Tibetan Royal Year of 2151 | Year of the Wood Dragon

Uncategorized

ཏོག་དབྱིབས་རིམས་ནད་ལས་དྲག་སྐྱེད་དུ་ཕྱིན་པའི་བོད་མིར་ནད་རྟགས་དེར་གདོང་ལེན་གནང་ཕྱོགས་ཐད་བཀའ་འདྲི།

འགོས་སླ་བའི་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid-19 ཏོག་དབྱིབས་ཀྱི་རིམས་ནད་དེ་ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་ ༢༠༠ ལྷག་ནང་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན་དེའི་ཁྲོད་རྒྱ་ནག་ཕུད་པའི་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་། ཨ་རི་ནིའུ་ཡོག་ལྟ་བུའི་ནང་མི་མང་པོ་ཞིག་ལ་རིམས་ནད་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལྷག་པར་དུ་ནིའུ་ཡོག་ལྟ་བུ་ནང་བོད་མི་མང་པོ་ཞིག་གནས་བཞུགས་གནང་གི་ཡོད་སྟབས་ད་ཆ་རིམས་ནད་དེ་ཕོག་མཁན་ཁོངས་བོད་པའི་སྨན་ཞབས་དང་བོད་མི་ཁག་ཅིག་ཀྱང་ཡོད་པ་རེད་འདུག རླུང་འཕྲིན་ཁང་གིས་ཉེ་ལམ་ཏོག་དབྱིབས་རིམས་ནད་ལས་དྲག་སྐྱེད་བྱུང་བའི་ཨ་རིར་གནས་བཞུགས་གསོ་བ་རིག་པའི་སྨན་པ་ཀུན་དགའ་དབང་འདུས་ལགས་དང་དེ་བཞིན་རིམས་ནད་དེ་ལས་དྲག་སྐྱེད་འགྲོ་བཞིན་པ་ནིའུ་ཡོག་ Queens ནང་རྟེན་གཞི་བྱས་པའི་ Elmhurst སྨན་ཁང་གི་སྨན་ཞབས་ངག་དབང་ཆོས་དབྱིངས་ལགས་རྣམ་གཉིས་ལ་རིམས་ནད་དེ་ཕོག་སྐབས་རང་ཉིད་ནས་དེར་གདོང་ལེན་ཇི་ལྟར་གནང་ཡོད་མེད་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད། སྨན་པ་དབང་འདུས་ལགས་སུ་རིམས་ནད་དེ་ཕོག་པ་ཙམ་མ་ཟད་རང་ཉིད་ཀྱི་བཟའ་ཟླ་ལའང་ནད་རྟགས་ཐོན་འགོ་ཚུགས་ཟིན་པ་དང་སྦྲགས། ནད་རྟགས་དེ་ནང་མི་གཞན་ལ་མི་འགོས་པའི་སྨན་པ་དབང་འདུས་ལགས་ཀྱིས་རང་ཉིད་ཀྱི་ཁང་ཁྱིམ་ནང་བཟའ་ཟླ་དང་ལྷན་དུ་ཟུར་བཀག་གནང་ནས་བཞུགས་འདུག ཆོས་དབྱིངས་ལགས་ལ་མཚོན་པ་ཡིན་ན་ནིའུ་ཡོག་གྲོང་ཁྱེར་ནང་རང་ཉིད་ཀྱི་ཇོ་ལགས་དང་ལྷན་དུ་བཞུགས་ཀྱི་ཡོད་པ་དང་རིམས་ནད་དེ་ཁོང་གི་ཇོ་ལགས་ལ་འགོས་མེད་པ་རེད། འོན་ཀྱང་ཆོས་དབྱིངས་ལགས་ཀྱི་ཏོག་དབྱིབས་ནད་རྟགས་དེ་སྐབས་སེམས་ལ་དངངས་སྐྲག་སྐྱེས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་སྨན་པ་དབང་འདུས་ལགས་དང་ཆོས་དབྱིངས་ལགས་རྣམ་གཉིས་ལ་ནད་རྟགས་ཅུང་མི་འདྲ་བ་ཐོན་འདུག་པ་དང་རླུང་འཕྲིན་ཁང་གིས་ཁོང་རྣམ་གཉིས་ལ་རིམས་ནད་དེར་གདོང་ལེན་གནང་ཕྱོགས་དང་དེ་བཞིན་མང་ཚོགས་ལ་འབོད་སྐུལ་གང་ཡོད་མེད་ཐད་བཀའ་འདྲི་ཞུས་ཡོད། སྨན་ཞབས་ཆོས་དབྱིངས་ལགས་གཅིག་པུ་མིན་པར་ཁོང་གི་ཕྱག་རོགས་བོད་མི་སྨན་ཞབས་གཞན་ཡང་ནད་དེས་མནར་ཡོད་པས་ཁོང་གིས་ད་ལན་ཁོང་དང་རང་ཉིད་ཀྱི་གྲོགས་མོ་ཁག་ཅིག་ནས་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་བོད་མི་ནད་པ་ཚོར་སློབ་སྟོན་སླད་ལས་གཞི་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་གསུངས་སོང་བ་དང་། གལ་ཏེ་དེ་འབྲེལ་གྱི་སློབ་སྟོན་ཞུ་འདོད་ཡོད་རིགས་ཚོས་ཆོས་དབྱིངས་ལགས་ཀྱི་ཞལ་པར་ཨང་གྲངས་ ༣༤༧༨༣༧༠༤༣༨ དང་ཁོང་གི་གྲོགས་མོ་བདེ་ཆེན་ལགས་ཀྱི་ཞལ་པར་ཨང་གྲངས་ ༩༢༩༢༣༥༦༧༠༡ ལ་འབྲེལ་བ་གནང་སྐྱོང་ཡོད་བའི་དེ་དོན་དགོངས་འཇགས་ཞུ།

རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་པར་བརྟེན་རང་ཁྱིམ་དུ་ཕྱིར་ཕེབས་མ་ཐུབ་པའི་བོད་མི་དང་གླེང་མོལ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གོདཆག་ཁྲོད་འདིར་རྒྱ་གར་རྒྱལ་ཡོངས་སུ་ཟླ་ ༤ ཚེས་ ༡༤ བར་མང་ཚོགས་ཕྱིེར་ཐོན་མི་ཆོག་པའི་བཀའ་རྒྱ་བསྒྲགས་དོན་ལྟར་དམ་དྲག་གི་གནས་སྟངས་དེའི་འོག་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་དང་བོད་མི་མང་དག་ཅིག་རྒྱ་གར་གྱི་ས་ཕྱོགས་གང་སར་ལུས་ཡོད་སྟབས་རང་ཡུལ་དང་རང་ཁྱིམ་དུ་ཕྱིར་ཕེབས་མ་ཐུབ་པའི་གནས་སྟངས་སུ་གྱུར་ཡོད་པ་རེད།རླུང་འཕྲིན་ཁང་གིས་དེའི་ཁོངས་ཀྱི་བོད་མི་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་ཕྱོགས་བསྒྲིགས་ཞུས་ཡོད། འབྲེལ་ཡོད་པར་rokzfast.com

ཟུར་བཀག་གནང་བའི་སྨན་ཞབས་ཚོར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱོར་བཞིན་པ།

རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པར་བརྟེན་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་སོ་སོའི་ངོས་ནས་མི་མང་ཕྱིར་ཕེབས་མི་ཆོག་པའི་ཐེམ་སྤངས་ཀྱི་བཀའ་རྒྱ་བསྒྲགས་པའི་ཁྲོད་འདིར་རིམས་ནད་ཁྱབ་གདལ་བྱུང་སའི་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་གྱུར་བའི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ལ་མཚོན་ན་ད་ཆ་ཁུལ་དེར་གནས་སྡོད་བོད་མི་མང་དག་ཅིག་གནས་སྐབས་ཕྱག་ལས་གནང་མ་ཐུབ་པར་རང་ཁྱིམ་དུ་བཞུགས་དགོས་པའི་གནས་སྟངས་གྱུར་ཡོད་པར་མ་ཟད་བོད་པའི་སྨན་ཞབས་པ་མི་ཉུང་བ་ཞིག་ཏོག་དབྱིབས་གཉན་རིམས་ཕོག་པ་དང་དེ་འབྲེལ་དོགས་གཞིའི་འོག་ཟུར་བཀག་གནང་ཡོད་པ་རེད།ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པས་ནིའུ་ཡོག་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ད་ཆ་ཁུལ་དེའི་ས་གནས་གསུམ་ནང་ཟུར་བཀག་གནང་བཞིན་པའི་བོད་རིགས་སྨན་ཞབས་པ་བཅུ་གྲངས་ཤིག་ལ་རིན་མེད་ཐོག་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱོར་རྒྱུའི་ལས་གཞི་སྤེལ་བཞིན་ཡོད་པ་དེའི་ཐོག་བོད་མིའི་ཚོགས་སྐྱིད་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་འདུག རླུང་འཕྲིན་ཁང་གིས་དེ་རིང་སྔ་དྲོ་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱས་འཕེལ་ལགས་སུ་ནིའུ་ཡོག་ནང་ད་ལྟའི་ཆར་བོད་མིའི་གནས་སྟངས་དང་ཟུར་བཀག་སྨན་ཞབས་ཚོར་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྦྱོར་མུས་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་ཡོད།

