Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།

དེ་རིང་ཞོགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་རྒྱལ་ཡོངས་རང་བྱུང་གནོད་སྐྱོན་འགོག་སྲུང་ལྷན་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་དྲ་ལམ་བརྒྱུད་སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བར་སྩལ་དོན་ལྟར་མིའི་བྱ་བ་གང་འདྲ་ཞིག་ཡིན་ཀྱང་བྱ་བ་དེ་ཕན་ཐོགས་ཡོད་པའི་སྒོ་ནས་ཚད་དང་ལྡན་པ་ཞིག་ཡོང་མིན་ནི་ཀུན་སློང་ལ་རག་ལས་ཀྱི་ཡོད་སྟབས་བྱམས་དང་རྙིང་རྗེ་དེ་རྩ་བ་ཆགས་ཀྱི་ཡོད་པར་བཀའ་སྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་ནམསྟེ་ཞེས་འཚམས་འདྲིི་སྩལ་བ་དང་སྦྲགས། རྒྱ་གར་དང་བོད་གཉིས་ནི་དམིགས་བསལ་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་བཀའ་སྩལ་བར་མ་ཟད་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་ནག་གོང་མའི་སྲས་མོ་བཙུན་མོར་བཞེས་པ་སོགས་འབྲེལ་བ་ཆེན་པོ་བྱུང་ཡོད་ཀྱང་། རྒྱ་ནག་གི་སྐད་ཡིག་སྦྱོང་རྒྱུའི་ཚབ་ཏུ་བོད་རང་གི་སྐད་ལ་བརྟེན་པའི་ཡི་གེ་ཞིག་དགོས་གལ་གཟིགས་ནས་རྒྱ་གར་གྱི་ཡི་གེར་དཔེར་བླངས་ཏེ་བོད་ཡིག་གསར་བཟོ་མཛད་པ་དང་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ནས་བཀའ་འགྱུར་པོད་བརྒྱ་ལྷག་དང་དེའི་འགྲེལ་པ་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་བོད་སྐད་དུ་བསྒྱུར་ཡོད་པ་སོགས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་ནི་གནས་ཁྱད་པར་ཅན་ཆགས་སའི་རྒྱལ་ཁབ་ཙམ་མིན་པར་ནང་ཆོས་དང་འབྲེལ་བའི་བཀའ་དང་བསྟན་ཆོས་ཀྱི་འབྱུང་ཁུངས་ཤིག་ཡིན་པ་བཀའ་སྩལ་ཡོད།   དེ་བཞིན་བོད་བརྒྱུད་ནང་བསྟན་ལྟ་བུར་ཆ་མཚོན་ན་བླ་མས་གསུང་ལ་དད་པ་བྱ་རྒྱུ་ཙམ་མིན་པར་རྒྱུ་མཚན་གཙོ་བོར་བཟུང་མཁན་གྱི་ཆོས་བརྒྱུད་ཅིག་ཡིན་པར་མ་ཟད་དེང་དུས་ཀྱི་མཚན་རིག་དང་མཉམ་དུ་ནང་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་ནས་དངོས་ཡོད་གནས་ཚུལ་ལ་བགྲོ་གླེང་གནང་རྒྱུར་ཐེ་ཚོམ་གང་ཡང་མེད་པར་གནང་རྒྱུ་ཡོད་པ་དེ་ནི་རྒྱ་གར་གྱི་རིག་གནས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་བཀའ་སྩལ་སོང་བ་དང་ཆབས་ཅིག རྒྱ་གར་ནི་ནང་པའི་རིག་གནས་འབྱུང་ཁུངས་ཀྱི་བསྟི་གནས་ཤིག་ཡིན་པར་བཀའ་སྩལ་ཡོད། དབྱིན་ཇིས་བཙན་བཟུང་བྱས་པ་ནས་གཏན་འབེབས་བྱས་པའི་དེང་དུས་ཀྱི་སློབ་སྦྱོང་ལ་དོ་དབྱིངས་དང་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས། རྒྱ་གར་རང་ཉིད་ཀྱི་ཐུན་མིན་གནའ་བོའི་རིག་གཞུང་ལ་འཐུས་ཤོར་ཆེན་པོ་ཕྱིན་པ་དེ་ལྟར་ནའང་། རྒྱ་གར་གྱི་རྒྱལ་ཁབ་ལ་དེང་དུས