Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་འགོ་འཛུགས་གནང་འདུག

དེ་རིང་ཟླ་ ༧ ཚེས་ ༡༨ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་གར་དབྱར་དུས་གྲོས་ཚོགས་འགོ་འཛུགས་གནང་པ་དང་བསྟུན། རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ལ་བོད་དོན་ཞུ་གཏུགས་བྱ་རྒྱུའི་ལས་འགུལ་ཞིག་འགོ་འཛུགས་གནང་འདུག དེ་ཡང་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྐང་གོ་ཁྲིད་འོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུ་མེད་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུགས་ཚོགས་པ། དེ་བཞིན་རྒྱལ་ས་ལྡི་ལིར་ཡོད་པའི་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་། youth for liberation of Tibet ཞེས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་མཐུན་མོང་གིས་དེ་རིང་ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༣ བར་ཁྱོན་ཉིན་གྲངས་ལྔའི་རིང་ལ་རྒྱ་གར་གྱི་སྲིད་བློན་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ཐུགས་འཕྲད་ཀྱི་བོད་དོན་ཞུ་གཏུག་གནང་རྒྱུ་ཡིན་འདུག ཞུ་གཏུག་དེའི་ནང་ད་རེས་རྒྱ་གར་གྱི་དབྱར་དུས་གྲོས་ཚོགས་ཚོགས་བཞིན་པའི་ཁྲོད་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཁག་གཙོ་བོར་གྱུར་བའི་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེ་བཟོ་བཞིན་པར་གླེང་སློང་གནང་དགོས་པ་དང་། རིང་མིན་རྒྱ་གར་གྱི་སྲིད་བློན་ Modi མཆོག་རྒྱ་ནག་ནང་ G20 Summit ཞེས་རྒྱལ་སྤྱིའི་རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་དང་གནད་ཡོད་མི་སྣའི་ཚོགས་འདུ་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལྷན་དུ་བོད་དོན་གླེང་དགོས་པ། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་བློན་སྐུ་ཞབས་ Modi མཆོག་ནས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཉམ་རུབ་ཀྱིས་བོད་ཀྱི་གནད་དོན་ལ་གོམ་པ་གསར་པ་ཞིག་སྤོས་དགོས་པ་བཅས་ཀྱི་དོན་གནད་གཙོ་བོ་གསུམ་འཁོད་འདུག གཞི་རྩའི་ད་རེས་ཀྱི་ཞུ་གཏུག་ལས་འགུལ་དེ་བརྒྱུད་ཚོགས་པ་དེ་དག་ནས་སྐུ་ཞབས་ Narendra modi མཆོག་གི་མཚན་ཐོག་ལ་བོད་ཀྱི་རྒྱུག་ཆུ་རྣམས་བོད་ཙམ་མིན་པར་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ཡུལ་གྲུ་སྤྱི་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཛུགས་བསྐྲུན་ལ་ཁ་ཡངར་ཏེ་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་དེས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་དོ་ཕོག་ཤུགས་ཆེ་བཟོ་བཞིན་པར་དགོངས་བཞེས་གནང་དགོས་པའི་ཞུ་ཡིག་ཀྱང་ཕུལ་རྒྱུ་ཡིན་འདུག རྩ་བའི་ད་རེས་ཀྱི་ཞུ་གཏུག་ལས་འགུལ་དེ་ནི་སྔར་ལོ་ཕྱི་ཟླ་ ༡༡ ནང་བཞུགས་སྒར་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤི་ཡའི་མངའ་ཁུལ་གྱི་བོད་དོན་རྒྱབ་ཚོགས་པའི་ཚོགས་ཆེན་ཐེངས་ ༥ ཐོག་མང་མོས་ཀྱིས་ཐག་གཅོད་བྱུང་བའི་ལས་འགུལ་གྲས་ཤིག་ཡིན་པ་རེད།

༸གོང་ས་མཆོག་མཚོ་པདྨར་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༧ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༦ སྟེང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་རུའི་གནས་མཆོག་མཚོ་པདྨར་སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་དང་འབྲེལ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཆིབས་ཞལ་སྒྱུར་གནང་མཛད་ཡོད་པ་རེད། དེའང་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་མན་ཌི་རྫོང་ཁོངས་མཚོ་པདྨ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། བཞུགས་སྒར་གྱི་ཕེབས་ལམ་གཡས་གཡོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པ་གཙོས་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་བདུག་སྤོས་དང་བཅས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།    