ནད་ཡམས་ཡོད་མེད་ལ་ལྟོས་མེད་བོད་ཡིག་སློབ་ཁྲིད་མུ་མཐུད་འཚོགས་བཞིན་པ།

སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་ཁྱབ་ཁོངས་ཀྱི་ཨར་གྷའོ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭས་དྲྭ་ཐོག་བརྒྱུད་ས་གནས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་བཞིན་འདུགསྤྱིར་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་རྐྱེན་པས་རྒྱལ་ཁབ་མང་པོ་ཞིག་གི་ནང་གཞུང་གིས་མང་ཚོགས་ཐོག་ཐེམ་སྤངས་ཀྱི་བཀའ་རྒྱ་བསྡམས་པའི་གནས་སྟངས་ཆགས་ཡོད་པ་རེད།སུད་སི་ཨར་གྷའོ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་འགན་འཛིན་ཚེ་དབང་མུན་གསལ་ལགས་ཀྱིས་སྣེ་ཁྲིད་པའི་འོག་སློབ་གྲྭའི་དགེ་རྒན་རྣམས་ནས་ས་གནས་ཀྱི་བོད་ཕྲུག་ཚོའི་བོད་པའི་སྐད་ཡིག་སློབ་ཁྲིད་འཐུས་ཤོར་མི་འགྲོ་བའི་ཆེད་དུ་དྲྭ་ཐོག་ནས་དུས་ཚོད་འཆར་འགོད་ཀྱིས་སློབ་ཁྲིད་གནང་བཞིན་ཡོད་པ་རེད།རྩ་བའི་སུད་སི་ཨར་གྷའོ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭར་མཚོན་ན་ད་ལྟའི་ཆར་སློབ་ཕྲུག་ཁྱོན་ ༥༡ འདུག་པ་དང་སློབ་གྲྭའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བསླབ་གཞི་གཏན་འབེབས་གཞིར་བཟུང་སློབ་ཕྲུག་དེ་དག་གི་ལོ་ནའི་བབ་ལ་གཞིགས་པའི་སྔོན་འགྲོ་དང་འབྲིང་རིམ། དེ་བཞིན་སློབ་ཕྲུག་རྒན་པ་བཅས་སྡེ་ཚན་གསུམ་ལ་དབྱེ་ནས་སློབ་ཁྲིད་གནང་གི་འདུག་ཅིང་། ད་ལྟའི་ཆར་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པའི་ཁྲོད་བོད་ཡིག་སློབ་གྲྭས་བོད་ཕྲུག་སློབ་མ་ཚོར་དྲྭ་ཐོག་བརྒྱུད་དེ་བོད་ཡིག་སློབ་ཁྲིད་གནང་བ་ཙམ་མ་ཟད་སློབ་མའི་འཕྲོད་བསྟེན་ཆེད་སློབ་མ་ཚོར་ནད་ཡམས་སྔོན་འགོག་གི་རིམས་སྲུང་རིལ་བུ་བགོས་འགྲེམས་གནང་འདུགདེ་བཞིན་སློབ་གྲྭ་ཚོགས་མ་ཐུབ་པའི་དུས་ཡུན་རིང་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་སྦྱང་བརྩོན་འཐུས་ཤོར་མི་འགྲོ་བར་སློབ་མ་ཚོར་རང་སྦྱོང་གནང་བ་དེ་འབྲེལ་ཡོད་ཁྱིམ་བདག་སོ་སོའི་ངོས་ནས་རང་ཉིད་ཀྱི་ཕྲུ་གུའི་རང་སྦྱོང་རྣམས་ཚར་ཟིན་མཚམས་སུ་འབྲེལ་ཡོད་དགེ་རྒན་སོ་སོར་ནོར་བཅོས་སླད་དུ་གཏོང་དགོས་པའི་ལས་གཞི་སྤེལ་གྱི་འདུག རྩ་བའི་ཨར་གྷའོ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭས་བོད་ཕྲུག་ཚོར་རྒྱུན་དུ་སློབ་གྲྭའི་སློབ་དེབ་ཀྱི་སློབ་ཁྲིད་གཅིག་པོ་མིན་པར་ས་གནས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དཔེ་མཛོད་ཁང་དབུ་འབྱེད་དང་བོད་སྐད་ཡིག་ལ་དོ་དབྱིངས་ཡོང་བར་སློབ་གྲྭའི་གནང་སྒོ་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཁྱེན་རྒྱ་ཡངས་པའི་མི་སྣ་གདན་ཞུས་ཀྱིས་སློབ་མ་ཚོར་གསུང་བཤད་གོ་སྒྲིག་དང་། བོད་ཀྱི་ཞབས་གཞས་དང་རོལ་ཆ་སློབ་ཁྲིད། བོད་ཀྱི་རིག་གཞུང་ཉིན་མོ་སྲུང་བརྩི། བྱིས་པའི་འགུལ་རིགས་གློག་བརྙན་དང་གླུ་གཞས་གཟིགས་འབུལ། དེ་བཞིན་བོད་ཡིག་ཐོག་ལོ་འཁོར་དུས་དེབ་འགྲེམས་སྤེལ་སོགས་ཀྱི་གནང་སྒོ་སྣ་མང་དག་ཅིག་གོ་སྒྲིག་གནང་གི་འདུག