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་གནའ་རབས་ཤེས་ཡོན་གཉིས་ཟུང་འབྲེལ་གྱིས་གོ་ལ་སྤྱིར་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་ནུས་པ་དམིགས་བསལ་བ་ཞིག་ལྡན་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱག་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་སློབ་དཔོན་དང་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཇི་ལྟར་ཟུང་འབྲེལ་གནང་དགོས་མིན་ཐོག་ལ་བཀའ་བསྡུར་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་སྩལ་ཡོད།    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་སྩོལ་སྐབས་སློན་དཔོན་ཝི་ནོད་ལགས་ཀྱིས་གོ་ལ་འདིའི་ནང་ཆོས་ལུགས་ཀྱི་ལྟ་བ་མི་འདྲ་བར་བརྟེན་ནས་དབྱེ་འབྱེད་ཀྱི་གནས་སྟངས་འབྱུང་བཞིན་ཡོད་སྟབས། བྱམས་པ་དང་སྙིང་རྗེའི་ཐོག་ནས་ངལ་བ་སེལ་ཐབས་གང་འདྲ་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བྱམས་པ་དང་སྙིང་རྗེའི་བསླབ་བྱ་བཟང་པོ་སྟོན་མཁན་གྱི་ཆོས་ལུགས་ཀུན་ལ་ཡིད་ཆེས་གནང་དགོས་པ་དང་ལྟ་གྲུབ་ཀྱི་སྒོ་ནས་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་གཙོ་བོ་ནི་ལྟ་གྲུབ་དེ་ལ་བརྟེན་ནས་གྲུབ་བྱ་སྙིང་རྗེ་དང་ནང་སམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཐབས་ཤེས་ཤིག་ཡིན་པར་བཀའ་སྩལ་སོང་། དེ་བཞིན་ཤྲི་ལངྒ་ནས་ཨེམ་ཨེས་མཱདྷ་བཱི་ལགས་ཀྱིས་གོད་ཆག་ཀྱི་ངལ་བ་འོག་ཚུད་པའི་མི་ཞིག་གིས་རང་གི་སེམས་དེ་གཞན་དབང་དུ་མི་སོང་བར་སེམས་བརྟན་པོར་གནས་ཐབས་གང་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དཀའ་ངལ་དངོས་སུ་མྱོང་བཞིན་པའི་སྐབས་སུ་བྱམས་པ་སྒོམ་རྒྱུའི་གོ་སྐབས་ཤིག་བསྐྲུན་གལ་ཡིན་པ་ལས་སེམས་ཞུམ་རྒྱུ་མེད་པར་བཀའ་སྩལ་ཡོད།    

འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་སྩལ་བ།

རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་ནང་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་ཟླ་བ་འདིའི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཁུལ་དེའི་མཱ་ནི་པཱལ་སྨན་ཁང་དུ་འདས་གྲོངས་སུ་གྱུར་བར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་སྐལ་བཟང་གདན་ཚབ་པ་ལགས་ཀྱིས་གཙོས་པའི་ཤུལ་ལུས་ནང་མི་རྣམས་ལ་སྩལ་བའི་གསུང་འཕྲིན་དེའི་ནང་དུ་དམ་པ་དེ་ཉིད་ཚེས་ ༡༣ ཉིན་གྱི་སྔ་དྲོར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གསན་པར་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་སྦྲགས། ང་ཚོས་ཁོང་ལ་འབའ་ཉག་རིན་པོ་ཆེ་ཞེས་འབོད་ཀྱི་ཡོད་ཅེས་བཀའ་སྩལ་ཏེ། འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་སྙུང་གཞི་ཇེ་སྡུག་ཏུ་གྱུར་སྐབས་ནས་བཟུང་མགོན་པོ་མཆོག་གིས་ཁོང་ལ་ཐུགས་སྨོན་མཛད་ཡོད་སྐོར་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་ལྕམ་སྐུ་སྐལ་བཟང་གདན་ཚབ་པས་མཁྱེན་གསལ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་གི་ནང་མི་ལྷན་རྒྱས་ལོ་མང་གོང་ནས་ཐུགས་རྒྱུས་ཡོད་པར་མ་ཟད་གདན་ཚབ་པ་དམ་པ་དེ་ཉིད་ཀྱི་ཡབ་དམ་པའི་སྐུ་དུས་ནས་ཀྱང་ཐུགས་འདྲིས་ཡོད་པར་བཀའ་སྩལ་མཛད་འདུགསྐུ་ཞབས་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་ནི་༸གོང་ས་མཆོག་གི་མཛའ་གྲོགས་བརྟན་པོ་ཞིག་དང་། ལོ་མང་གོང་ནས་འབྲས་ལྗོངས་གཙོས་པའི་ས་གནས་ཁག་ཅིག་ལ་སྐུ་ཞབས་དམ་པ་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་དང་ལྷན་མཇལ་མཛད་མྱོང་ཡོད་སྐོར་ཐུགས་དྲན་གསོས་པ་དང་ཆབས་ཅིག མགོན་པོ་མཆོག་གིས་དུས་རྟག་ཏུ་སྐུ་ཞབས་ཁོང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་མགོན་པོ་མཆོག་དང་མཇལ་མོལ་གནང་བར་ཡི་རངས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་སྐུ་ཞབས་དམ་པ་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་གིས་འབྲས་ལྗོངས་ཀྱི་ཆེས་ཕྱུག་པའི་གཅེས་ནོར་ལེགས་བྱང་རྣམས་གོང་སྤེལ་དང་མི་ཉམས་རྒྱུད་འཛིན་གནང་བའི་མཛད་རྗེས་ལ་མངོན་བསྟོད་མཛད་འདུག་པར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་ད་ལྟ་སྐུ་འཚོ་བཞུགས་མེད་ཀྱང་ང་ཚོས་སྐུ་ཉིད་ཀྱི་སྐུ་ཟླ་ཁོང་གིས་གཞན་དོན་སླད་དུ་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་བའི་མཛད་སྤྱོད་ལས་བློ་བདེ་གནང་དགོས་ཞེས་བཀའ་སྩལ་འདུགགཞི་རྩའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་འབའ་ཉག་རིན་པོ་ཆེ་བཀྲིས་གདན་ཚབ་པ་མཆོག་ནི་ཕྱི་ལོ་ ༡༩༤༢ ལོར་སྐུ་འཁྲུངས་ཤིང་། ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་བླ་མ་རིན་ཆེན་སྒྲུབ་དབང་འོད་གསལ་རྡོ་རྗེ་རིན་པོ་ཆེའི་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་ཡོད་པ་དང་། རིན་པོ་ཆེ་ཁོང་ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༡༤ ཉིན་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ཕྱག་ལས་དབུ་འཛུགས་གནང་བ་དང་དེའང་འགན་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད། ཁོང་གིས་ད་དུང་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་རིང་ལ་འབྲས་ལྗོངས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་ཞིག་ལྗགས་རྩོམ་གནང་ཡོད་པ་དང་། དེང་སྐབས་འབྲས་ལྗོངས་ཀྱི་དེ་བྱུང་ཐོག་ལ་ཉམས་ཞིབ་གནང་མཁན་མཁས་པ་ཚོའི་ངོས་ནས་གཞི་བཅོལ་སའི་ཕྱག་དེབ་གནད་ཆེ་ཞིག་ཀྱང་ཆགས་ཡོད་པ་རེད།

ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ FW de Klerk  མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་སྩལ་བ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནོ་སྦེལ་ཞི་བདེའི་དེད་དཔོན་སྐུ་ཞབས་ FW de Klerk  མཆོག་འདས་གྲོངས་སུ་གྱུར་བར་ཐུགས་སྨོན་དང་བཅས་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་འདས་པོ་ཁོང་གི་སྐུ་ཟླ་ Elita de Klerk ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པ་དང་། སྲིད་འཛིན་ཟུར་པ་དམ་པ་ཁོང་ནི་ལྷོ་ཨ་ཕི་རི་ཀ་གཙོས་གནས་གཞན་གང་ཡིན་ལ་ལྟོས་མེད་ཀྱིས་ཞི་བདེ་དང་མཐུན་སྒྲིལ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་མང་ཚོགས་ཀུན་གྱི་ཐོབ་ཐང་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་མཁན་ལྟ་གྲུབ་ངེས་ཅན་ཡོད་པའི་གང་ཟག་ཅིག་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག དམ་པ་ཁོང་གིས་གཟིགས་རྒྱ་ཆེན་པོས་ལྷོ་ཨ་ཕི་རི་ཀའི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོས་པའི་དགོངས་པར་མངོན་བསྟོད་མཛད་འདུག ༸གོང་ས་མཆོག་གིས་ད་དུང་ལོ་ཤས་རིང་སྲིད་འཛིན་དམ་པ་ཁོང་དང་ལྷན་དུ་ནུས་པ་ལྡན་པའི་ཐུན་མོང་གི་ལྷན་ཚོགས་འདྲ་མིན་ཐོག་ལ་ཞི་བདེའི་དེད་དཔོན་གྱི་ངོ་བོ་ཐོག་ནས་དངོས་སུ་ལྷན་མཇལ་རིམ་པ་གནང་སྟེ་རྒྱལ་ཁབ་དང་མི་མང་གི་ཁྲོད་ནས་ཀུན་སློང་བཟང་པའི་ཐོག་ནས་ཉེན་ཁ་མེད་པ་དང་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་ཐབས་ཀྱི་གོ་རྟོགས་གོང་སྤེལ་གྱི་བཀའ་མོལ་མཛད་མྱོང་ཡོད་པར་བཀའ་སྩལ་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ FW de Klerk  མཆོག་ད་ལྟ་སྐུ་འཚོ་བཞུགས་མེད་ཀྱང་ང་ཚོས་ཁོང་གིས་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་བའི་མཛད་སྤྱོད་ལས་བློ་བདེ་གནང་དགོས་ཞེས་བཀའ་སྩལ་འདུག གཞི་རྩའི་སྐུ་ཞབས་ F. W. de Klerk མཆོག་ནི་ལྷོ་ཨ་ཕི་རི་ཀའི་ཆབ་སྲིད་མི་སྣ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་ཅིང་། མངའ་སྡེའི་སྲིད་འཛིན་དང་སྲིད་འཛིན་སྐུ་གཞོན། དེ་བཞིན་ལྷོ་ཨ་ཕོ་རི་ཀའི་སྲིད་འཛིན་བཅས་ཀྱི་ཕྱག་ལས་གནང་ཡོད་པ་རེད། ལྷག་དོན་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་མེད་པ་བཟོས་ཏེ་འོས་བསྡུའི་ལམ་ནས་དབུ་ཁྲིད་འོས་འདེམས་གནང་རྒྱུའི་མང་གཙོའི་ལམ་སྲོལ་ངོ་སྤྲོད་གནང་ཡོད་པར་མ་ཟད། ཁྱད་པར་དུ་ཁོང་གིས་ ༡༩༨༩ ནས་ ༡༩༩༧ བར་ཆབ་སྲིད་ཚོགས་པ་གསར་འཛུགས་གནང་ཡོད།