མགོན་པོ་མཆོག་རྙིང་དགོན་ཧེ་རུ་ཀ་ནས་ཕེབས་ཐོན་མཛད་སྐབས་དགོན་པ་དེ་གའི་བླ་མ་སྤྲུལ་སྐུ་ཀུན་བཟང་དབང་ཕྱུག་མཆོག་དང་ཧི་མཱ་ལ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ravi Thakur མཆོག དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག་ཅིག་ཕེབས་སྐྱེལ་དུ་བཅར་འདུག སྐབས་དེར་༸གོང་ས་མཆོག་གིས་ཕེབས་ལམ་ཟུར་དུ་ཡོད་པའི་ས་གནས་ཀྱི་རྒན་འཁོགས་དང་ནད་གཅོང་བརྒྱ་ཙམ་ལ་ཟུར་དུ་དམིགས་བསལ་མཇལ་ཁ་བསྩལ་བ་དང་ཆབས་ཅིག ཁོང་རྣམས་ལ་ད་ལྟའི་མི་ཚེ་དེའི་མཇུག་རྫོགས་འགྲོ་བའི་དུས་མཚམས་འདིར་སེམས་ཁྲེལ་བྱེད་ནས་མ་བསྡད་པར། ཚེ་ཕྱི་མ་དེ་ཡང་མི་ལུས་རིན་ཆེན་དང་དེའི་ནང་ནས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་དང་སླར་མཇལ་རྒྱུའི་སྨོན་ལམ་བརྒྱབ་དགོས་པ་དང་དེའི་ཆེད་དུ་འཕེན་པ་གཏང་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་པར་བཀའ་བསྩལ་གནང་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ཐུགས་སྨོན་གནང་བཞིན་ཡོད་པས་ཁྱེད་རྣམས་བློ་བདེ་པོའི་ངང་སྡོད་ཅེས་ལམ་སྟོན་བཀྲིན་བསྩལ་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཕྱི་ཚེས་ ༡༣ ཉིན་གནས་མཆོག་མཚོ་པདྨར་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ། ས་གནས་སུ་རྐང་ཁ་སང་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་རམ་སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་གྱི་ཚོགས་དགོན་དུ་དབུ་བཞུགས་མཛད་ནས་མང་ཚོགས་ལ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་དང་། ཁ་ཉིན་བཀའ་དབང་གི་སྔོན་འགྲོར་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་གིས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་བཀའ་ཆོས་དང་དགེ་བསྙེན་གྱི་སྡོམ་པ་བསྩལ་གནང་མཛད་ཡོད། མཚོ་པདྨར་གནས་མཇལ་དང་གསུང་ཆོས་ཆེད་དུ་བཅར་བའི་བོད་པ་དང་ཧི་མ་ལ་ཡའི་བརྒྱུད་ཀྱི་མང་ཚོགས་ནས་ད་རེས་གནས་ཁྱད་པར་ཅན་འདིར་བླ་མ་རྩ་ཆེན་པོའི་དྲུང་ནས་དབང་ལུང་བཀའ་ཆོས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བར་བྱིན་རླབས་ཆེ་སོང་། སྐྱེས་བ་ཕྱི་མ་ཡང་བླ་མའི་དྲུང་དུ་སྐྱེས་བ་ཤོག་ཅེས་སོགས་སྨོན་ལམ་འདེབས་བཞིན་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྲེལ་ཟླ་ཚེས་བཅུ་སྲུང་བརྩི་གཟབ་རྒྱས་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༡༤ ཉིན་མོ་སྟེ་སྤྲེལ་ཟླ་ཚེས་བཅུའི་སྔ་དྲོ་ཚོུད་ ༥།༠༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མན་ཌི་རྫོང་ཁོངས་མཚོ་པདྨའི་ཟ་ཧོར་མཚོ་པདྨ་ཅན་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་ཞེས་པའི་རྙིང་དགོན་དུ་༸གོང་ཉིད་མཆོག་གིས་དབུ་བཞུགས་ཐོག་གསར་བཞེངས་གནང་པའི་གུ་རུའི་སྐུ་བརྙན་རིན་པོ་ཆེའི་མདུན་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་གྲྭ་ཚང་། དེ་བཞིན་མཚོ་པདྨའི་ཁུལ་གྱི་དགེ་འདུན་པ་རྣམས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་ཚོགས་མཆོད་རྒྱས་པ་ཞིག་ཚོགས་གནང་སོང་བ་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཆེད་ཕེབས་ཐོག