Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཨ་མ་ཊེ་རེ་ས་དམ་པར་ཡེ་ཤུའི་སྐྱེས་ཆེན་དམ་པའི་མཚན་གནས་ཕུལ་བར་འཚམས་འདྲི་མཛད་པ།

ཁ་ཉིན་ཚེས་ ༤ ཉིན་ཡོ་རོབ་ཀྱི་གྲོང་ཁྱེར་ Vatican City ནང་རྟེན་གཞི་བྱས་པའི་ཡེ་ཤུའི་མཆོད་ཁང་ St.Peters ཞེས་པར་མང་ཚོགས་ཆིག་ཁྲི་ལྷག་འདུ་འཚོམས་གནང་ཐོག་ཡེ་ཤུའི་བླ་ཆེན་ Pope Francis མཆོག་གིས་ཡེ་ཤུའི་རྗེ་བཙུན་མ་འམ་ཡོངས་གྲགས་སུ་ཨ་མ་ཊེ་རེ་ས་ Mother Teresa དམ་པ་ཁོང་ འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༡༩ འཁོར་རྗེས་ཁོང་གིས་དེ་སྔ་འཛམ་གླིང་སྤྱི་དང་སྒོས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ས་གནས་ཡུལ་མི་སྐྱོ་བོ་དང་ནད་གཅོང་རྣམས་ལ་གཟིགས་སྐྱོང་རྒྱ་ཆེ་གནང་པའི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་དམ་པ་ཁོང་ལ་ཡེ་ཤུའི་སྐྱེས་བུ་དམ་པ་ཞེས་ཆེས་མཐོའི་མཚན་གནས་ཕུལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་ཐུགས་ཆེས་དགྱེས་ཚོར་བྱུང་སྐོར་གྱི་གསུང་འཕྲིན་ཞིག་རྒྱ་གར་མངའ་སྡེ་ནུབ་བྷེན་གྷལ་ West  Bengal ནང་གྱི་རྒྱལ་ས་ Kolkata ལ་རྟེན་གཞི་བྱས་པའི་ཨ་མ་ཊེ་རི་ས་དམ་པ་དེ་ཉིད་ཀྱི་ཡེ་ཤུའི་དགེ་རྩའི་ Missionaries of Charity ཞེས་པའི་མཚན་ཐོག་ཏུ་བསྩལ་འདུག གསུང་འཕྲིན་དེའི་ནང་འཁོད་དོན་ལ། ༸གང་ཉིད་མཆོག་གིས་ཨ་མ་ཊེ་རེ་ས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་ལ་འགྲོ་བ་མི་རིགས་སྤྱི་དང་། ལྷག་དོན་ཕ་མ་དང་མགོན་སྐྱབས་བྲལ་བའི་ཉམ་ཐག་ནད་གཅོང་དང་དབུལ་ཕོངས་རྣམས་ལ་དབྱེ་མེད་ཀྱིས་བྱམས་སྐྱོང་གནང་པའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས། ད་རེས་དམ་པ་ཁོང་ལ་ཡེ་ཤུའི་སྐྱེས་བུ་དམ་པའི་མཚན་གནས་ཐོབ་པར་དགེ་རྩའི་ནང་ཕྱག་ལས་གནང་མཁན་དང་། རྗེས་མཇུག་རྣམས་ལྷན་ ༸གང་ཉིད་མཆོག་ལའང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་། དེ་སྔ་མགོན་པོ་མཆོག་དམ་པ་ཁོང་དང་མཇལ་འཕྲད་བྱུང་སྐབས་དང་། སྔར་ལོ་དམ་པ་ཁོང་གི་དགེ་རྩར་ཕེབས་ཏེ་དམ་པ་ཁོང་གི་ཕྱག་རོགས་ཡེ་ཤུའི་བཙུན་མ་རྣམས་པ་དང་མཇལ་འཕྲད་མཛད་པ་གཙོས། གནས་གཟིགས་གནང་སྐབས་ཨ་མ་ཊེ་རེ་ས་དམ་པ་ཁོང་ནི་གང་ཟག་མིག་དཔེ་འོས་པ་ཞིག་རེད་འདུག་སྙམ་པའི་ཐུགས་ཚོར་བྱུང་མྱོང་ཡོད་སྐོར་ཡང་བཀའ་བསྩལ་འདུག   མཐར་དོན་མགོན་པོ་༸གང་ཉིད་མཆོག་གིས་ཇི་སྲིད་དབུལ་ཕོངས་གནས་པ་དེ་སྲིད་དུ་དགེ་རྩ་ཚོགས་པའི་ལས་དོན་དག་ལ་འགེགས་མེད་རྒྱུན་སྐྱོང་ཡོང་ཐུབ་པར་ཐུགས་སྨོན་ཡང་མཛད་འདུག གཞི་རྩའི་ཨ་མ་ཊེ་རེ་ས་དམ་པ་ཁོང་ནི་སྤྱི་ལོ་ ༡༩༡༠ ལོར་ཡོ་རོབ་ཀྱི་ Albania རྒྱལ་ཁབ་ནང་འཁྲུངས་ཤིང་རིམ་པས་རྒྱ་གར་ནང་གནས་སྡོད་བྱེད་དེ་ས་གནས་ཡུལ་མི་ཉམས་ཐག་རྣམས་ལ་ལྟ་སྐྱོང་སླད་རང་ཉིད་ཀྱི་དགེ་རྩ་ཚོགས་པ་ Missionaries of Charity  ཞེས་པ་ཆེད་འཛུགས་གནང་པ་མ་ཟད། ད་ལྟའི་ཆར་དམ་ཁོང་གི་དགེ་རྩ་ཚོགས་པ་དེ་ལ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༡༣ ལྷག་གི་ནང་ལ་དེའི་ཡན་ལག་བཙུགས་ཐུབ་ཡོད་པ་དང་། དེ་དག་ནང་ཕྱག་ལས་གནང་མཁན་ཡེ་ཤུའི་བཙུན་མ་ ༤༥༠༠ ལྷག་ཡོད་པ་རེད། དམ་པ་ཁོང་སྤྱི་ལོ་ ༡ ༩༩༧ ལོར་འདས་གྲོངས་སུ་གྱུར་ཡོད་ཀྱང་། ཁོང་གི་མཛད་རྗེས་དེ་དག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་ Desmond Tutu སོགས་རྒྱལ་སྤྱིའི་དབུ་ཁྲིད་མང་པོས་ཡི་རངས་ཀྱི་ཆེ་བསྟོད་ཤུགས་ཆེ་གནང་བཞིན་ཡོད་པ་དང་། ལྷག་དོན་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཏེ་སྤྱི་ལོ་ ༡༩༧༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་སོགས་རྒྱལ་སྤྱིའི་གཟེངས་རྟགས་ཆེ་གྲས་ཁག་ཅིག་ཀྱང་བཞེས་མྱོང་ཡོད་པ་རེད།

༸གོང་ས་མཆོག་ལ་མཚན་སྨད་སྒྲོ་སྐུར་ཞུ་རིགས་ལ་གདོང་ལེན་གནང་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢ ཉིན་སྔ་དྲོ་བོད་མིའི་གཞིས་སྒར་ལྡི་ལི་བསམ་ཡས་གླིང་དུ་ལྡི་ལི་བོད་ཀྱི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ པའི་མཛད་སྒོའི་ཐོག་དེ་རིང་གི་དུས་ཆེན་དེའི་འཕེལ་རིམ་རང་བཞིན་ གྱི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཡིན་པ་བསམ་ཤེས་ཐུབ་ཀྱང་། བོད་མིའི་སྤྱི་ཚོགས་ཁྲོད་རང་མགོ་ཐོན་ཡིན་སྙམ་ཏེ་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་ མཚན་སྨད་སྒྲོ་སྐུར་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་གནས་ཚུལ་ཁག་ཅིག་ཡོང་བཞིན་འདུག་ཅེས་གསུངས་པ་མ་ཟད། སྔར་དོལ་རྒྱལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲིམས་རར་སྦྱར་རྒྱུའི་འབད་བརྩོན་ཆ་ཚང་བྱས་ཀྱང་དེ་ལྟར་མ་ཐུབ་པ་ཞིག་རེད། འོན་ཀྱང་དེང་ཆར་མི་སྒེར་ལ་ལས་༸གོང་ས་མཆོག་ཁྲིམས་རར་སྦྱར་རྒྱུའི་གནས་ཚུལ་ཐོས་རྒྱུ་འདུག་པ་ལྟར། གལ་ཏེ་དེ་ལྟར་བྱ་རྒྱུ་ཡོད་ན་ངེས་པར་རྒྱུ་མཚན་ལྡན་པ་བྱེད་རོགས་ང་ནི་༸གོང་ས་མཆོག་གི་སྐུ་ཚབ་གཅིག་གི་མིང་འཁྱེར་ཡོད་པ་མ་ཚད་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་སྐུ་ཚབ་ཡིན་པའི་ངོས་ནས་གནད་དོན་དེ་དག་གི་མདུན་སར་བཅར་དགོས་བྱུང་ཚེ་བཅར་ནས་གདོང་ལེན་བྱ་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་སོང་། ད་དུང་ཁོང་གིས་ས་གནས་ཀྱི་བོད་མི་ཚོ་སྤྱི་བའི་རྩ་དོན་ཐོག་ལ་ལྷག་བསམ་ཡོད་པ་དང་རྡོག་དྲིལ་པོ་ཡོད་པར་ངོས་བཞེས་ཀྱིས་བོད་མི་ཕལ་ཆེ་བ་འཚོ་བ་རང་འཚོ་ཡིན་པས་འཚོ་ཐབས་གང་གཉེར་རུང་བོད་སྒར་རང་གི་ནང་ཁྲིམས་དང་། ལྷག་པར་དུ་རྒྱ་གར་གཞུང་གི་རྩ་ཁྲིམས་དང་མཐུན་པ་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་པ་མ་ཟད། བོད་སྒར་འདིའི་ནང་ད་དུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རིགས་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་ཚོས་ཀྱང་རིམ་པས་ཁྲིམས་མཐུན་ཡོང་ཐབས་གནང་གལ་ཆེ་བའི་ལམ་སྟོན་གནང་ཡོད་པ་རེད། བོད་མི་ཚོས་རང་ཉིད་ཀྱི་འཚོ་ཐབས་གཉེར་སྐབས་ཁྲིམས་མཐུན་གྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་ཚེ་ཞི་བདེ་བག་ཕེབས་ཀྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མང་ཉུང་ལ་ལྟོས་མེད་རོགས་རམ་དང་མཐུན་འགྱུར་ཞུ་སྒོ་དག་ཞུས་ངེས་ཡིན་སྐོར་གསུངས་སོང་།