བོད་རིགས་ཟུར་བཀག་ཟིན་པ་རྣམས་ཀྱི་ལུས་སེམས་གསོ་བར་གསོལ་སྨན་མཆོད་ཚུལ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་བརྒྱད་ཀྱིས་དགོངས་ཚུལ་ལམ་སྟོན་གནང་སྟེ་རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིནས་རིམས་ནད་སྔོན་འགོག་སྤྱི་དང་སྒོས་ཉེ་ཆར་ཏོག་དབྱིབས་ནད་པ་དང་འབྲེལ་འདྲིས་ཡོད་པའི་བོད་མི་ཁག་གཅིག་ཉིན་གྲངས་ ༡༤ རིང་དུས་བཅད་ཟུར་བཀག་ཟིན་པའི་གང་ཟག་རྣམས་ཀྱི་ལུས་སེམས་གསོ་ཆེད་དུ་གསོ་རིག་གསོལ་སྨན་གནང་ཕྱོགས་ལ་དམིགས་པའི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་པདྨ་རྒྱལ་མཚན་ལགས་སུ་ཟུར་བཀག་ཟིན་པ་རྣམས་ལ་གསོལ་སྨན་གང་དག་གཏོང་གནང་གི་ཡོད་པ་དང་། དེ་དག་གཏོང་དགོས་པའི་རྒྱུ་རྐྱེན་གང་ཡིན། ལྷག་དོན་རིམས་ནད་སྔོན་འགོག་དང་འབྲེལ་བའི་གསོ་རིག་གི་ཕན་ནུས། དེ་བཞིན་སྐབས་འདིར་གསོལ་སྨན་བསྟེན་ཕྱོགས་དང་འབྲེལ་ཏེ་ཟས་སྤྱོད་སོགས་འཛེམ་དགོས་པའི་རིགས་ལ་དམིགས་པའི་བཅར་འདྲི་ཁག་གཅིག་ཞུས་ཡོད།