ཚོགས་མཆོད་ཀྱི་བར་མཚམས་ཞིག་ནས་གངས་ལྗོངས་དཀར་ཕྱོགས་སྐྱོང་བའི་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གིས་སྔར་གྱི་ཕྱག་སྲོལ་ལྟར་གཞུང་བསྟེན་དགྲ་ལྷའི་གོཙ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་དྭགས་པོ་གྲྭ་ཚང་གི་ཆོས་སྐྱོང་རྒྱལ་ཆེན་ཀརྨ་འཕྲིན་ལས། གཉེན་ཆེན་ཐང་ལྷ་དང་ལྷ་མོ་གཡུ་སྒྲོན་མ། དེ་བཞིན་བསྟན་མ་བཅིུས་ནང་ཚན་རྡོ་རྗེ་གཡའ་མ་སྐྱོང་བཅས་ཆོས་སྐྱོང་རྣམས་སྤྱན་འདྲེན་གནང་པ་མ་ཟད། མགོན་པོ་༸གོང་ཉིད་མཆོག་གིས་ཆོས་སྐྱོང་རྣམས་ལ་བཀའ་ནན་རབ་བརྗིད་ཀྱི་དམ་བསྒྲགས་བསྩལ་གྲུབ་བསྟུན། ཆོས་སྐྱོང་རྣམས་ནས་མ་ཧཱ་གུ་རུའི་སྐུ་བརྙན་རིན་པོ་ཆེར་ཕེབས་བྱམས་ཐོག་སྤོས་སྣེས་ཀྱི་གཙུག་ལག་ཁང་ཞབས་སྐོར་གནང་སྟེ་མཐའ་དོན་ཆོས་སྐྱོང་རྣམས་ནས་༸གོང་ས་༸སྐྱབས་དགོན་ཆེན་པོ་མཆོག་ལ་གསང་དར་ཕུལ་ཏེ་ལྷ་སྐུ་ཡལ་ཡོད་པ་རེད། སྐུ་བརྙན་འདི་ནི་ད་ལན་སྤྲེལ་ཟླ་ཚེས་བཅུའི་དུས་ཁྱད་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་རྙིང་མའི་དགོན་པ་རྣམ་གྲོལ་གླིང་དགོན་ནས་གསར་བཞེངས་གནང་པ་ཞིག་དང་། དེའང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཕུག་ཏུ་གཟའ་འཁོར་གཉིས་ལྷག་གི་རིང་བཞུགས་སུ་གསོལ་རྗེས་ཉིན་ཤས་གོང་སློབ་དཔོན་རིན་པོ་ཆེའི་གནས་མཆོག་མཚོ་པདྨར་གདན་ཞུ་གནང་འདུག ཕྱེད་ཡོལ་ཚོུད་ ༡༢།༠༠ ཐོག་༸གང་ཉིད་མཆོག་གིས་མཚོ་པདྨའི་མཚོ་འཁོར་གསུང་ཆོས་ར་བར་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་ལ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩལ་གནང་པ་དང་འབྲེལ། རྩ་ཤེས་ལས། གང་གི་ཐུགས་བརྩེ་ཉེར་བཟུང་ནས།། ལྟ་བ་ཐབས་ཅད་སྤངས་པའི་ཕྱིར།། ཅེས་གསུངས་ཡོད་པ་གསུང་འདོན་མཛད་ནས་ནང་པ་སངས་རྒྱས་པའི་གཞུང་ནས་གཙོ་བོ་སེམས་འདུལ་ཐབས་གསུང་གི་ཡོད་སྐོར་དང་ལྷག་དོན་ཉོན་མོངས་སྤྱི་བྱིངས་ཀྱི་རྩ་བ་དེའང་གཏི་མུག་བདེན་འཛིན་ལ་ཐུག་ཡོད་པ་སོགས་བཀའ་བསྩལ་མཛད་སོང་། གཞན་ཡང་༸གང་ཉིད་མཆོག་གིས་ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཆགས་ཀྱི་ཡོད་སྟབས། བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་ཞེས་ཟེར་གྱི་ཡོད་པ་རེད། ཆོས་བྱེད་སྟངས་ཡག་པོ་ཞིག་མ་ཤེས་ན་གང་ཙམ་ནས་རང་ཚོའི་བདེ་སྡུག་ཆ་ཚང་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་ཡོད་པ་ལྟར། གྲ་མ་འགྲིག་པའི་མཚམས་ནས་སངས་རྒྱལ་ལ་གང་ཡང་གནང་རྒྱུ་མེད་པའི་བསམ་བློ་ཡོང་གི་ཡོད་པས་དེ་འདྲ་ཞིག་མ་ཡོང་བ་གནང་གལ་ཡིན་པ་བཅས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་ཇི་ཡོད་ཐད་བཀའ་ནན་བསྩལ་བ་མ་ཟད། སེམས་བསྐྱེད་ཀྱི་སྡོམ་པ་བཅས་བསྩལ་ཏེ་སློབ་དཔོན་རིན་པོ་ཆེའི་གནས་མཆོག་མཚོ་པདྨར་ཉིན་གཉིས་རིང་གི་སྤྲེལ་ཟླ་ཚེས་བཅུའི་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་ཀྱིས་མཇུག་སྒྲིལ་མཛད་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡༡ ནང་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད། དེའང་ཁ་སང་ཉི་ཧོང་སྐུ་ཚབ་དོན་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་གི་ Pacific Yokohama National Convention ཞེས་པའི་ཚོགས་ཁང་ཆེན་མོའི་ནང་དུ་ Compassion of the heart , the key to happiness འམ་བྱམས་བརྩེ་སྒོམ་ཕྱོགས་དང་བདེ་སྐྱིད་ཀྱི་རྩ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་འདྲིན་བསྩལ་གནང་མཛད་རྒྱུ་ཡིན་འདུག་པ་དང་། མཛད་རིམ་དེའང་ཟླ་ ༡༡ ཚེས་ ༡༧ ཉིན་རྒྱབ་ཚོུད་ ༡།༠༠ ནས་ ༣།༠༠ བར་ཚོགས་རྒྱུ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་འདུག་པ་དང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ལའང་ཉི་ཧོང་ས་གནས་མི་མང་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ ༢༥༠༠ ལྷག་ལ་ཆོས་འབྲེལ་སོགས་ཉིན་གྲངས་བཞིའི་རིང་གི་མཛད་འཆར་བསྐྱངས་གནང་ཡོད། ༸གང་ཉིད་མཆོག་གི་འདི་ལོའི་ཆིབས་བསྒྱུར་ཐེངས་གཉིས་པ་དེ་ཕྱི་ཟླ་ ༡༡ ནང་བསྐྱང་རྒྱུའི་ཐུགས་གཏན་འཁེལ་འདུག་པ་དང་། ད་ལན་གྱི་ཆིབས་སྒྱུར་དེ་ཐེངས་ ༢༣ དེ་ཆགས་ཀྱི་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚོ་པདྨར་ཆོས་འབྲེལ་དབུ་འཛུགས་མཛད་པ།

དེ་རིང་ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཚོུད་ ༡༡། ༠༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མན་ཌི་རྫོང་ཁོངས་མཚོ་པདྨའི་ཟ་ཧོར་མཚོ་པདྨ་ཅན་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་ཞེས་པའི་རྙིང་དགོན་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་མཚོ་པདྨར་༸ཞབས་གསོར་བདེ་བར་འཁོད་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་མཁན་བླ་སྤྲུལ་རྣམ་པ་གཙོས། དགེ་བཙུན། དེ་བཞིན་ས་གནས་མི་མང་དང་དད་ལྡན་སེར་སྐྱ་མང་ཚོགས་བཅས་ཀྱིས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་བདུག་སྤོས་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་། དེའང་ཉིན་གུང་ཚོུད་ ༡༢།༠༠ སྟེང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚོ་པདྨའི་མཚོ་འཁོར་དུ་བཀའ་ཆོས་དངོས་སུ་དབུ་འཛུགས་མ་མཛད་པའི་སྔ་རོལ་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ ༣༠༠༠ ལྷག་ཆེད་བཅར་ཞུས་པ་དེ་དག་ལ་༸གང་ཉིད་མཆོག་གིས་ཆོས་ཞུ་དོན་དང་འབྲེལ་བའི་བཀའ་སྩལ་དོན། ༸གང་ཉིད་ཀྱིས་ཆོས་ཞུ་རྒྱུ་དེའང་རང་ཉིད་ཀྱི་སྒོ་གསུམ་གྱི་ཀུན་སྤྱོད་དེ་དག་འགྱུར་བ་གཏོང་ཐུབ་པ་བྱ་གལ་ཆེ་བ་ལས་དེ་མིན་ཕན་འབྲས་གང་ཡང་མེད་པ་རེད་ཅེས་བཀའ་སྩལ་གྲུབ་བསྟུན། སང་ཉིན་གྱི་བཀའ་དབང་གི་སྔོན་འགྲོ་དང་སྦྲགས་ཏེ་སྡོམ་པ་འབོག་ཆོག་དང་འབྲེལ་དགེ་བསྙེན་ཕོ་མོའི་བསླབ་སྡོམ་སྐོར་དང་། རྒྱུན་ཆགས་གསུམ་པ། ཤེས་སྙིང་གསུང་འདོན་གནང་རྗེས་ཤེས་རབ་ནི་སངས་རྒྱས་ཀྱི་བསྟན་པའི་སྲོག་རྩ་ལྟ་བུ་ཡིན་པར་བཀའ་སྩལ་གནང་ཡོད། དེ་རྗེས་༸གང་ཉིད་ཀྱིས་ཆོས་འབྲེལ་དངོས་སུ་དབུ་འཛུགས་དང་འབྲེལ་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་སྒོ་ནས་བཀའ་ཆོས་བཀྲིན་བསྩལ་གནང་མཛད་སོང་། དེ་བཞིན་སྤྲེལ་ཟླ་ཚེས་བཅུ་དེའང་ལོ་འཁོར་བཅིུས་རྗེས་ལ་ཐེངས་གཅིག་ལས་ཡོང་རྒྱུ་མེད་སྟབས། ཐེངས་འདིར་བོད་མི་གཙོས་ཧི་མཱ་ལ་ཡ་དང་ཁུ་ནུ། ལའུ་དང་སྤི་ཏི་བཅས་ནས་ཕེབས་པའི་དད་ལྡན་ཚོས་གུ་རུའི་གནས་མཆོག་མཚོ་པདྨ་པ་དེར་བླ་མ་རྩ་ཆེན་༸གོང་ས་མཆོག་༸སྐུ་དངོས་མཇལ་རྒྱུ་བྱུང་བར་དགའ་དད་ཆེན་པོས་སྨོན་ལམ་འདེབས་བཞིན་འདུག མཛད་འཆར་ལྟར་ན། སང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གིས་སྔར་གྱི་ཕྱག་སྲོལ་ལྟར་སྤྲེལ་ཟླ་ཚེས་བཅུའི་ཉིན་གནས་ཆུང་ཆོས་སྐྱོང་གི་སྤྱན་འདྲེན་ཞུ་རྒྱུ་དང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་གྲྭ་ཚང་། དེ་བཞིན་མཚོ་པདྨའི་ཁུལ་གྱི་དགེ་འདུན་པ་རྣམས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་ཚོགས་མཆོད་རྒྱས་པ་ཞིག་འབུལ་རྒྱུ་ཡིན་འདུག། གོང་ཚེས་ཉིན་རྒྱབ་ཏུ་༸གང་ཉིད་མཆོག་གིས་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩལ་རྒྱུ་དང་། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བཅས་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་འགྲུབ་བསྟུན།  དེ་རིང་བཞུགས་སྒར་དུ་༸ཞབས་གསོར་བདེ་བར་འཁོད་གནང་མཛད་སོང། དེ་རིང་ཟླ་ ༧ ཕྱི་ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཡོལ་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིའི་གནམ་ཐང་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་གྷ་གལ་གནམ་ཐང་ངུ་༸ཞབས་སོར་བདེ་བར་འཁོད་མ་ཐག་ཕེབས་བསུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཆེད་བཅར་ཞུས་འདུག་པ་དང་། སྐབས་དེར་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་དང་ཕེབས་ལམ་གྱི་གཡས་གཡོན་དུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་བདུག་སྤོས་སྣམ་པ་དང་། དེ་བཞིན་བཀྲིས་པའི་བྲོ་དང་གླུ་དབྱངས་མཆོད་འབུལ་གྱིས་༸གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་༸ཞབས་གསོར་བདེ་བར་འཁོད་སྐབས་བཞུགས་སྒར་ཕེབས་ལམ་གྱི་གཡས་གཡོན་དུ་གཞུང་ཞབས་སྲི་ཞུ་བ་དང་།  