༸གོང་ས་མཆོག་གིས་༸གང་ཉིད་མཆོག་ལྷོ་ཀོ་རི་ཡར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ།

དེའང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༨ ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༡ བར་བཅས་ཉིན་གྲངས་བཞིའི་རིང་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྐྱངས་པ་དང་བསྟུན།  མགོན་པོ་༸གང་ཉིད་མཆོག་གིས་རེས་གཟའ་མིག་མར་ཉིན་༸རྒྱལ་བའི་ཕོ་བྲང་དུ་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཚོགས་པའི་འཐུས་མི་ཁག་ཅིག་དང་ལྷོ་ཀོ་རི་ཡའི་གསར་འགོད་པ་ཁག་ཅིག་བཅས་ལ་ཟུར་དུ་བཀའ་སློབ་བཀྲིན་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་ད་བར་ཨེ་ཤེ་ཡའི་རྒྱལ་ཁབ་ལས་ཉི་ཧོང་མ་གཏོགས་དེ་མིན་རྒྱལ་ཁབ་གཞན་གང་དུའང་བསྐྱོད་ཐུབ་མ་སོང། ལྷོ་ཀོ་རི་ཡའི་དད་ལྡན་རྣམས་ཀྱི་བློ་གཙང་མ་དང་རང་ཉིད་ཀྱི་དད་པ་མུ་མཐུད་བརྟན་པོ་གནས་པ་ཡིན་ན། ངོས་རང་མ་འོངས་པར་ཡུལ་དེའི་ནང་ངེས་པར་དུ་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་ལྷོ་ཀོ་རི་ཡའི་ནང་གི་ཆོས་ཚོགས་ཁག་ཅིག་གིས་དེ་སྔོན་ ༢༠༠༢ དང། ༢༠༠༧ ལོ་བཅས་ཀྱི་ནང་༸གོང་ས་མཆོག་ཁུལ་དེར་གདན་འདྲེན་ཞུ་ཕྱིར་མཐོང་མཆན་རག་ཐབས་སུ་འབད་བརྩོན་ལྷོད་མེད་གནང་ཡོད་ཀྱང། ཀོ་རི་ཡའི་གཞུང་གིས་རྒྱ་གཞུང་དང་ཀོ་རི་ཡའི་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ལ་འཛེམས་ཏེ་ད་བར་ངོས་བཞེས་ཀྱི་མཐོང་མཆན་ཕུལ་མེད་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་རེས་གཟའ་མིག་མར་ཉིན་༸གང་ཉིད་ཀྱི་ད་ཆ་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་ཟིན་སྐོར་བཀའ་སྩལ་བསྐྱར་ནན་མཛད་པ་དང་འབྲེལ། ད་སྐབས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན། མགོན་པོ་༸གང་ཉིད་ཡུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་ཏེ་བཞུགས་སྒར་དུ་ཆོས་འབྲེལ་ལེགས་གྲུབ་མཛད་པ།

དེ་རིང་ཟླ་ ༩ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་བཞིའི་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་ ༥༠༠༠ ལྷག་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་དབང་དེ་ནི་དགེ་སློང་མ་པདྨོ་ནས་བརྒྱུད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་ཞིག་ཆགས་ཡོད་པར་ངོ་སྤྲོད་དང་འབྲེལ། ཆོས་ཆོས་སུ་སོང་བར་གཙོ་བོ་ཀུན་སློང་བཟང་པོ་དགོས་གལ་ཡིན་པ་དང་། ལྷག་པར་དུ་དབང་ཞུ་སྐབས་དམིགས་པ་སེམས་ཅན་ཐམས་ཀྱི་དོན་དུ་སངས་རྒྱས་བོ་སྙམ་པའི་ཀུན་སློང་དགོས་གལ་ཆེ་བའི་ལམ་སྟོན་བསྩལ་སོང་། མགོན་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞིི་དབུ་འཛུགས་མ་མཛད་གོང་། ཆོས་ཞུ་བ་ཚོར་དགེ་བསྙེན་དང་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་བཅས་འབོག་ཆོག་གནང་པ་མ་ཟད།  