ལྷ་ས་ཁུལ་དུ་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་གནང་བཞིན་འདུག

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གནང་སྒོ་སྤེལ་ཡུལ་གྱི་གནས་སྟངས་དང་གཞི་ཁྱོན། ཤུགས་རྐྱེན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་གཞིགས་ཏེ་སྔོན་ལ་ཐག་རིང་དང་དེ་ནས་རྫོང་གྲོང་། དེ་རྗེས་ལྟེ་བའི་གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར་ཞིབ་འཇུག་བྱས་རྗེས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ལྷ་ས་གྲོང་ཁྱེར་གྱི་ཐག་རིང་དགོན་སྡེ ༢༡༤ ཙམ་བསྐྱར་དུ་སྒོ་འབྱེད་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། ད་ལྟའི་འཆར་སེ་འབྲས་དགེ་གསུམ་གཙོས་པའི་ལྷ་སའི་ནང་གི་དགོན་སྡེ་ཁག་གཅིག་ད་དུང་སྒོ་ཕྱེ་རྒྱུ་མིན་པར་བསྒྲགས་འདུག གནས་ཚུལ་དེ་དང་འབྲེལ་ནད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་ཆེ་རུ་གཏོང་ཐབས་དང་ཏོག་དབྱིབས་ནད་རིམས་ནད་ཁྱབ་བརྡལ་གྱི་རྗེས་སུ་ཡང་འཚོ་བའི་གནས་སྟངས་རང་འཇགས་ཡིན་པར་སྟོན་ཐབས་སུ་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱེད་ཀྱི་ཡོད་པར་བསྒྲགས་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱས་པ་དེ་ནི་ནང་པའི་སྤྱི་ཚོགས་ལ་སེམས་གསོ་ཕྲན་ཙམ་བཏང་བ་ལྟ་བུ་ཞིག་ཡིན་ཀྱང་རྒྱ་ནག་གིས་ད་དུང་ནང་པའི་དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་བྱེད་རྒྱུར་འགྱུར་བ་གང་ཡང་ཕྱིན་མེད་ལུགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གིས་བོད་ཁུལ་དུ་དགོན་སྡེ་ཁག་སྒོ་འབྱེད་བྱས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་ཁུལ་དུ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་གཙོ་བོ་ཞིག་ཡིན་པ་དང་། དོན་དུ་བོད་ཁུལ་དུ་བོད་རིགས་སློབ་ཕྲུག་དང་གཞུང་ཞབས་པ་རྣམས་དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པར་སྟངས་འཛིན་བྱེད་བཞིན་པར་མ་ཟད་སྤྱི་ཡོངས་ཀྱི་ཆ་ནས་དགོན་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པར་སྤྱིར་སྟངས་ཤིག་མིན་པར་ཡོངས་གྲགས་གནང་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་བཞིན་པ་དེར་རྣམ་དབྱེ་མང་དུ་ཡོད་པར་འགྲེལ་བརྗོད་ཀྱིས་ཕྱི་ལོ་ ༢༠༡༡ ལོའི་རྒྱ་ན་ནག་གིས་དགོན་སྡེ་ཁག་ཡུན་རིང་དོ་དམ་བྱེད་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་བྱས་པ་བརྒྱུད་ནས་སྲིད་གཞུང་གིས་དགོན་པ་ཁག་ཏུ་མི་སྐྱ་སུམ་ཅུ་ལས་གྲུབ་པའི་དོ་དམ་ཚོགས་ཆུང་ཟེར་བ་ཞིག་རྩ་འཛུགས་ཀྱིས་དགོན་པའི་ཆོས་ལུགས་ཀྱི་གནང་སྒོ་སྤྱི་དང་དགོན་པའི་སྲོལ་རྒྱུན་གྱི་སློབ་གཉེར་གྱི་རིམ་པར་འགྱུར་བ་བཏང་བར་མ་ཟད། དགོན་པའི་ནང་དུ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་བསླབ་གཞི་གསར་པ་གཏན་འབེབས་བྱས་ཡོད་པར་ཡོངས་གྲགས་གནང་འདུག གཞན་ཡང་ལས་འགུལ་ཁང་གིས་ ༢༠༡༩ ལོར་ལྷ་སའི་སློབ་གྲྭ་ཞིག་གིས་བོད་རིགས་སློབ་མ་རྣམས་ཀྱི་དགུན་ཁའི་གུང་གསེང་དང་འབྲེལ་བའི་སྒྲིག་ཡིག་ཅིག་ཕྱི་ལ་བཀྲམས་པའི་ནང་བོད་རིགས་སློབ་མ་རྣམས་གུང་གསེང་སྐབས་སུ་དགོན་སྡེ་ཁག་གི་ཆོས་ལུགས་གནང་སྒོ་ཁག་ལ་ཞུགས་མི་ཆོག་པ་དང་། ཕ་མ་ཚོས་ཀྱང་བོད་རིགས་སློབ་མ་རྣམས་ཐག་རིང་དུ་ཁྲིད་མི་ཆོག་པའི་བཙན་བཀའ་བཏང་སྟེ་ཕ་མ་སུ་ཞིག་གིས་སྒྲིག་འགལ་ཚེ་མཇུག་འབྲས་ངན་པ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་གནང་འདུག རྩ་བའི་གསར་ལམ་ཁག་ཏུ་ཉིན་ཤས་གོང་ནས་གནས་ཚུལ་ཐོན་པ་ལྟར་ན། སྲིད་གཞུང་གིས་མང་ཚོགས་དང་བཟོ་ཚོང་ཁག་ལ་བཙན་བཀའ་བཏང་ནས་ཚོང་ལས་དང་བཟོ་ལས་བསྐྱར་དུ་སྒོ་འབྱེད་བྱས་ནས་མི་མང་གིས་རྒྱུན་ལྡན་ལྟར་ལས་ཞུགས་བྱེད་དགོས་པའི་ཉེན་བརྡ་གཏོང་བཞིན་པའི་ཁྲོད། ས་གནས་མི་མང་དང་བཟོ་ཚོང་ཁང་སོགས་ནས་སྲིད་གཞུང་གིས་སྲིད་བཙན་དབང་བྱས་པ་དེར་ཡ་ལན་སྤྲོད་ཐབས་མེད་པར་ལས་ཞུགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་ལྟར་ཁ་སང་ནས་བོད་ཁུལ་གྱི་དགོན་སྡེ་ཁག་ཀྱང་སྒོ་འབྱེད་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་ཞིག་རེད་འདུག

