Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ལྡི་ལིར་བཞུགས་ཞག་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཉིན་གྲངས་གསུམ་རིང་བཞུགས་ཞག་མཛད་ཀྱི་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་གཟའ་འཁོར་བཞི་ལྷག་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་རེད། དེ་རིང་ཚེས་ ༢༩ ནས་ ༣༡ བར་བཅས་ཉིན་གྲངས་གསུམ་རིང་མགོན་པོ་༸གང་ཉིད་མཆོག་ལྡི་ལིར་རྟེན་གཞི་བྱས་པའི་ Max སྨན་ཁང་དུ་ལོ་རེའི་མཚམས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་འབྲེལ་༸སྐུ་གཟུགས་བརྟག་དཔྱད་གནང་སྲོལ་ཡོད་པ་ལྟར་གནང་རྒྱུ་ཡིན་པ་མ་ཟད། ཁུལ་དེར་ཡོད་པའི་རྒྱ་གར་གཞུང་གི་ AIIMS སྨན་ཁང་དུའང་སྤྱན་བརྟག་དཔྱད་གནང་རྒྱུ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་རྡོ་རྗེ་གདན་ནས་ཆིབས་ཐོན་མ་མཛད་གོང་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང་འབྲེལ་སྟོན་པའི་༸སྐུ་བརྙན་རིན་པོ་ཆེར་ཐུགས་སྨོན་མཛད་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་སྔ་ཐོག་ཚོུད་ ༨ སྟེང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་སྔ་འགྱུར་རྙིང་མའི་སྐུ་ཚབ་རྣམ་པ་དང་སྤྱི་འཐུས། རི་མགོ་སྤྲུལ་སྐུ་སོགས་བླ་ཆེན་ཁག་གཅིག་ནས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་ཡོད་པ་དང་། ༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་རིན་པོ་ཆེ་མཆོག་ལ་གུ་རུའི་སྐུ་བརྙན་བྱིན་ཅན་ཞིག་ཕྱག་རྟགས་སུ་གསོལ་སྩལ་མཛད་དེ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཡང་མཛད་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ནས་ཕྱི་ཚེས་ ༢༥ ཉིན་བྱང་ཆུབ་མཆོད་རྟེན་ཆེན་གྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཐའི་ལེནྜི་དགོན་པ་གསར་པ་ At Watpa ཞེས་པ་དབུ་འབྱེད་རབ་གནས་མཛད་པ་དང་ཆབས་ཅིག ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་བདེ་སྐྱིད་བསྐྲུན་རྒྱུ་གཅིག་མཚུངས་ཡིན་པ་རེད། ལྷག་ཏུ་དེང་སྐབས་ཚན་རིག་མཁས་པ་མང་པོས་ནང་པའི་སེམས་ཁམས་རིག་པའི་ཐོག་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་སྟབས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་བཀྲིན་བསྩལ་འདུག གསར་འགོད་པས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་འབྲེལ་བའི་ཐོག་བཀའ་འདྲི་ཁག་ཅིག་ཞུས་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ད་བར་ཟླ་བ་གཉིས་ཙམ་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མུམ་བའེ་དང་སྦེང་ལོར། པུ་ནེ། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག ཝཱ་རཱ་ཎ་སཱི། དེ་བཞིན་རྡོ་གདན་བཅས་སུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲིད་བཞེས་བརྟག་དཔྱད་གྲུབ་རྗེས་ཟླ་ ༢ ཚེས་ ༡ ཉིན་བཞུགས་སྒར་དུ་ཚུར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་དང་། ཟླ་ ༣ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞིའི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་རྒྱ་གར་གྱི་སློབ་མ་ཆིག་ཁྲི་བརྒལ་བར་ཤེས་ཡོན་གྱི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་སྐོར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་དུ་Alice སློབ་གྲྭ་གཙོ་བོར་གྱུར་པའི་ས་གནས་ཀྱི་སློབ་ཕྲུག་ཆིག་ཁྲི་བཞི་སྟོང་སྐོར་ཞིག་ལ་ཤེས་ཡོན་ཁོངས་སུ་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་རྒྱ་གར་རྒྱལ་ཁབ་དེ་གང་འདྲ་ཆགས་མིན་དེ་ད་ལྟའི་མི་རབས་ཚོ་ལ་རག་ལས་ཡོད་པས་དེའི་ཐད་ཤེས་ཡོན་ནི་ལྡེ་མིག་ལྟ་བུ་ཡིན་པར་ལམ་སྟོན་བཀྲིན་བསྩལ་འདུག ༸གོང་ས་མཆོག་གི་བཀའ་སློབ་ཀྱི་མཛད་རིམ་དེ་ནི་ས་གནས་ཀྱི་ Alice སློབ་གྲྭས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། དེ་རིང་དུས་འཁོར་ཐང་ཆེན་ནང་དུ་བྷི་ཧཱར་ནང་གི་སློབ་གྲྭ་ ༡༥༣ གྱི་སློབ་ཕྲུག་ཆིག་ཁྲི་བཞི་སྟོང་སྐོར་ཞིག་དང་དགེ་རྒན་ལས་བྱེད་ཉིས་སྟོང་ལྷག་བཅར་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོའི་སྟེང་ Alice སློབ་གྲྭ་གསར་འཛུགས་གནང་མཁན་ Italy མི་རིགས་ཡིན་པ་སྐུ་ཞབས་ Valentino མཆོག་ནས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་སློབ་གྲྭ་དེ་ལྟར་བཙུགས་གནང་བ་དེ་ནི་རླབས་ཆེན་གྱི་བྱ་གཞག་ཞིག་དང་ང་ཚོར་གང་དགོས་པ་དེ་ལག་ལེན་དུ་སྐྱེལ་བ་རེད་ཅེས་ཁོང་ལ་ཡི་རངས་བསྔགས་བརྗོད་མཛད་ཡོད། མགོན་པོ་མཆོག་གིས་ Universal Ethics in Education འམ་ཤེས་ཡོན་ཁོངས་སུ་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བསྩལ་བའི་ཁྲོད། ༸གང་ཉིད་མཆོག་གིས་རྒྱ་གར་སློབ་ཕྲུག་རྣམས་ལ་དུས་ཚོུད་ནི་ག་དུས་ཡིན་ཡང་འགྲོ་གྱི་ཡོད་པ་དང་། འདས་པའི་དུས་ཚོུད་དེ་དག་ནི་འདས་པ་ཙམ་ཞིག་དང་ལོ་རྒྱུས་ནང་འཁོད་རྒྱུ་ཙམ་ལས་གཞན་གང་ཡང་བྱ་རྒྱུ་མེད་པ་རེད། འོན་ཀྱང་མ་འོངས་དེ་ཡག་པོ་ཞིག་བཟོ་ཐུབ་དང་མ་ཐུབ་གོ་སྐབས་ཆ་ཚང་ང་ཚོ་དང་ལྷག་པར་མི་རབས་གཞོན་པ་ཚོ་ལ་རག་ལས་ཡོད་ཅེས་ལམ་སྟོན་བཀའ་གནང་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་སློབ་མ་རྣམས་ལ་༸གང་ཉིད་མཆོག་དང་དེ་བཞིན་དེང་གི་ཚན་རིག་པ་དང་ཤེས་ཅན་མང་པོས་དེང་གི་ཤེས་ཡོན་ལམ་ལུགས་དེ་ཕྱི་དངོས་པོ་ཡར་རྒྱས་གཙོ་བོར་དམིགས་རྐྱེན་འཛམ་གླིང་འདིའི་ནང་དུ་དཀའ་ངལ་མང་དག་ཞིག་འཕྲད་དང་འཕྲད་མུས་ཡིན་པ་ངོས་འཛིན་གནང་གི་ཡོད་སྐོར་བཀའ་གནང་བ་དང་སྦྲགས། ང་ཚོས་དེང་གི་ཤེས་ཡོན་ལམ་ལུགས་ཀྱི་ཞེན་ཆ་དེ་ཤེས་ཐོག་སློབ་གྲྭའི་ནང་དུ་མིའི་ལྷན་སྐྱེས་ཀྱི་ནང་སེམས་རྒྱུད་ཀྱི་བཟང་སྤྱོད་རིན་ཐང་སྐོར་དེ་དག་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཁྲིད་གནང་སྟེ་སློབ་མའི་སེམས་རྒྱུད་ལ་འཇག་ཐབས་