རྒྱལ་བ་དགྱེས་པའི་མཆོད་པ་ངོ་མ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་གཞི་མ་ཡོད་པའི་ཐོག་ནས་གསང་སྔགས་ཀྱི་ཆོས་ཉམས་ལེན་གནང་རྒྱུ་ཡིན་པའི་བཀའ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་འབྲེལ་མཇུག་སྒྲིལ་དང་བསྟུན་ནང་པའི་དད་ལྡན་ཚོར་ངོས་ནས་འདས་པའི་ཉིན་བཞིའི་རིང་ཆོས་ངོ་སྤྲོད་ཞུ་རྒྱུའི་ལས་འགན་དེ་དེ་རིང་ཚར་ཡོད། འོན་ཀྱང་ཆོས་ཞུ་བ་ཁྱེད་རང་ཚོས་ལས་འགན་དེ་ཆོས་ཉམས་ལེན་བྱེད་རྒྱུ་དེ་རེད་ཅེས་སྐུལ་ལྕག་མཛད་ཡོད། གཞི་རྩའི་ ༸གོང་ས་མཆོག་གི་བཀའ་ཆོས་ཐོག Singapore དང་ཀོ་རི་ཡ། Malaysia  Vietnam དེ་བཞིན་ Thailand དང་། Indonesia ལ་སོགས་པའི་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ ༡༥༥༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༥༧ གྱི་ཆོས་ཞུ་བ་ ༥༠༠༠ ལྷག་བཅར་ཡོད་པ་རེད།            

༸གོང་ས་མཆོག་གིས་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པ་བཟོ་རྒྱུ་ཐུན་མོང་གི་འགན་ཡིན་པ་བཀའ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་བསླབ་པ་སྙིང་པོ་བྱམས་བརྩེ་དགོས་པ་ལྟར་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པ་བཟོ་རྒྱུ་ནི་ཐུན་མོང་གི་འགན་ཡིན་པ་བཀའ་བསྩལ་སོང་། དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་འཕྲཔ་སྐྱོང་མཛད་མུས་ལྟར། གོང་༸གང་ཉིད་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་སྙིང་པོ་ལ་བྱམས་བརྩེ་དགོས་ཀྱི་ཡོད་པ་དང་། ད་ཆ་འཛམ་གླིང་འདིའི་སྟེང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་གཙོ་བོ་བྱམས་བརྩེ་མེད་པར་བརྟེན་ནས་ཡོང་གི་ཡོད་སྟབས།  མིས་བཟོས་པའི་དཀའ་ངལ་དེ་དག་ལས་ཐར་ཐབས་དང་ཁྱད་པར་དུ་འཛམ་གླིང་འདི་མཛའ་མཐུན་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཚང་མས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་རང་བཞིན་དེ་གོང་འཕེལ་གཏོང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་སོང་། ད་དུང་མགོན་པོ་མཆོག་གིས་དུས་རབས་ ༢༡ པའི་སངས་རྒྱས་པའི་ཆོས་པ་གནང་ཡག་ལ་གཙོ་བོ་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་དམིགས་བསལ་ཐུགས་སྣང་ཆེན་པོས་སློབ་གཉེར་གནང་དགོས་གལ་ཡིན་སྐོར་བཀའ་སྩལ་དང་ཆབས་ཅིག