དྷ་སར་བོད་རིགས་ན་གཞོན་ཞིག་གིས་རང་སྲོག་བཅད་འདུག

དྷ་སའི་མེག་གྷན་དུ་ཁེར་རྐྱང་བཞུགས་མཁན་བོད་པའི་ན་གཞོན་རང་ལོ་ ༢༦ ཙམ་ཡིན་པ་ཞིག་སེམས་ངལ་རྐྱེན་པས་རང་སྲོག་བཅད་འདུག བསོད་ནམས་འཕེལ་ཁོ་ཞུ་བའི་བོད་པའི་གཞོན་སྐྱེས་དེ་ཉེ་ཆར་ཉིན་མ་གཉིས་ཙམ་གྱི་གོང་ལ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས་དྷ་ས་གནས་འགོ་འཛིན་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་ས་གནས་ཡུལ་མི་ཁག་གཅིག་གིས་ཁོང་འཚོལ་ཞིབ་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༡ ཉིན་ན་གཞོན་དེ་མེག་ལོཊ་ཡི་བྷ་སུ་རི་ཁྲོད་དུ་རང་སྲོག་བཅད་པའི་ཕུང་པོ་རྙེད་སོན་བྱུང་ཡོད་པ་རེད། ཚེ་འདས་ཁོང་ནས་རང་སྲོག་བཅད་དོན་གང་ཡིན་དང་འབྲེལ་དྷ་སྟེང་བོད་ཁྱིམ་དུ་ཡོད་པའི་ཁོང་གི་ཨ་ཞང་དགེ་ལེགས་ལགས་སུ་འབྲེལ་བ་ཞུས་པར་སྤྱིར་ཁོང་ལོ་ཤས་གོང་ནས་གློ་ནད་ཊི་བི་ནད་གཞི་ཕོག་རྐྱེན་བདེ་ལེགས་སྨན་ཁང་དུ་སྨན་བཅོས་སོགས་གནང་ཡོད་པར་མ་ཟད་བར་ལམ་ནས་ཁོང་རང་ཉིད་མེག་ལོཊ་དུ་ཁང་གླ་ཐོག་བཞུགས་ཏེ་གསོལ་སྨན་བཞེས་མུས་ཡིན་ཀྱང་། ད་རེས་ཕྱིའི་གནོད་པ་དང་སོ་སོའི་སེམས་བཅོས་མ་ཐུབ་པའི་དབང་གིས་ཚེ་སྲོག་བཅད་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བུ་ཁོང་གིས་རང་སྲོག་བཅད་པ་དེ་ད་ལྟའི་ཛ་དྲག་རིམས་ནད་དང་འབྲེལ་བ་རྩ་བ་ནས་མེད་སྐོར་ནན་བརྗོད་གནང་སོང་། གཞི་རྩའི་ད་ལྟའི་ཛ་དྲག་གནས་སྐབས་འདིར་མི་གྲོངས་པ་སོགས་ཀྱི་གནད་དོན་འབྱུང་འཕྲལ་ས་གནས་སྲིད་གཞུང་གི་ལམ་སྟོན་ལྟར་ཕུང་བསྲེག་གནང་བར་ཆོག་མཆན་ཞུ་དགོས་ཀྱི་ཡོད་སྟབས། ཁ་སང་ས་གནས་འགོ་འཛིན་དབུས་པའི་ལས་བྱེད་དང་མདོ་སྨད་ཆོལ་ཁའི་དབུས་ས་གཉིས་ཀྱི་རྒྱུན་ལས། དེ་བཞིན་ཁོང་གི་ཨ་ཞང་ལགས་བཅས་ཀྱིས་ས་གནས་ཉེན་རྟོག་པར་འབྲེལ་བ་ཞུས་ཏེ་ཕུང་པོར་བརྟག་དཔྱད་གནང་མཐར་ཞུགས་འབུལ་གནང་འདུག རྩ་བའི་ད་རེས་སེམས་གུ་དོག་པ་སོགས་ཀྱི་གནས་དོན་དབང་གིས་རང་སྲོག་བཅད་པའི་བོད་པའི་གཞོན་སྐྱེས་དེ་དེ་སྔ་བོད་ཁྱིམ་ནས་སློབ་སྦྱོང་གནང་ཞིང་སློབ་མཐར་སོན་རྗེས་རྒྱལ་ས་ལྡི་ལིར་ཟ་ཁང་ཞིག་ཏུ་ཕྱག་ལས་གནང་མྱོང་ཡོད་པ་དང་། རྒྱ་གར་ནང་ཁོང་ལ་ཨ་ཞང་གཅིག་དང་གཅུང་པོ་གཅིག་ཡོད་པ་རེད་འདུག ཁོང་གི་གཅུང་པོ་དེ་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་སློབ་སྦྱོང་གནང་མུས་རེད་འདུག