དགེ་བཙུན། སློབ་གྲྭའི་དགེ་སློབ་རྣམས་དང་དེ་བཞིན་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་བདུག་སྤོས་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་ངང་དམིགས་བསལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་མཛད་དེ། ཨ་རིའི་ནང་ཉིན་གྲངས་ ༡༣ ལྷག་རིང་མཛད་འཕྲིན་བསྐྱངས་ཡོད་པ་དང། དེའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་གཙོས་པའི་ California དང་།  Utah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་ནང་པའི་ཆོས་ཚོགས་དབུ་འབྱེད་དང་བཀའ་ཆོས།  གཞུང་འབྲེལ་གནད་ཡོད་མི་སྣར་མཇལ་འཕྲད། དེ་བཞིན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་སྣ་མང་ཞིག་བསྐྱངས་ཡོད་པ་རེད། ལྷག་པར་དུ་ཐེངས་དེའི་ཨ་རིའི་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་རྒྱ་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་ཆེན་པོ་བྱེད་ཡུལ་དུ་གྱུར་བ་ནི། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གཉིས་དབར་མཇལ་ཕྲད་གནང་བ་དེ་ཆགས་ཀྱི་ཡོད་པ་དང། དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་སྐབས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་གླེང་མོལ་མཛད་པ་དང། ཨ་རིའི་སྲིད་འཛིན་མཆོག་གིས་ཨ་རིའི་སྲིད་གཞུང་ནས་དུས་དང་རྣམ་པ་ཀུན་ཏུ་བོད་ནང་གི་བོད་མི་རྣམས་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གནང་བཞིནཡོད་པ་དང། ལྷག་དོན་སྲིད་འཛིན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་ཡོད་པ་རེད། དེ་བཞིན་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་གྲུབ་མཚམས་སུ་༸གོང་ས་མཆོག་གིས་ Fox བརྙན་འཕྲིན་གསར་ཁང་གི་བཅར་འདྲི་དང་ལེན་མཛད་ནས་རྒྱ་ནག་གཞུང་གིས་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྐབས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པར་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་དེ་དག་ལ་བཀའ་འདྲི་ཞུས་ན་ངོས་ལན་བྱེད་མིན་ཐེ་ཚོམ་རེད་ཅེས་བཀའ་སྩལ་ཡོད་པ་རེད། གཞན་ཡང་ཆིབས་སྒྱུར་སྐབས་རྒྱལ་སྤྱིའི་བེུད་གཞས་མ་གྲགས་ཅན་ Lady Gaga ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཏེ་བྱམས་བརྩེ་དང་ན་གཞོན་ཀྱི་དཀའ་རྙོག་སྐོར་གླེང་མོལ་ཞུས་སྟབས།  རྒྱ་ནག་གཞུང་གིས་སྐབས་དེར་ཁོང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པར་བརྟེན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་མང་ཚོགས་ཚོས་ཀྱང་དོ་སྣང་ཆེན་པོ་བྱ་ཡུལ་གྱི་གནས་ཚུལ་ཞིག་དུའང་གྱུར་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། རྒྱ་གར་དུ་ཆིབས་ཞལ་སྒྱུར་གནང་མཛད་ནས་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་འབྲས་སྤུངས་བླ་སྤྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་། ཕྱི་ཚེས་ ༢ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་གདན་ས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་གཙོས་པའི་དགེ་འདུན་ཞལ་གྲངས་ ༣༣༣ བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་པ་དང་།  ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་སྔ་ཐོག་དགེ་ལུགས་ཡོངས་དང་མོན་གྷོ་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཀུན་ཐུན་མོང་གིས་༸གང་ཉིད་མཆོག་ལ་༸རྗེས་ཚེ་འཛིན་མའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ་དང་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་བཅས་ཀྱི་མཛད་འཕྲིན་བསྐྱངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༥ བར་གུ་རུའི་གནས་མཆོག་མཚོ་པདྨར་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག་པ་དང་། དེའང་འདི་ལོའི་སྤྲེལ་ཟླ་ཚེས་བཅུའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་མཛད་རྒྱུ་དང། མང་ཚོགས་ཚོར་ཆོས་འབྲེལ་བསྐྱང་རྒྱུ་རེད་འདུག གཞན་ཡང་ཕྱི་ཟླ་ ༨ ནང་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་མཛད་རྒྱུ་རེད་འདུག

བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་སེམས་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསུངས་འདུག

རྒྱ་གར་གྱི་ Hindustan Times གསར་ཁང་གི་གསར་འགོད་པ་སྐུ་ཞབས་ Sutirtho Patranobis ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་བའི་ནང་བོད་ནང་གི་བོད་མི་ཚོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྲན་བཞིན་ཡོད་ཀྱང་དངོས་གསལ་དོད་པོའི་སྒོ་ནས་དྲན་ཆོག་གི་མེད་པ་མ་ཟད། ལྷག་པར་དུ་༸སྐུའི་འཁྲུངས་ཉིན་ལའང་དགའ་གུས་ཆེན་པོས་དུས་སྟོན་སྲུང་བརྩི་ཞུ་ཆོག་གི་མེད་པའི་སེམས་ཚོར་ཁག་མངོན་གསལ་གནང་འདུག དེའང་གསར་འགོད་པ་སྐུ་ཞབས་ Sutirtho Patranobis ལགས་ཀྱིས་ཁ་སང་རྒྱལ་ཁབ་ཁག་མི་འདྲ་བ་ ༣༠ ནས་མཁས་པ་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༡༣༠ ལྷག་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་ཡོད་པ་དང་། ཁུལ་དེར་ཚོགས་པའི་བོད་ཡར་རྒྱས་ཞེས་པའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་སྐབས་འདོན་སྤེལ་གནང་བ་ཞིག་ཡིན་འདུག དེའི་ཐོག་བཅར་བའི་རྒྱ་གར་གྱི་ Hindustan Times གསར་འགོད་པ་ཁག་ཅིག་ནས་ལྷ་སའི་ནང་གི་བོད་མི་མང་ཚོགས་རྣམས་ལ་ཁོང་རྣམས་ནས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གྱི་ཡོད་མེད་ཐད་བཅར་འདྲི་ཞུས་པར་བོད་མི་གཅིག་མ་གཏོགས་གཞན་ཚང་མའི་གནད་དོན་དེའི་ཐད་ལན་འདེབས་གང་ཡང་མེད་པར་ཁ་ཁུ་སིམ་པོར་བཞུགས་ཡོད་པ་མ་ཟད། དེ་དག་ལས་བོད་མི་གཅིག་གིས་དྲི་བ་དེ་ཐོས་མ་ཐག་རང་ཉིད་ཀྱི་ཞལ་ལ་མཛུབ་མོ་བཞག་ཏེ་གནད་དོན་དེའི་ཐོག་གླེང་སློང་རྩ་བ་ནས་བྱེད་ཆོག་གི་མེད་པའི་རྣམ་འགྱུར་མངོན་བཏོན་གནང་ཡོད་སྐོར་སོགས་འཁོད་འདུག དེ་མཚུངས་སུ་དཔྱད་རྩོམ་དེའི་ནང་ལ་བོད་མི་ཁག་ཅིག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གསང་སྟབས་ཀྱིས་གནང་པ་ལས་ མངོན་གསལ་དོདོ་པོའི་ཐོག་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་གི་མེད་པ་གསལ་བཏོན་གནང་པ་མ་ཟད། རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་རྐྱེན་པས་ཁོང་ནས་ལོ་ལྟར་༸སྐུའི་འཁྲུངས་སྐར་དེ་མངོན་གསལ་དོད་པོ་མེད་པར་རང་ཉིད་ཀྱི་སེམས་ནང་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསར་འགོད་པར་བརྗོད་སྐོར་ཡང་བཀོད་ཡོད་པ་རེད། གང་ལྟར་རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་བོད་ཁམས་ལི་ཐང་དང་བྲག་མགོ་གཉིས་ནང་བོད་མི་ཚོས་༸རྒྱལ་བའི་༸ཞབས་བརྟན་བཅས་བགྲང་གསོག་གིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸གོང་ས་མཆོག་གི་བླ་ན་མེད་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་འཁྲུངས་སྐར་གྱི་དུས་སྟོན་སྲུང་བརྩི་ཞུས་ཡོད་པ་ལྟར། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ཀྱིས་ཀྱང་༸གོང་ས་མཆོག་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་ལ་འཚམས་འདྲི་དང་སྦྲགས། ༸གང་ཉིད་ཀྱི་དགོངས་གཞི་གྲུབ་པར་ཡོ་རོབ་གྲོས་ཚོགས་ནང་མུ་མཐུད་དཀའ་ལས་རྒྱག་རྒྱུའི་དམ་བཅའ་ཡོད་ཅེས་གསུངས་འདུག སྐུ་ཞབས་ Thomas Mann ལགས་ཀྱིས་བརྙན་འཕྲིན་བརྒྱུད་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་པའི་ནང་། ༸གོང་ས་མཆོག་གིས་མི་ཚེའི་ནང་ལ་འཕྲད་བཞིན་པའི་གནས་ཚུལ་ཚང་མར་ཞི་བའི་ཐོག་ནས་གཟིགས་མཁན་གྱི་མིག་དཔེ་བལྟ་ཡུལ་ཞིག་ཡིན་པར་ངོས་བཞེས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་མགོན་པོ་༸གང་ཉིད་ཀྱི་དགོངས་གཞི་ཁག་བསྒྲུབ་ཐབས་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བཞག་རྒྱུ་ཡིན་ཅེས་དང་། ལྷག་དོན་འདས་པའི་མི་ལོ་བཅོ་ལྔའི་རིང་ཡུ་རོབ་གྲོས་ཚོགས་ནང་༸གང་ཉིད་ཀྱིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་གི་འགོ་ཁྲིད་བྱེད་རྒྱུ་བྱུང་བར་ངོས་ལ་དགའ་སྤོབས་ཆེན་པོ་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཡོ་རོབ་གྲོས་ཚོགས་ནང་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གོ་སྐབས་ནམ་བྱུང་སྐབས་གླེང་སློང་ཡང་ཡང་བྱས་དང་བྱེད་མུས་ཁར། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་ངོས་རང་འཛམ་གླིང་རྒྱལ་ཁབ་གཞན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པའི་ལྷན་དུ་རྡ་རམ་ས་ལར་འོས་བསྡུའི་ལས་དོན་རྟོག་ཞིབ་དང་མགོན་པོ་༸གང་ཉིད་ཀྱི་ཞལ་མཇལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་སོགས་གསུངས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་ཞལ་སྒྱུར་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་ཉིན་གྲངས་བཞིའི་རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས། དེ་རིང་ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༧ སྟེང་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནས་༸སྐུ་འཁོར་ལྷན་རྒྱས་གྷོ་བ་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་སོང་། དེའང་གྷོ་བ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་སང་ཚེས་ ༨ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཕྱོགས་སུ་ཆིབས་སྒྱུར་མཛད་རྒྱུ་རེད་འདུག གཞི་རྩའི་འབྲས་སྤུངས་བླ་སྤྱིའི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་འབྲས་སྤུངས་བླ་སྤྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་། ཕྱི་ཚེས་ ༢ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་གདན་ས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་གཙོས་པའི་དགེ་འདུན་ཞལ་གྲངས་ ༣༣༣ བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་པ་དང་། དེ་བཞིན་༸གང་ཉིད་མཆོག་ནང་པའི་ལྟ་གྲུབ་དང་ཚན་རིག་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་མ་ཟད། ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་སྔ་ཐོག་དགེ་ལུགས་ཡོངས་དང་མོན་གྷོ་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཀུན་ཐུན་མོང་གིས་༸གང་ཉིད་མཆོག་ལ་༸རྗེས་ཚེ་འཛིན་མའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ་དང་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་མཛད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༡༢ ནང་སླར་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་ནས་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་འདུག དེའང་ཕྱི་ཟླ་ ༡༢ ཚེས་ ༡༨ ནས་ ༢༠ བཅས་ཉིན་གྲངས་གསུམ་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚན་རིག་དང་ནང་ཆོས་དབར་གྱི་བགྲོ་གླེང་ཆེན་མོ་འཚོགས་གཏན་ཁེལ་བ་ལྟར་ཚོགས་མགོན་དུ་༸གང་ཉིད་དབུ་བཞུགས་མཛད་རྒྱུ་རེད་འདུག བགྲོ་གླེང་དེའི་གོ་སྒྲིག་གནང་མཁན་ནི་ཨ་རིའི་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་པ་བཅས་ཡིན་པ་དང་། དེ་ནི་ལོ་ལྟར་ཚོགས་བཞིན་པའི་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་དང་མི་འདྲ་བར་དམིགས་བསལ་ནང་པའི་དགེ་འདུན་པ་དང་ནུབ་ཕྱོགས་ཚན་རིག་པ་གཉིས་ཀ་སྡིངས་ཆ་གཅིག་ཐོག་བཞུགས་ནས་ཐོུང་གི་བགྲོ་གླེང་གནང་རྒྱུ་རེད་འདུག གཞན་ཡང་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ནི་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་མཆོག་གིས འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༸གང་ཉིད་མཆོག་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་རྗེས་ཚེས་༢༣ ཉིན་མོ་སྟེ་དགའ་ལྡན་ལྔ་མཆོད་འཁེལ་གྱི་ཡོད་སྟབས། ༸གོང་ས་མཆོག་༸རྗེ་ཙོང་ཁ་པའི་གདན་ས་དགའ་ལྡན་དུ་ཆིབས་བསྒྱུར་གྱིས་དགའ་ལྡན་ལྔ་མཆོད་སྲུང་བརྩི་མཛད་རྒྱུ་བཅས་ཀྱི་མཛད་འཆར་འདུག