རབ་བྱུང་ཕོ་མོ་ཙམ་མིན་པར་མི་སྐྱ་ཕོ་མོ་ཚོས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཐར་པ་དང་ཐམས་ཅད་མཁྱེན་པ་བརྙེས་ཕྱིར་ལྗགས་རྩོམ་མཛད་པའི་གཞུང་ཆེན་དག་ལ་ཆེད་གཉེར་གྱིས་མཁས་བཙུན་བཟང་གསུམ་འཛོམས་པ་གནང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་བཀའ་ནན་བསྩལ་སོང་། ༸གོང་ས་མཆོག་གིས་སྔར་བདག་ཅག་གི་སྟོན་པ་མཉམ་མེད་སངས་རྒྱས་ཤྭཀྱ་ཐུབ་པ་༸གང་ཉིད་མཆོག་སྐུ་བལྟམས་ཚེ་རྒྱལ་བའི་ཕོ་བྲང་དུ་སྐུ་མི་བལྟམས་པར་སྐྱེད་མོས་ཚལ་གྱི་ཤིང་གྲིབ་བསིལ་འོག་ཏུ་སྐུ་བལྟམས་པ་དང་། དེ་བཞིན་བྱང་ཆུབ་ཤིང་གི་ལྗོན་པའི་འོག་མངོན་པར་རྫོགས་པ་དང་མྱ་ངན་ལས་འདས་པའི་ཚུལ་བསྟན་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། ཁྱད་པར་དུ་དེང་གི་ཆར་འཛམ་གླིང་གི་ཚ་དྲོད་ཤུགས་ཆེ་འཕར་བཞིན་པའི་དུས་མཚམས་འདིར། སངས་རྒྱས་པའི་ཆོས་པ་ཚོའི་ངོས་ནས་བཅོམ་ལྡན་འདས་ཀྱིས་དེ་སྔ་ཁོར་ཡུག་འབག་བཙོག་མི་བཟོད་པར་དེ་དག་སྲུང་སྐྱོབ་གནང་དགོས་སྐོར་གྱིས་གསུངས་པའི་ལམ་སྟོན་དེར་བརྩི་སྲུང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དམིགས་བསལ་ཐུགས་སྣང་གནང་དགོས་པའི་སྐུལ་ལྕག་བཅས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཆོས་ཞུ་བ་ཁག་ཅིག་ལ་ཚོར་སྣང་ཇི་བྱུང་ཐོག་བཅར་འདྲི་ཞུས་པའི་ཁྲོད། ཐའེ་ལེན་ཌི་ནས་ཆེད་བཅར་ཞུས་པའི་བོུ་གཅིག་གིས་ང་རང་ད་རེས་༸གོང་ས་མཆོག་གི་༸སྐུ་མདུན་ནས་གསུང་ཆོས་ཞུ་བ་ཐེངས་དང་པོ་ཆགས་ཀྱི་ཡོད། ང་རང་སེམས་པ་སྐྱིད་པོ་ཞེ་དྲག་བྱུང་། དེ་སྔོན་ང་རང་ཤི་རྒྱུར་ཞེད་ཀྱི་འདུག འོན་ཀྱང་༸གོང་ས་མཆོག་གི་གསུང་ཆོས་ཉན་པར་བརྟེན་ང་རང་མི་ཚེའི་སྐོར་གོ་རྟོགས་སྔར་ལྷག་བྱུང་བ་མ་ཟད། གལ་སྲིད་ང་དེ་རིང་ཤི་དགོས་བྱུང་ཡང་ང་མི་ཞེད་པར་ཤི་ཐུབ་ས་རེད་ཅེས་གསུངས་སོང་།

༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་དགོས་པའི་བཀའ་བསྩལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མས་སྟོན་པའི་རྗེས་འབྲང་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ཕ་མེས་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་རེས་གནང་དགོས་པའི་སྐུལ་ལྕག་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོན་པའི་བཀའ་དྲིན་གྱི་བསྟོད་ཕྱག་གསུང་དོན་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་མཛད་ཁག་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་མཆོག་༸སྐུ་མྱ་ངན་ལས་འདས་ཟིན་ཀྱང་། སྟོན་པའི་གསུང་དེ་དག་དུས་ད་ལྟའང་འཛམ་གླིང་ཐོག་གནས་ཡོད་སྐོར་སོགས་སངས་རྒྱས་ཀྱི་ཁྱད་དུ་འཕགས་པའི་ལྟ་གྲུབ་བཀའ་འགྲེལ་མཛད་པ་དང་ཆབས་ཅིག འདས་པའི་ལོ་ཤས་རིང་ཨེ་ཤེ་ཡ་ནང་པའི་ཡུལ་གྲུ་ཁག་ནས་ཆོས་གྲོགས་མང་པོ་ཞིག་འདིར་ཆེད་བཅར་གྱིས་ནང་པའི་ཆོས་ཀྱི་ཐོག་གོ་བསྡུར་བྱ་རྒྱུའི་གོ་སྐབས་ཤིག་བྱུང་བཞིན་ཡོད་སྟབས། ང་ཚོ་ཚང་མས་གཅིག་གིས་གཅིག་ལ་སྤེལ་རེས་གནང་སྟེ་ཕན་ཚུན་སེམས་ཐག་ཉེས་པོ་ཞིག་ཆགས་ཐུབ་པ་གནང་གལ་ཡིན་སྐོར་བཀའ་སྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་སྟོན་པའི་རྗེས་འབྲང་གཅིག་གྱུར་གནང་སྟེ་ཤེས་གྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འཐུས་ཚང་ཞིག་གནང་དགོས་པ་ལས་ཕྱི་ལ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་པ་དེས་རང་ཉིད་ཀྱི་བསོད་ནམས་བསགས་པ་ཙམ་ལས། བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་གསུམ་འཐུས་ཚང་ཞིག་གནང་ཐུབ་ཀྱི་མེད་པའི་བཀའ་སྩལ་དང་སྦྲགས་ཏེ་ཆོས་བརྒྱུད་འཛིན་མཁན་ཚང་མ་སྡེ་སྣོད་གསུམ་གི་ནང་དུ་བསྡུས་ཡོད་སྟབས། ཚང་མས་སྡེ་སྣོད་གསུམ་ལ་ཆེད་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དངོས་སུ་དབུ་འཛུགས་མཛད་སྐབས་བཀའ་ཆོས་ཀྱི་ཁྲོད་བཤད་ལས། དེ་སྔ་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་ཚགས་ཚུད་པོ་བྱུང་མེད་པ་སོགས་ཀྱི་དཔེ་མཚོན་ཁག་ཅིག་ལུང་འདྲེན་དང་འབྲེལ། ད་ཆ་ང་ཚོ་བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཡག་པོ་གནང་ཚེ་དེ་ནི་དཔལ་ནཱ་ལེཎྡྲེའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁོ་ན་ཉིད་ཡིན་པ་དང་། དེར་བོད་མི་གཙོས་པའི་ནང་པའི་ཡུལ་གྲུ་དང་དེ་མིན་ཡུལ་གྲུ་གཞན་ཚོའི་ནང་སྤོབས་པ་སྐྱེས་འོས་པ་ཞིག་ཆགས་ཡོད་པས་ནང་པ་ཚོས་དེར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འཇུག་དགོས་གལ་ཡིན་པ་བཀའ་ནན་སྩལ་སོང་།

༸གོང་ས་མཆོག་གིས་བཞུགས་སྒར་དུ་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ཚོས་དུས་རབས་ ༢༠ པའི་མིའི་བསམ་སྤྱོད་དེའི་ཐོག་ནས་མུ་མཐུད་ཕྱིན་ཚེ་ད་ལྟའི་དུས་རབས་ ༢༡ དེའང་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས་ཤིག་ལས་གཞན་གང་ཡང་ཆགས་རྒྱུ་མེད་ཅེས་བཀའ་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོས་ཚོད་ ༨།༠༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ ༡༥༥༠ གཙོས་རྒྱལ་ཁབ་ ༥༧ ནས་མང་ཚོགས་ཆོས་ཞུ་བ་ ༥༠༠༠ བརྒལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་བསྩལ་སྐབས། ད་ལན་གྱི་ཆོས་འབྲེལ་འདིར་སླར་ཡུལ་གྲུ་འདྲ་མིན་གྱི་ནང་པའི་དད་ལྡན་པ་མང་པོ་ལྷན་འཛོམས་ཀྱིས་དུས་གཅིག་ལ་གསུང་ཆོས་ཞུ་ཕྱིར་ཆེད་བཅར་ཞུས་པར་མགོན་པོ་མཆོག་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་དང་སྦྲགས། ད་ལྟའི་དུས་རབས་ ༢༡ པ་དེའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོ་ཕྱིན་ནས་ཁྲ་ཁྲ་ཟིང་ཟིང་ཡོད་པའི་དུས་མཚམས་འདིར། མིའི་སྤུས་ཚད་དེ་སྔར་བཞིན་མི་གསོད་ཁྲག་སྦྱོར་སོགས་གཅིག་གིས་གཅིག་ལ་བརྙས་བཅོས་དང་གཡོ་སྒྱུའི་ལས་ཤུགས་ཆེ་རུ་ཕྱིན་ནས་ད་ལྟའི་འཛམ་གླིང་གི་གནས་སྟངས་དེ་སྡུག་ཏུ་ཕྱིན་ཡོད་པ་བཀའ་གནང་པ་མ་ཟད།རང་གཞན་ཚང་མས་ད་ལྟའི་དུས་རབས་འདི་འཁྲུག་རྩོད་མེད་པ་དང་འཚེ་བ་མེད་པ་ཞིག་ཏུ་འགྱུར་དགོས་གལ་ཡིན་པ་ལམ་སྟོན་བསྩལ་སོང་། ཁྱད་པར་དུ་༸གོང་ས་མཆོག་གིས་མིའི་ལྷན་སྐྱེས་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་སྟབས། ང་རང་ཚོར་ཡོད་པའི་ཤེས་ཡོན་གྱི་འགྲོ་སྟངས་དེ་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཀྱི་འདུག་ཅེས་བཀའ་གནང་པ་དང་འབྲེལ། དེས་