་བཤོལ་དང་བོད་ཚེས་ ༡༥ ཉིན་དགོན་པར་མཆོད་མཇལ་གཏོང་རྒྱུ་མིན་པ་གསུངས་པ་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་མང་ཚོགས་ཚོར་ཕྱག་བསིལ་གལ་ཆེ་ཚུལ་དང་བསིལ་སྟངས་སོགས་ཀྱི་གོ་རྟོགས་སྤེལ་བཞིན་འདུག་པ་ལྟར། རླུང་འཕྲིན་ཁང་གིས་དེ་རིང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་སུ་དེ་ལས་ནས་རིམས་ནད་དང་འབྲེལ་བའི་གྲ་སྒྲིག་གང་དང་གང་གནང་ཡོད་མེད་སྐོར་ལ་བཀའ་འདྲི་ཁག་གཅིག་ཞུས་ཡོད།རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་གསར་པའི་གློ་ཚད་དེ་ཐོག་མར་ཐོན་རྗེས་ད་བར་རིམས་ནད་དེའི་འོག་རྒྱ་ནག་ནང་མི་ཁྲི་ ༨ ལྷག་ལ་ནད་དེ་ཕོག་ཡོད་པ་དང། མི་ ༣༠༠༠ བརྒལ་བ་འདས་གྲོངས་སུ་ཕྱིན་པ། དེ་བཞིན་རྒྱལ་སྤྱིའི་ཁྲོད་ལྷོ་ཀོ་རི་ཡ་དང་ཨི་ཊ་ལི། ཨི་རན། ཕ་རན་སི། ཨ་རི་སོགས་རྒྱལ་ཁབ་ ༨༠ ལྷག་གི་ནང་རིམས་ནད་དེ་ཁྱབ་བརྡལ་ཕྱིན་པའི་ཁྲོད་མི་ ༡༥༠༠༠ ལྷག་ལ་རིམས་ནད་དེ་ཕོག་པར་མ་ཟད། མི་ ༣༠༠ བརྒལ་བ་འདས་གྲོངས་སུ་གྱུར་ཡོད་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་རེད།

ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ།

ཕྱི་ལོ་ ༢༠༢༡ ལོར་བཀའ་ཤག་སྐབས་ ༡༥ དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་ལས་ཡུན་མཇུག་སྒྲིལ་གྱི་ཡོད་པ་དང་བསྟུན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་རེད་འདུག  ཉེ་ལམ་ཚོགས་གཞོན་མཆོག་ལ་དགའ་ཞེན་གནང་མཁན་ཚོས་སྤྱི་ཚོགས་དྲྭ་ལམ་ཐོག་ཚོགས་གཞོན་མཆོག་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཁོངས་སུ་མཚན་འདོན་གནང་འདུག རླུང་འཕྲིན་ཁང་ནས་ཚོགས་གཞོན་མཆོག་ལ་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་རང་ཉིད་ལ་དགའ་ཞེན་གནང་མཁན་ཚོས་དེ་སྔ་ནས་སྲིད་སྐྱོང་གི་འོས་མིར་བཞེངས་ཐུབ་ན་ལེགས་པོ་འདུག་ཅེས་ཡང་ཡང་གསུངས་པ་ལྟར་སྐུ་ཉིད་ནས་དེར་ཁས་ལེན་དང་སྦྲགས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་ཐུགས་ཐག་བཅད་ཡོད་པ་གསུངས་སོང་། དེ་བཞིན་ཚོགས་གཞོན་མཆོག་ལ་གལ་ཏེ་མ་འོངས་པར་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཚེ་འཆར་སྣང་ཇི་ཡོད་ཐོག་བཀའ་འདྲི་ཞུས་པར་གཙོ་བོ་ཚགས་ཚུད་དང་སྲ་བརྟན། དེ་བཞིན་གཞི་རྒྱུན་སྐྱོང་བཅས་ལ་གནད་ཆེར་ངོས་འཛིན་གནང་གི་ཡོད་པ་དང་། ང་ཚོ་དཔལ་འབྱོར་གྱི་ཆ་ནས་གཞན་དབང་སྟབས་བསྟུན་ཡིན་པ་དང་།  ཆབ་སྲིད་ཀྱི་ཆ་ནས་ཀྱང་གཞན་ནས་རྒྱབ་སྐྱོར་འཚོལ་རྒྱུ་ཡིན་སྟབས། དེ་དག་གཞིར་བཞག་རྒྱ་ཆེ་མང་ཚོགས་རྣམས་ཞི་བདེ་ལྷིང་འཇགས་ཀྱི་ཐོག་ནས་སྣེ་ཁྲིད་ཐུབ་གལ་ཆེ་ཞིང་། ལྷག་པར་དུ་བོད་མིའི་དངོས་ཡོད་གནས་སྟངས་དང་བསྟུན་སྟེ་ཕེབས་དགོས་པ་དང་། ཁྱད་པར་དུ་མང་ཚོགས་ནས་ཀྱང་གང་ཟག་ཅིག་གི་ལས་དོན་གནང་ཕྱོགས་ལ་ཡིད་ཆེས་བློ་འདེལ་ཐོག་ནས་རྒྱབ་སྐྱོར་གནང་བ་མ་གཏོགས་འཆར་སྣང་གཅིག་གི་ཐོག་ནས་རྒྱབ་སྐྱོར་དང་འོས་ཤོག་འཕང་གི་མེད་སྐོར་གསུངས་སོང་། གཞི་རྩའི་ད་ཆ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་ཁོངས་སུ་ཚོགས་གཞོན་མཆོག་གིས་གཙོས་པའི་འོས་མི་གསུམ་ཡོད་པ་དང་། ཉེ་ལམ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནས་སྲིད་སྐྱོང་གི་འོས་མིར་མངོན་འདོད་གནང་མཁན་ཞིག་ཡིན་པར་གསུངས་པ་དང་། དེ་བཞིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་མཆོག་ནས་ངོ་དེབ་བརྒྱུད་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་ཤིག་གནང་ཡོད་པ་རེད། རྩ་བའི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནི་ཕྱི་ལོ་ ༡༩༨༩ ནས་ ༡༩༩༦ བར་ཝཱར་ཎཱ་མཐོ་སློབ་དང་སུ་ཇཱ་བོད་ཁྱིམ་གཉིས་སུ་འཛིན་སྐྱོང་དང་སློབ་དགེའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ནས་ ༢༠༠༤ བར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟུང་དྲུང་དང་དྲུང་ཆེ།  དེ་ནས་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་ཞུས་པ་དང་ད་ལྟ་ཚོགས་གཞོན་གྱི་ལས་ཁུར་ཞུ་མུས་ཡིན་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༩ ནས་ཟླ ༨ ཚེས་ ༢༦ བར་ཡུ་རོབ་རྒྱལ་ཁབ་གསུམ་ནང་བོད་དོན་ཞི་བའི་གོམ་བགྲོད་ཉིན་གྲངས་ ༤༩ རིང་རྒྱང་ཚད་ཀི་ལོ་མི་ཊར་ ༧༠༠ ལྷག་གོམ་བགྲོད་གནང་བ་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༡༥ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནང་ལས་འཆར་འགན་འཛིན་ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བའི་ལྷན་དུ་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༦ ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང༌། ཕྱི་ལོ་ ༢༠༠༧ ལྡི་ལི་ལྷོ་ཕྱོགས་བོད་རིགས་མཐུན་ཚོགས་གསར་འཛུགས་དང་དེའི་སློབ་སྟོན་པའི་འགན་ཁུར་ཞུ་མུས་ཡིན་པ། དེ་བཞིན་སླར་ཡང་ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་དང༌།  ཕྱི་ལོ་ ༢༠༡༢ ནང་བོད་ཀྱི་ཤེས་རིག་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་བྱུང༌། ཕྱི་ལོ་ ༢༠༡༣ ནང་རྒྱ་གར་གཞུང་གིས་ཝཱར་ཎཱ་མཐོ་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བྱུང་། ༢༠༡༤༌༌༡༥ ནང་ས་གནས་ཁག་བཞི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་སླར་གསོ་ཞུ་ཐུབ་པ་བྱུང༌ཡོད། དེ་བཞིན་ ༢༠༡༥ ནང་གསོ་བ་རིག་པའི་ལྷན་ཚོགས་དང༌དྷ་ས་ཧིན་བོད་མཛའ་ཚོགས་གཉིས་ཀྱི་སློབ་སྟོན་པར་བསྐོ་གཞག་དང་། ད་ཆ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༦ པའི་ཚོགས་གཞོན་གྱི་ཐུགས་འགན་བཞེས་མུས་ཡིན་པ་རེད།

Latest news