སུ་འབད་བརྩོན་དོན་ནན་གནང་དགོས་པ་མ་ཟད། སློབ་མ་ཚོས་ཀྱང་བསམ་གཞིག་ཡག་པོ་གནང་དགོས་པར་ལམ་སྟོན་བཀྲིན་བསྩལ་གནང་ཡོད། ད་དུང་༸གོང་ས་མཆོག་གིས་སློབ་ཕྲུག་རྣམས་ལ་དེ་སྔ་དཔལ་ནཱ་ལེནྡཱའི་ཤེས་ཡོན་ལྟེ་གནས་ཁང་དེ་ནས་མཁས་པ་ཚོས་རང་ལུགས་ཁོ་ན་མ་ཡིན་པར་ཁ་ཅིག་གཞན་གྱི་འདོད་ལུགས་ཁག་ལའང་སློབ་གཉེར་གནང་གི་ཡོད་པ་དེ་དག་དཔེ་ལ་བྱེད་ནས་སློབ་གྲྭའི་ནང་དུ་སློབ་ཚན་གང་ཞིག་བསླབ་རུང་ཀླད་པར་ཤེས་ཡོན་གྱི་ལག་ཆ་སྤྲད་དེ་རྒྱུ་མཚན་ཤེས་པའི་ཐོག་ནས་རང་ཉིད་རྙེད་པ་ཞིག་བཟོ་ཐུབ་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་གིས་ད་ལྟའི་རྒྱ་གར་གྱི་མི་རབས་གཞོན་པ་ཚོས་འཚེ་བ་མེད་པ་དང་ཆོས་ལུགས་མཐུན་སྒྲིལ་སོགས་རང་གི་གནའ་བོའི་རིག་གཞུང་དང་ཤེས་བྱ་ཕྱུག་པོ་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གང་ཐུབ་གནང་ཐུབ་ཚེ་མ་འོངས་ལོ་ཉི་ཤུ་དང་སུམ་ཅུ་རྗེས་སུ་ཏན་ཏན་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་པ་སོགས་ཐུགས་བརྩེའི་བཀའ་སློབ་གནང་ཡོད། ༸གོང་ས་མཆོག་གི་བཀའ་སློབ་ཀྱི་མཛད་རིམ་གསོལ་འདེབས་ཞུ་མཁན་ Alice སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་བསྟན་འཛིན་ལགས་ནས་ཤེས་ཡོན་ལྟེ་གནས་ཁང་དེའི་ངོ་སྤྲོད་སྙིང་བསྡུས་དང་སྦྲགས། དེ་རིང་གི་ལས་རིམ་གྲུབ་རྗེས་རྒྱ་གར་གྱི་དགེ་ལས་མང་པོས་སེམས་ཚོར་ཆེན་པོ་དང་བཅས་༸གོང་ས་མཆོག་གི་བཀའ་སློབ་གང་གནང་བ་དེ་དག་མཇུག་སྐྱོང་དང་ལག་ལེན་ཞུ་ཐབས་གནང་གལ་སྐོར་གསུངས་མཁན་བྱུང་འདུག

༸གོང་ས་མཆོག་གིས་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དབྱངས་ཀྱི་བྱིན་རླབས་དེ་འདྲ་བསྩལ་ཐུབ་པའི་ཐུགས་སྨོན་གནང་བཞིན་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་སུ་གནས་མཆོག་རྡོ་རྗེ་གདན་དུ་ཆེད་དུ་བྱ་བའི་འདུལ་བྱ་རྒྱ་རིགས་དད་ལྡན་པ་ཁག་གཅིག་ལ་ཉིན་གཉིས་རིང་རྡོ་རྗེ་གཅོད་པའི་བཀའ་ཁྲིད་དང་ལྷ་མོ་དབྱངས་ཅན་མའི་རྗེས་གནང་བཀྲིན་བསྩལ་ཡོད་པ་རེད། དེ་རིང་སྔ་ཐོག་ཚོུད་ ༡༡ སྟེང་མགོན་པོ་མཆོག་གིས་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་ཀྱིས་ཆེད་དུ་དམིགས་ནས་ཕེབས་པའི་རྒྱ་རིགས་དད་ལྡན་ཆོས་གྲོགས་རྣམས་ལ་ཡུམ་དབྱངས་ཅན་མ་དང་ཡབ་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་པོ་སྒྲུབ་ཐུབ་ཚེ་ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུའི་ཁྱད་པར་ཡོད་པ་དང་། ལྷག་པར་མགོན་པོ་མཆོག་གིས་རྒྱ་ནག་དེ་རྗེ་བཙུན་འཇམ་དཔལ་དབྱངས་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས་བྱིན་རླབས་ཁྱད་པར་བ་ཡོད་པ་དང་། ༸གང་ཉིད་མཆོག་ནས་ཀྱང་མ་འོངས་པ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དབྱངས་ཀྱི་བྱིན་རླབས་དེ་འདྲ་བསྩལ་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་གནང་འདུག