ཨི་ཐ་ཁའི་གྲོང་ཁྱེར་ནང་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཞིག་ཆེད་འཛུགས་གནང་རྒྱུ།

ཨ་རིའི་གྲོང་ཁྱེར་ Ithaca ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཞིག་ཆེད་འཛུགས་གནང་རྒྱུ་རེད་འདུག དེ་ཡང་ Ithaca Journal ཐོག་གནས་ཚུལ་ཐོན་པར་གཞིགས་ན། ད་རེས་ Ithaca གྲོང་ཁྱེར་ནང་ Dalia Lama’s library ཞེས་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེ་ཁུལ་དེའི་ནང་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་འགན་འཁུར་འོག་ཆེད་འཛུགས་གནང་རྒྱུ་ཡིན་འདུག་པ་དང། དཔེ་མཛོད་ཁང་དེའི་སྒྲོམ་གཞི་དང་ཁྱད་ཆོས་ནི་ཨ་རིའི་སྲིད་འཛིན་གྱི་དཔེ་མཛོད་ཁང་ལྟར། དཔེ་མཛོད་ཁང་དེའི་ནང་ལ་༸གོང་ས་མཆོག་གི་ད་བར་ལྗགས་རྩོམ་མཛད་པའི་ཕྱག་དེབ་དང་ཆོས་འབྲེལ་གྱི་ཕྱག་དཔེ། དེ་བཞིན་བརྙན་མཛོད་དང་གསུང་མཛོད། གཞན་ཡང་༸སྐུ་ཆས་སོགས་ཡོད་པའི་ལྟེ་གནས་ཁང་ཞིག་ཆགས་ཀྱི་འདུག ལྷག་པར་དུ་ཐེངས་འདིའི་ ༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེ་ལྟ་བུ་ཆེད་འཛུགས་གནང་པའི་དགོས་དམིགས་གཙོ་བོ་ནི་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་ཀུན་ལ་བསྐྱངས་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ཁག་སྲུང་སྐྱོབ་ཞུ་རྒྱུའི་ཆེད་ཡིན་པ་རེད་འདུག ད་ལན་ Ithaca གྲོང་ཁྱེར་ནང་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཆེད་འཛུགས་གནང་རྒྱུའི་གསལ་བསྒྲགས་དེའང་ཁ་སང་ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་སྲུང་བརྩི་དང་བསྟུན་ནས་གསལ་བསྒྲགས་གནང་བ་ཞིག་དང། མཛད་སྒོའི་ཐོག Ithaca གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Svante Myrick ལགས་དང། གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་སོགས་ཕེབས་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Svante Myrick ལགས་ཀྱི་ལས་འཆར་འདི་ནི་ད་ལན་ Ithaca གྲོང་ཁྱེར་ལ་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡིན་པ་དང། ང་ཚོའི་ལས་འཆར་འདིའི་ཐོག་ཕྱོགས་གང་ས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་ཅེས་གསུངས་འདུག ཁོང་གི་ངོ་དེབ་ཐོག་ད་བར་འཛམ་གླིང་ནང་གི་གྲོང་ཁྱེར་མང་པོ་ཞིག་གི་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་ཆེད་འཛུགས་གནང་རྒྱུར་འབོད་སྐུལ་ཞུས་ཡོད་ཀྱང། ད་ལན་Ithaca གྲོང་ཁྱེར་ལ་རྒྱལ་ཁ་ཐོབ་ཡོད་པ་གསུངས་པ་སོགས་གསུངས་འདུག དེ་བཞིན་ལས་འཆར་འདིའི་འགན་འཁུར་མི་སྣ་ཁུལ་དེའི་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བསྟན་འཛིན་ཆོས་བཟང་ལགས་ཀྱིས་ལྟེ་གནས་ཁང་འདིའི་དམིགས་ཡུལ་གཙོ་བོ་ནི། ཚན་རིག་པ་དང་ནང་ཆོས་སློབ་གཉེར་བ་ཕན་ཚུན་མཉམ་གནས་ཡོང་རྒྱུ་དང། ལྷག་པར་དུ་ཆེད་འཛུགས་གནང་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གི་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་དེའི་བརྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་སོགས་ཀྱི་དོ་དབྱིངས་ཡོད་མཁན། མ་འོངས་པར་གཞོན་སྐྱེས་སློབ་གཉེར་བ་དང་ཞིབ་འཇུག་པ། རྩོམ་པ་པོ་བཅས་ལ་ཕན་ཐོགས་ཡོང་སླད་ཡིན་པ་གསུངས་ཡོད་པ་རེད།

Latest news