པེ་རིས་ནང་བོད་མི་ཞིག་ལ་ཀོ་ཝིཌ་གཉན་རིམས་ནད་ཕོག་འདུག

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་བོད་མི་ཞིག་ལ་ཏོག་དབྱིབས་ནད་རིམས་ཕོག་འདུགཉེ་ལམ་སྐད་འཕྲིན་བརྒྱུད་པེ་རིས་ཁུལ་དུ་བོད་མི་ཞིག་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ Covid19 ཕོག་ཡོད་པའི་གནས་ཚུལ་ཞིག་ཁྱབ་བཞིན་ཡོད་པ་རེད། རླུང་འཕྲིན་ཁང་གིས་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་པེ་རིས་ནང་གནས་བཞུགས་བོད་མི་ཞིག་ལ་རིམས་ནད་དེ་ཕོག་ཡོད་པར་མ་ཟད། ད་ལྟའི་ཆར་ཁོང་གི་ནང་མི་རྣམས་རང་ཤག་ལ་ཟུར་འཇོག་གནང་ཡོད་སྐོར་གསུངས་སོང་། ཁོང་གིས་བོད་རིགས་སྤུན་ཟླ་ཡོངས་ནས་རིམས་ནད་དེར་སྣང་བྱུང་མ་གནང་བར་ཚང་མས་རང་ཉིད་ཀྱི་སྐུ་གཟུགས་ལ་ཐུགས་འཇགས་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་གི་འདུག གཞི་རྩའི་ཕ་རན་སི་ནང་ཁ་སང་བར་མི་ཉིས་ཁྲི་ལྷག་ལ་རིམས་ནད་ཕོག་འདུག་པ་དང་། དེའི་ཁྲོད་མི་ ༡༠༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པ། མི་གྲངས་ ༢༥༡༦ ལྷག་ཛ་དྲག་གི་གནས་སྟངས་འོག་ཡོད་པ་རེད། མི་གྲངས་ ༣༠༠༠ ལྷག་དྲག་སྐྱེད་བྱུང་འདུག

རེས་གཟའ་ལྷག་པ། ༢༠༢༠།༠༣།༢༥

ཉན་པ།: Listen ཕབ་ལེན། Download དབྱིན་ཡུལ་ནང་ཏོག་དབྱིབས་རིམས་ནད་རྐྱེན་པས་བོད་མི་རྒན་གྲས་ཤིག་འདས་གྲོངས། རིམས་ནད་སྔོན་འགོག་སླད་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་ ༢༡ རིང་སྒོ་བརྒྱབ་པ། བཞུགས་སྒར་དུ་སྔ་དྲོ་ཚོུད་བརྒྱད་པ་ནས་བཅིུག་བར་ཟ་ཆས་དང་སྨན་སོགས་ཉོ་ཆོག་གི་འདུག རྒྱ་ནག་གི་དཔོན་རིགས་ཀྱིས་འཕྲལ་དུ་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་པའི་ཞུ་སྐུལ། སྲིད་སྐྱོང་གཙོ་གྱུར་བོད་མི་ཁག་ཅིག་གི་གཞེན་བསྐུལ། Wednesday 25/03/2020 Elderly Tibetan man dies from COVID19 in London PM Modi declares all India total lockdown for 21 days Grocery and other necessary item shops to be open from 8 to 11am Xi Jinping facing pressure from dissent in own party

Latest news