ན་ནང་བསམ་བློའི་བྱམས་བརྩེ་ཡར་རྒྱས་གཏོང་བར་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་དེ་ཤིན་ཏུ་ནས་དགོས་མཁོ་ཆེན་པོ་རེད་ཅེས་བཀའ་བསྩལ་སོང་། ༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་ཚང་མའི་ནང་ལ་བྱམས་བརྩེ་སྐོར་གསུངས་ཡོད་པས་སྤྱི་ཚོགས་ལ་ཕན་པ་གཅིག་མཚུངས་སྒྲུབ་བཞིན་ཡོད་པ་ཤེས་པའི་ཐོག་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཚང་མར་གུས་བརྩི་གནང་དགོས་སྐོར་བཀའ་ནན་གནང་ཡོད་པ་རེད། ཆོས་ཞུ་བའི་ཁྲོད་ནས་མགོན་པོ་མཆོག་ལ་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་དུ། ད་ལྟའི་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནོར་འཁྲུལ་ཡིན་པ་དང་། ལྷག་པར་དུ་གུང་ཁྲན་ཏང་གིས་ཁ་ནས་ཞི་བདེ་དང་བརྟན་ལྷིང་ཞེས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་མང་ཚོགས་ལ་དྲག་སྤྱོད་དང་དམར་གསོད་གཏོང་བཞིན་པའི་བྱ་སྤྱོད་དེས་དཀའ་ངལ་སེལ་རྒྱུ་མེད་པ་མ་ཟད། མིའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་རྒྱུ་པ་ལས་ཕན་ཐོགས་གང་ཡང་མེད་སྐོར་བཀའ་ནན་བསྩལ་སོང་། རྩ་བའི་ད་ལན་གྱི་ཆོས་འབྲེལ་སྐབས་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ ༡༥༥༠ གཙོས་རྒྱལ་ཁབ་ ༥༧ ནས་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ཆེད་བཅར་ཞུས་འདུག

༸གོང་ས་མཆོག་གིས་ས་འགུལ་འཇིག་པ་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལིའི་དབུས་སུ་ཆགས་པའི་རྒྱལ་ས་རོམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Amatrice གྲོང་གསེབ་གཙོས་ས་གནས་ཁག་ཏུ་ས་འགུལ་གྱི་འཇིག་རྐྱེན་ཤུགས་ཆེན་འོག་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་མཛད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢༦ ཉིན་ཨི་ཊ་ལིའི་སྲིད་བློན་སྐུ་ཞབས་ Matteo Renzi མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དེའི་ནང་ཨི་ཊ་ལིའི་ས་ཁུལ་དུ་ས་འགུལ་གྱི་འཇིག་རྐྱེན་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་པར་ཐུགས་སྨོན་མཛད་པ་དང་། དེ་བཞིན་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་མཛད་པ་དང་སྦྲགས། ༸གང་ཉིད་མཆོག་གིས་ཤུལ་ལུས་ནང་མི་སྤུན་མཆེད་དེ་དག་ལ་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་གནང་རྒྱུ་བཀའ་བསྩལ་འདུག གཞི་རྩའི་ཨི་ཊ་ལིའི་ནང་ས་འགུལ་ཤུགས་ཚད་ ༦༌༢ ཅན་གྱི་འཇིག་པའི་གོད་ཆག་ཁྲོད་ཁུལ་དེའི་གྲོང་གསེབ་ Amatrice གཙོས། Pescara del Tronto དང་། Accumoli བཅས་ཀྱི་ནང་གནོད་འཚེ་ཤུགས་ཆེ་བྱུང་བ་མ་ཟད། དོན་རྐྱེན་དེའི་འོག་ཁྱོན་ཡུལ་མི་ ༢༥༠ ལྷག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད།

ཐའེ་ལན་ཌིའི་མདོ་འཛིན་པ་གྲགས་ཅན་ཞིག་གིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་ཐད་གཏོང་བཀའ་འདྲི་ཞུས་འདུག

བོདམིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་རྗེས་མའི་ནང་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་ལ་ཉིན་བཞིའི་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་བཀྲིན་བསྐྱང་གཏན་འཁེལ་བའི་ཁྲོད། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐའེ་ལན་ཌའི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ཆེ་གྲས་ཁག་གི་མདོ་འཛིན་པ་གྲགས་ཅན་སྐུ་ཞབས་ Woody Milintachinda ལགས་ཀྱིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་བཀའ་འདྲི་ཞུས་པ་དང་སྦྲགས། ལས་རིམ་དེ་ཁོང་གི་རྗེས་འབྲང་པ་མི་ཁྲི་ཚོ་མང་པོ་ཡོད་པར་ཐད་གཏོང་གནང་འདུག སྐབས་དེར་སྐུ་ཞབས་ Woody ལགས་ཀྱིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་ཐད་ཀར་བསྡུ་རུབ་གནང་པའི་དྲི་བ་ཁག་ཅིག་ཕུལ་བའི་ཁོངས་སུ་བྱམས་བརྩེའི་ཕན་ཡོན་དང། མི་ཚེའི་དགོས་དོན་གང་ཡིན། ཆོས་ཉམས་ལེན་མ་བྱེད་ཚེ་བདེ་སྐྱིད་དང་ལྡན་པའི་མི་ཚེ་བསྐྲུན་ཐུབ་མིན་སོགས་ཀྱི་ཐོག་བཀའ་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་གཞན་ལ་བྱམས་བརྩེའི་བློ་འཛིན་ན་རང་ཉིད་ལ་ཕན་ཐོགས་མེད་པའི་བསམ་ཚུལ་ཡོད་པ་དེ་ནོར་འཁྲུལ་ཡིན་སྐོར་བཀའ་སྩལ་དང་འབྲེལ། བྱམས་བརྩེ་དང་གཞན་ཕན་གྱི་ལྟ་གྲུབ་ལག་བསྟར་གནང་ཚེ་རང་ཉིད་ཀྱི་རྒྱུད་ལའང་ཞི་བདེ་བསྐྲུན་ཐུབ་ངེས་ཡིན་པ་བཀའ་གནང་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་ཁོངས་སུ་ཆོས་ཉམས་ལེན་མ་བྱེད་པའི་ཐོག་མི་ཚེ་བདེ་སྐྱིད་དང་ལྡན་པ་སྐྱེལ་མཁན་མང་པོ་ཡོད་སྐོར་དཔེ་མཚོན་དང་བཅས་ཏེ་བཀའ་སྩལ་འདུག སྐར་མ་བཅིུས་ཙམ་གྱི་བཀའ་འདྲིའི་ལས་རིམ་དེའི་ཐོག་སྐུ་ཞབས་ Woody ལགས་ཀྱིས་༸གོང་ས་མཆོག་ལ་༸གང་ཉིད་མཆོག་ནས་མང་ཚོགས་ལ་དྲི་བ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་འཛམ་གླིང་དེའི་ནང་མི་འབོར་འཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། དེ་བཞིན་སེམས་ཚོར་སོགས་གང་ཅིའི་ཐོག་ནས་གཅིག་མཚུངས་ཡིན་པ་ལྟར། གོ་ལའི་ཚ་དྲོད་དང་མི་འབོར་འཕེལ་རྒྱས་སོགས་དེང་རབས་ཀྱི་དཀའ་ངལ་འཕྲད་པའི་ཁྲོད། ང་ཚོས་འཛམ་གླིང་དེའི་འགྲོ་བ་མིི་ཡོངས་རྫོགས་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་ཏེ་བསམ་བློ་དེ་གོང་མཐོར་གཏང་ཐུབ་ཚེ། རང་ཉིད་ཀྱི་ལས་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་ལ་ལྟོས་མེད་ཀྱིས་དུས་རབས་ ༢༡ པའི་སྨད་ཆ་དེ་བྱམས་བརྩེ་དང་ཞི་བདེ་མཉམ་གནས་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་ཐུབ་ངེས་ཡིན་པ་བཀའ་སྩལ་དང་ཆབས་ཅིག མང་ཚོགས་ནས་དེར་མོས་མཐུན་ཡོད་མེད་ཀྱི་བཀའ་འདྲི་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤཱིཡ་དང་ཀོ་རི་ཡ། མ་ལེ་ཤཱི་ཡ་དང་སིངྒ་པུར། ཐའེ་ལན་ཌི། ཝེ་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

Latest news