རྩ་བའི་དེ་རིང་སྔ་ཐོག་༸གང་ས་མཆོག་གིས་རྒྱ་རིགས་དད་ལྡན་པ་གཙོ་བོར་གྱུར་པའི་ཕྱི་ནང་གི་ཆོས་ཞུ་བ་ཁྲི་ཚོ་ཁ་ཤས་ལ་རྡོ་རྗེ་གཅོད་པའི་བཀའ་ཆོས་འཕྲོ་སྐྱོང་དང་དེ་གྲུབ་མཚམས་སུ་ལྷ་མོ་དབྱངས་ཅན་མའི་རྗེས་གནང་བཀྲིན་བསྩལ་ཡོད་པ་རེད། དེ་ཡང་སྐབས་དེར་༸གང་ཉིད་མཆོག་གིས་རྡོ་རྗེ་གཅོད་པ་ལས་གཏི་མུག་བདེན་འཛིན་གྱི་གཉེན་པོ་བདག་མེད་ལྟ་བའི་སྐོར་ལ་ལམ་སྟོན་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་འགོ་འཛུགས་ཀྱི་དེ་རིང་བར་ཆོས་འབྲེལ་མི་འདྲ་བ་ཁག་བཞི་བཀྲིན་བསྩལ་ཡོད་པ་ལྟར། དེ་རིང་ཉིན་མཐའ་མའི་སྟེང་མགོན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་པ་ཀུན་ལ་ཆོས་འབྲེལ་མང་དག་ཐོབ་རྗེས་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་དང་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐོག་ལ་དོ་སྣང་ཤུགས་ཆེ་ཙམ་གནང་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་དང་སེམས་བཟང་པོའི་ཀུན་སློང་གོང་དུ་འཕེལ་ཐུབ་ན་རྡོ་རྗེ་གདན་དུ་སླེབས་རིན་ཆོག་པ་རེད་ཅེས་ཐུགས་བརྩེའི་ལམ་སྟོན་རྒྱ་ཆེ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་གྲངས་ཉི་ཤུ་ལྷག་དེའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཐོག་མར་ནཱ་ལེནྡཱ་སློབ་གཉེར་ཁང་འམ་ Nalanda Shiksha ཞེས་པའི་རྒྱ་གར་གྱི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུ་ལྗང་པའི་མདོ་གཉིས་ཀྱི་ཆོས་འབྲེལ་དང་། དེའི་རྗེས་སུ་ཚེས་ ༡༤ ནས་ཉིན་གསུམ་རིང་ལ་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ལྷན་ཐུགས་རྗེ་ཆེན་པོའི་བཀའ་དབང་། ཕྱི་ཚེས་ ༡༨ ནས་ ༢༡ བར་འཇིགས་བྱེད་ལྷ་བཅུ་གསུམ་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད།

རྒྱ་རིགས་ཚོས་ཕ་མེས་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་གཅེས་ཉར་བྱེད་དགོས་པར་ལམ་སྟོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་དད་ལྡན་གཙོ་གྱུར་ཐེ་ཝན། སིངྒ་པུར། མ་ལེ་ཤི་ཡའི་རྒྱ་རིགས་རྣམས་ལ་ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་འབྲེལ་དངོས་གཞི་དབུ་འཛུག་མ་གནང་གོང་མགོན་པོ་༸གང་ཉིད་མཆོག་ནས་ནང་ཆོས་ཀྱི་སྤྱི་བཤད་བཀྲིན་སྩལ་སྐབས་སྤྱིར་འཛམ་གླིང་ནང་མིའི་ཁམས་དང་མོས་པ་འདྲ་མིན་ཡོད་པ་ལ་དཔག་པའི་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་ནི་ཆོས་ལུགས་གཞན་དང་མི་འདྲ་བར་རིག་པས་དཔྱད་ནས་མིའི་རྣམ་དཔྱོད་རྩལ་དུ་འདོན་རྒྱུ་ཡོད་པའི་ཆོས་ཤིག་ཡིན་སྐོར་དང་། དགོན་པ་ཞིག་མཐོང་བ་ཙམ་གྱིས་དད་པ་ཁོ་ན་མིན་པར་དེ་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པར་ཚོར་སྣང་ཞིག་སླེབས་ཐུབ་པ་བཟོ་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་བ་དང་འབྲེལ། མི་རབས་མང་པོ་ནས་བརྒྱུད་པའི་ཕ་མེས་ཀྱི་ཆོས་དེ་བདག་གཅེས་ལེགས་པོ་གནང་དགོས་པར་ལམ་སྟོན་བསྩལ་འདུག དེ་ཡང་༸གོང་ས་མཆོག་ནས་སངས་རྒྱས་པའི་ཆོས་སྤྱི་དང་སྒོས་སུ་དཔལ་ནཱ་ལེནྡཱ་ནས་བྱུང་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་བོད་དུ་མ་དར་བའི་སྔོན་ནས་རྒྱ་ནག་ཏུ་དར་ཁྱབ་ཡོད་པ་དང་། རྒྱ་མི་རིགས་ཚོ་ཕ་མེས་ནས་ནང་པ་ཡིན་སྟབས་བསམ་བློའི་ནང་ལྷན་སྐྱེས་སུ་ནང་ཆོས་དང་སེམས་ཐག་ཉེ་པོ་ཞིག་ཡོད་པ་མ་ཟད། ལྷག་པར་བོད་དང་རྒྱ་ནག་དབར་དུས་རབས་མང་པོའི་སྔོན་ནས་ཆོས་ཀྱི་འབྲེལ་བ་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག རྒྱ་རིགས་ཚོས་ཕ་མེས་ནས་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་གཅེར་ཉར་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད། ༸གང་ཉིད་མཆོག་གིས་ད་དུང་འཛམ་གླིང་ནང་ཆོས་ལུགས་ཁག་དར་ཚུལ་དང་ལྷག་པར་རྒྱ་གར་ནང་གྲངས་ཅན་པ་ནས་རིམ་བཞིན་ཆོས་ལུགས་འདྲ་མིན་དར་བ་དང་། ཁྱད་པར་དུ་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་བྱུང་ཚུལ་སོགས་ངོ་སྤྲོད་མཛད་པ་དང་བསྟུན། རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་ཐོག་༸གང་ཉིད་མཆོག་ནས་རྒྱུན་དུ་ཡིད་སྨོན་ཆེན་པོ་གནང་བཞིན་སྐོར་བཀའ་བསྩལ་བ་མ་ཟད་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཞི་ཅིང་ཕིང་གིས་དེ་སྔོན་པེ་རིས་(Paris)དང་སླར་རྒྱལ་ས་ལྡིའི་ (Delhi) ནང་བཅས་སུ་ནང་པའི་ཆོས་དེ་རྒྱ་ནག་གི་རིག་གཞུང་ནང་ཆ་ཤས་གལ་ཆེ་ཞིག་ཡིན་པ་གཏམ་བཤད་བྱས་ཡོད་པ་ལྟར་མི་རིགས་གང་ཡིན་རུང་སོ་སོའི་ཕ་མེས་ནས་ཡོད་པའི་ཆོས་དང་རིག་གཞུང་གཅེས་ཉར་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་སོགས་ངོ་སྤྲོད་མཛད་འདུག དེ་རིང་གི་བཀའ་ཆོས་དེའི་ཐོག་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་དད་ལྡན་གཙོ་གྱུར་ཐེ་ཝན། སིངྒ་པུར། མ་ལེ་ཤི་ཡ་སོགས་ནས་རྒྱ་རིགས་ཆོས་ཞུ་བ་སུམ་སྟོང་ལྷག་ཆེད་བཅར་ཞུས་འདུག་པ་དང་གྲྭ་བཙུན་དང་སེར་སྐྱ་མི་མང་བཅས་ཁྱོན་ཆོས་ཞུ་བ་ཉིས་ཁྲི་ལ་ཉེ་བ་འདུ་འཛོམས་བྱུང་འདུག མཛད་འཆར་གཞིགས་ན། ༸གོང་ས་མཆོག་གིས་དེ་རིང་ནས་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ལ་རྒྱ་རིགས་ཚོར་ཆོས་འབྲེལ་བཀྲིན་བསྩལ་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ཁུལ་དེར་ཡོད་པའི་རྒྱ་གར་སློབ་གྲྭ་ཁག་གཅིག་གི་སློབ་ཕྲུག་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༨ ཉིན་རྡོ་གདན་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་དང་དེ་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་མཛད་ཀྱི་འདུག

༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཐོག་བློ་འཚབ་མ་གནང་རོགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟའི་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་ལྷག་ལ་བཀའ་ཆོས་བཀྲིན་སྩོལ་བཞིན་པའི་ཁྲོད། ཁ་སང་ཕྱི་དྲོ་ས་གནས་ཉེན་རྟོག་པས་གསུང་ཆོས་རྭ་བའི་ཉེ་འཁྲིས་ནས་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་རེད། འོན་ཀྱང་འབར་རྫས་ཀྱི་གནད་དོན་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭར་དམིགས་པ་ཞིག་མིན་པ་དང་། ད་ལྟའི་ཆར་མངའ་སྡེའི་གཞུང་ནས་༸སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཉེན་སྲུང་ཚད་མཐོ་རུ་བཏང་ཡོད་སྟབས་བོད་མི་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་བློ་འཚབ་མ་གནང་རོགས་ཞེས་འབོད་སྐུལ་གནང་འདུག

༸གོང་ས་མཆོག་གིས་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་གི་སྟ་གོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་རྒྱུད་གྲྭ་སྨད་སྟོད་གཉིས་དང་དོན་གཉེར་བ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཆོས་རར་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་གི་སྟ་གོན་བཀྲིན་བསྩལ་ཡོད་པ་རེད། བཀའ་དབང་དེའི་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རིས་མེད་མཁན་བླ་སྤྲུལ་གསུམ་དང་དགེ་འདུན་པ་བཅས་མང་དག་ཞིག་འདུ་ཚོགས་བྱུང་ཡོད་པ་མ་ཟད། ད་དུང་རྒྱ་ནག་གིས་གཙོས་པའི་ཨེ་ཤ་ཡུལ་གྲུ་ཁག་གི་ནང་པ་དང་ནུབ་ཕྱོགས་ཁུལ་གྱི་ནང་ཆོས་ལ་དོན་གཉེར་ཅན་མང་པོ་ཞིག་ཆོས་ཞུར་བཅར་ཡོད་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་སྤྱིར་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དམ་ཟབ་དགོས་པ་དང་། ཁྱད་པར་དུ་བོད་ཀྱི་ནང་བསྟན་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་ཆེས་དགོས་གལ་ཡིན་སྐོར་སོགས་ཆོས་འབྲེལ་ལམ་སྟོན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནས་དབུ་འཛུགས་མཛད་པའི་ཆོས་འབྲེལ་དེའི་ཆེད་དུ་བྱ་བའི་འདུལ་བྱ་གཙོ་བོ་ནི་དགེ་འདུན་པ་ཚོ་ཡིན་སྟབས། དེ་རིང་དགེ་འདུན་པ་དང་ཕྱི་རྒྱལ་མི་རིགས་གཙོ་བོ་ལས་མི་མང་སྐྱ་བོ་དེ་ཙམ་མང་པོ་མེད་པས་ཆོས་འབྲེལ་དེའི་ཐོག་ཁྱོན་ཆོས་ཞུ་བ་ཉིས་ཁྲི་ལྷག་ཙམ་ཡོད་པ་རེད་འདུག

འཛམ་གླིང་ཞི་བདེ་དང་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་གྱི་མཆོད་འབུལ།

དེ་རིང་ཟླ་ ༡ ཚེས་ ༡༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་སྐབས་ཉེར་དགུ་པ་དབུ་འཛུགས་དང་འབྲེལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རི་པོ་ཆེ་དང་ཁྲི་ཟུར། སྔ་འགྱུར་རྙིང་མའི་ཁྲི་འཛིན། དེ་བཞིན་མཁན་བླ་སྤྲུལ་དགེ་འདུན་དང་མི་མང་བཅས་ནས་གནས་མཆོག་རྡོ་རྗེ་གནད་གྱི་མཆོད་རྟེན་ར་བར་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་དོན། འཛམ་གླིང་ཞི་བདེ། དེ་བཞིན་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་ཞུ་ཕྱིར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་འདུག ད་དུང་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཆོས་བསྩལ་དང་སྩོལ་བཞིན་པ་དང་བསྟུན་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་རིང་ཉིན་རྒྱབ་ཏུ་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག

སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ནས་དབུ་འཛུགས་མཛད་པའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་དེ་རིང་དངོས་སུ་ལེགས་གྲུབ་བྱུང་ཡོད་པ་རེད། ལྷག་དོན་ཉིན་མཐའ་མའི་ཆོས་འབྲེལ་དེའི་ཐོག་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་བརྒལ་བ་དེ་དག་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད་བཀའ་ཆོས་གསོལ་འདེབས་ཞུ་མཁན་གྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཨེ་ཤ་ཡའི་མི་རིགས་དེ་དག་གིས་སོ་སོའི་ཕ་མེས་ནས་ཡོད་པའི་ནང་པའི་ཆོས་དེ་མི་ཉམས་རྒྱུན་འཛིན་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ལྷག་དོན་མགོན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཞིག་མ་ཡིན་པར་དེང་རབས་དང་ཆེས་མཐུན་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་བསྩལ་བ་དང་ཆབས་ཅིག ད་རེས་གནས་མཆོག་ཁྱད་པར་ཅན་དང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཆོས་ཞུ་བ་ཚོས་སྡོམ་པ་བླངས་ཐུབ་པ་བཅས་ནི་ཁྱད་པར་ཤིན་ཏུ་ཆེན་པོ་ཡིན་སྐོར་སོགས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ལག་ལེན་སོ་བདུན་མའི་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་བཅས་ཀྱི་ཆོས་འབྲེལ་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡ ཚེས་ ༡༥ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་ཆོས་རར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀྲིན་བསྩལ་གནང་བ་མ་ཟད། སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོ་སྟ་གོན་དང་། དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་བཅས་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་གནས་ཁྱད་པར་དུ་འདུས་པའི་ཆོས་ཞུ་བ་རྣམས་ལ་ཆོས་ཁས་ལེན་བྱེད་མིན་ལ་ལྟོས་མེད་རྒྱུན་དུ་སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པ་དང་། སེམས་བཟང་པོ་བྱ་ཚེ་མི་གཞན་ནས་སོ་སོར་ཡིད་ཆེས་ཐུབ་པ་མ་ཟད། གཞན་གྱི་དགའ་མོས་ཡང་བྱེད་ངེས་ཡིན་པ་སོགས་ལམ་སྟོན་བཀའ་སློབ་བསྩལ་འདུག ལྷག་དོན་རང་དོན་ཁོ་ན་དོན་དུ་གཉེར་མཁན་དེ་ལ་མི་གཞན་ནས་ཡིད་ཆེས་བྱེད་དཀའ་བ་དང་དོན་དམ་པའི་གུས་ཞབས་ཐོབ་དཀའ་བ་ཡིན་པ་སོགས་ལམ་སྟོན་དང་སྦྲགས་ཏེ་བཀའ་ཆོས་བསྩལ་ཡོད་པ་རེད། དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་ལག་ལེན་སོ་བདུན་མའི་བཀའ་ཆོས་ལེགས་པར་གྲུབ་བསྟུན་སང་ཚེས་ ༡༦ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་རྣམ་རྒྱལ་གྲྭ་ཚང་གཉིས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

Latest news