རི་བོ་རྩེ་ལྔར་གནས་གཟིགས་མཛད་ཐུབ་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་པར་བཀའ་སྩལ་བ།  

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་ཕྱག་ལས་གནང་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་རྣམ་པའི་བཀའ་འདྲིར་བཀའ་ལན་སྩལ་བ་དང་འབྲེལ་ནས་མ་འོངས་པར་རྒྱ་ནག་གི་རི་བོ་རྩེ་ལྔའམ་འཇམ་དཔལ་དབྱངས་ཀྱི་གནས་རིར་གནས་གཟིགས་མཛད་ཐུབ་ཚེ་སྲིད་འཛིན་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བསྐྱར་ནན་མཛད་ཡོད། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དང་ Foreign Correspondent Club of Japan ཞེས་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་གསར་འགོད་པ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཐོག་ལ་དགོངས་ཚུལ་གང་ཡོད་པ་དང་ཁོ་པར་མཇལ་འཕྲད་ཀྱི་ཐུགས་འདོད་ཡོད་མེད་སྐོར་བཀའ་འདྲིར་བཀའ་ལན་སྩོལ་སྐབས་དེ་སྔ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ལྷན་དུ་མཇལ་འཕྲད་མཛད་མྱོང་ཡོད་པ་དང་། ཁོ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་མཉེས་པོ་མཛད་ཀྱི་ཡོད་ཀྱང་སྐབས་རེར་མང་ཚོགས་ཐོག་ཆེས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱས་ཀྱི་ཡོད་པ་བཅས་ལུང་འདྲེན་མཛད་དེ་ད་ལྟའི་རྒྱ་ནག་གི་མི་རབས་གསར་པའི་སྣེ་ཁྲིད་འོག་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་བར་མ་ཟད་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་ནས་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་ཀྱི་དམིགས་བསལ་མཛད་འཆར་གང་ཡང་མེད་ཀྱང་། མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་ནང་རྒྱ་ནག་གི་རི་བོ་རྩེ་ལྔའམ་འཇམ་དཔལ་དབྱངས་ཀྱི་གནས་རིར་གནས་གཟིགས་མཛད་ཐུབ་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་པ་དང་དེར་གོ་སྐབས་འབྱུང་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་སྒོས་རྒྱ་རིགས་གྲོགས་པོ་རྙིང་གྲས་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད།༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་མ་འོངས་པར་ཐེ་ཝན་ནང་འཚམས་གཟིགས་སུ་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ད་ལྟའི་ཆར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་དབར་གྱི་ཚོར་བ་རྣོ་བའི་གནས་སྟངས་ཁྲོད་ཐེ་ཝན་ལ་ཆིབས་བསྒྱུར་མ་མཛད་པར་རྒྱ་གར་ལ་༸སྐུ་བཞུགས་མཛད་རྒྱུར་དགོངས་པ་ཆེ་བ་ཡོད་ཅེས་དང་དགོས་ངེས་འབྱུང་ཚེ་དེ་རིང་ལྟར་དྲ་ལམ་བརྒྱུད་ཐེ་ཝན་དང་རྒྱ་ནག་མི་མང་ལ་ཕན་པ་བསྒྲུབ་རྒྱུའི་དགོངས་པ་བརྟན་པོ་ཡོད་ཅེས་བཀའ་སྩལ་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་བོད་ལ་ཕྱིར་ཆིབས་བསྒྱུར་རྒྱུའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་༸སྐུའི་མྱོང་བར་གཞིགས་ཏེ་ད་ཆ་རྒྱ་གར་ལ་བཞུགས་བཞག་མཛད་རྒྱུར་ཐུགས་མཉེས་པོ་ཡོད་པ་དང་འདི་ནས་འཛམ་གླིང་གི་མང་ཚོགས་ཚང་མར་རང་དབང་ངང་འབྲེལ་བ་མཛད་ཐུབ་ཀྱི་ཡོད་པར་མ་ཟད་བཞུགས་སྒར་ནི་ས་ཆའི་བབ་ཀྱི་ཆ་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་འཚམས་པོ་ཡོད་སྟབས། རྒྱ་གར་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ལྷག་འདས་དང་མ་འོངས་༸སྐུ་ཚེའི་འཕེན་པ་རྫོགས་ཡུལ་གྱི་གནས་ཤིག་ལ་དགོངས་བཞེས་མཛད་བཞིན་ཡོད་པས་རྒྱ་གར་ནས་འགྲོ་བ་ཀུན་ལ་ཕན་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད། ༸གོང་ས་མཆོག་གིས་ད་བར་ཡི་ཤུའི་བླ་ཆེན་ཁག་ཅིག་དང་མཇལ་འཕྲད་མཛད་མྱོང་ཡོད་ཀྱང་ད་ལྟའི་ཡི་ཤུའི་བླ་ཆེན་ Pop Francis མཆོག་དང་མཇལ་འཕྲད་མ་མཛད་པའི་དགོས་པ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་གལ་ཏེ་མཇལ་འཕྲད་ཀྱི་གོ་སྐབས་འབྱུང་ཚེ་ངེས་པར་དུ་མཇལ་མོལ་མཛད་རྒྱུ་ཡིན་ཞེས་བཀའ་ལན་སྩལ་ཡོད།དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་པ་ཁག་དང་ལྷན་དུ་བཀའ་འདྲི་དགོངས་སྐོར་གྱི་མཛད་རིམ་མ་བསྐྱང་གོང་ལ་ཐོག་མར་ཁོང་རྣམས་ལ་སེམས་བཟང་པོ་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་སོང་བ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་བའི་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་པ་རྣམ་པར་འཚམས་འདྲི་མཛད་སོང་། སེམས་བཟང་པོ་བྱ་རྒྱུ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གཞི་མ་དེ་ཆགས་ཡོད་པ་དང་ང་ཚོ་ཚང་མ་ཨ་མའི་མངལ་དུ་ཡོད་པ་ནས་བཟུང་ང་ཚོའི་མི་ཚེ་དེ་ཨ་མའི་བྱམས་བརྩེར་བརྟེན་ནས་འགོ་འཛུགས་ཀྱི་ཡོད་སྟབས། ང་ཚོའི་མི་ཚེ་ལྷག་མ་དེའང་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པར་མ་ཟད་ང་ཚོའི་ནང་སེམས་ལ་ཞི་བདེ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་གཟུགས་པོའི་འཕྲོད་བརྟེན་བདེ་ཐང་དང་ཉེ་འཁོར་གྱི་ཁོར་ཡུག་སྐྱིད་པ་ཡོང་གི་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

སྐྱེ་འགྲོ་ཀུན་གྱིས་ཁོར་ཡུག་གི་གནད་དོན་དང་འབྲེལ་ནས་འགན་ཁུར་དགོས་བར་བཀའ་སྩལ་བ།

དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་པ་རྣམས་ལ་དྲ་ཐོག་ནས་ཆོས་འབྲེལ་བསྐྱངས་བའི་ཉིན་གཉིས་པའི་ཐོག  མདོ་སྡེ་རྒྱན་གྱི་བཤད་ལུང་འདི་ཧ་ཅང་རིང་པོ་ཡོད་པའི་རྐྱེན་གྱིས་བཤད་ལུང་གསུང་མི་དགོས་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་སྐྱེད་ཀྱི་བཀའ་ཆོས་སྩལ་བ་མ་ཟད། དད་ལྡན་པ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་སྩལ་གནང་སོང་།དེ་རིང་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ལ་བཀའ་ལན་སྩལ་བའི་ཁྲོད།  འཛམ་བུ་གླིང་ནང་དུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་་དང་ནང་ཆོས་ཁྲོད་ཀྱི་བྱང་ཆུབ་སེམས་ཉམས་ལེན་བྱ་རྒྱུ་གཉིས་གཅིག་མཚུངས་ཡིན་མིན་སྐོར་གྱི་དྲི་བར་བཀའ་ལན་མཛད་སྐབས། མགོན་པོ་མཆོག་གིས་དཔལ་ན་ལནཌའི་ལེགས་སྦྱར་གྱི་ཆོས་བརྒྱུད་པ་རྣམས་ནས་སེམས་ཅན་ཐམས་བཅད་ཅེས་ཟེར་གྱི་ཡོད་པ་བཞིན། ཁ་ཡོད་ལག་ཡོད་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཁོར་ཡུག་གི་གནད་དོན་འདི་འཛམ་གླིང་འདིའི་ཐོག་གི་མི་དུང་ཕྱུར་ ༧༠ ཡོད་བསྡད་པ་དེ་དག་གི་བདེ་བ་སྡུག་བསྔལ་དང་ཐད་ཀར་འབྲེལ་བ་ཡོད་སྟབས། སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་པ་དང་། བྱངས་ཆུབ་ཀྱི་སེམས་བསམ་བློ་གཏོང་མཁན་ཞིག་ཡིན་པའི་ཆ་ནས་ཁོར་ཡུག་ལ་རང་བཞིན་གྱིས་སེམས་ཁུར་ལེན་་དགོས་བ་ཞིག་ཆགས་ཡོད་པ་བཀའ་སྩལ་གནང་སོང་།དེ་བཞིན་ཨུ་རུ་སུའི་མཐོ་སློབ་ཀྱི་ནང་དུ་ནང་པའི་ལྟ་གྲུབ་ཀྱི་སློབ་ཚན་འཆར་འགོད་བྱེད་བཞིན་པ་ལྟར། མཐོ་སློབ་ཀྱི་ནང་དུ་ནང་པའི་ལྟ་གྲུབ་དང་འབྲེལ་བའི་སློབ་ཚན་གལ་འགངས་ཆེ་བ་གང་དང་གང་ཁྲིད་དགོས་མིན་སྐོར་ལ་བཀའ་ལན་སྩལ་བའི་ཁྲོད། མགོན་པོ་གང་ཉིད་མཆོག་གིས། སེམས་ཁམས་རིག་པ་གཙོར་བྱས་པའི་ཐོག་ཆོས་དང་མ་འབྲེལ་བའི་བློ་རིག་དང་རྟགས་རིགས་ཀྱི་སློབ་ཚན་ཁྲིད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད་པ་སོགས་ཀྱི་བཀའ་ལན་བསྩལ་གནང་སོང་།དྲི་བ་དྲིས་ལན་གྱི་ཁྲོད་གཞན་ཡང་ཐེགས་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་དང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བའི་ཕན་ཐོགས   དེ་བཞིན་འདས་མཆོད་སྒྲུབ་ཕྱོགས་དང་དེའི་དགེ་མཚན། ཆོས་ལུགས་རིས་མེད་ཀྱི་ནང་ཆོས་ཉམས་ལེན་བྱེད་ཕྱོགས། སྐྱེ་བ་སྔ་ཕྱི་ཁས་མ་བླངས་་པར་སངས་རྒྱས་རྒྱུ་་ཡོད་མེད། ནད་ཡམས་ཀྱི་མནར་བའི་གྲོང་ཁྱེར་ཆེ་ཁག་ནང་དུ་མི་མང་པོ་འདུ་འཛོམས་སོགས་ཆོག་གི་མེད་སྟབས་ཕན་ཚུན་སེམས་ཐག་ཉེ་བོ་དང་རང་ངོས་ནས་དམ་པའི་ཆོས་མ་བརླགས་པ་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་པ་ལྟར།  ༸གོང་ས་མཆོག་གིས་ད་ལྟའི་ཆར་མགོན་པོ་མཆོག་གིས་ཡོངས་འཛིན་བླ་མ་རྣམས་མང་ཆེ་བ་སྐུ་མྱ་ངན་ལས་འདས་ཟིན་སྟབས། གང་ཉིད་ནས་དུས་ནས་དུས་སུ་དབུ་མ་འཇུག་པ་རང་འགྲེལ་གྱི་དཔེ་ཆ་དེ་དགེ་རྒན་གྱི་ཚུལ་དུ་བསྟེན་གནང་གི་ཡོད་པ་དཔེ་མཚོན་དང་སྦྲགས། ནད་ཡམས་ལྟ་བུའི་དུས་ཚོད་སྐབས་སོ་སོའི་དགེ་བའི་བཤེས་གཉེན་བླ་མ་འདས་གསོན་རྣམས་ཀྱི་གསུངས་རྣམས་ཉམས་ལེན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་སྩལ་སོང་།གཞི་རྩའི་དེ་རིང་གི་ཆོས་འབྲེལ་ཐོག་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཁྲོད་གཙོ་བོ་བདེན་པ་བཞིའི་ངོ་སྤྲོད་མཛད་པ་དང་འབྲེལ། ཆོས་ལུགས་ཚང་མས་བྱམས་བརྩེ་གཅིག་གྱུར་གསུངས་བཞིན་ཡོད་པ་དང་དེའང་མི་ཚང་མར་ཕན་གྱི་ཡོད་པ་དེ་ལྟར་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་རྒྱུ་་ཡོད་པ་བཞིན། ང་ཚོའི་སེམས་ནང་དུའང་ཡིད་ཆེས་ཡོང་བ་ཞིག་ཡོད་པ་ཡིན་སྟབས། མགོན་པོ་གང་ཉིད་མཆོག་ཡིན་ནའང་ཆུང་དུས་ནས་དཔེ་ཆ་བཀླགས་ནས་བསམ་བློ་བཏང་བའི་ཁྲོད། དེ་སྔ་ལོ་ ༦༠།༧༠ སྔོན་གྱི་བསམ་བློ་གཏོང་་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པའི་ངེས་པ་རྙེད་ཐུབ་ཀྱི་ཡོད་པ་བཞིན། ཨུ་རུ་སུའི་ཆོས་གྲོགས་ཚོའི་ངོས་ནས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཐོག་ནས་སློབ་གཉེར་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་གནང་ཡོད་པ་རེད། རྩ་བའི་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་ཐོག་ཨུ་རུ་སུའི་རྒྱལ་ས་ Moscow དང་ཁལ་མུཀ དེ་བཞིན་ St. Petersburg སོགས་ཨཱུ་རུ་སུའི་གྲོང་ཁྱེར་འདྲ་མིན་ནང་གི་ནང་པའི་དགོན་པ་དང་། ཆོས་ཚོགས། ནང་པའི་ལྷན་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱི་མི་སྣ་མང་དག་ཅིག་གི་དྲ་རྒྱའི་ལམ་ནས་མཉམ་ཞུགས་གནང་ཡོད་པ་རེད།  པར་དབང་། དགའ་ལྡན་ཕོ་བྲང་།

༸གོང་ས་མཆོག་གིས་སོག་རིགས་དད་ལྡན་ཚོར་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཨ་རུ་སུའི་དད་ལྡན་པ་ཁག་ཅིག་ལ་དྲ་རྒྱའི་བརྒྱུད་ཉིན་གྲངས་གཉིས་རིང་གི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། དེ་སྔ་ཨུ་རུ་སུ་དམར་པོའི་གཞུང་འོག་ཉམ་ཆགས་ཕྱིན་པའི་སངས་རྒྱས་ཀྱི་བསྟན་པ་དེ་ད་ཆ་སླར་གསོ་བྱེད་བཞིན་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་སྟབས་མུ་མཐུད་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་སོང་།ཨུ་རུ་སུ་ནང་པའི་རྗེས་འཇུག་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་ཉིན་གྲངས་གཉིས་རིང་བསྩལ་རྒྱུའི་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་། སྐབས་དེར་མགོན་པོ་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་ཡོད། གང་ལྟར་དངོས་ཡོད་གནས་ཚུལ་ལ་རྒྱ་གར་བྱང་རྒྱུད་ལ་ནཱ་ལེནྡྲ་ཤུགས་ཆེན་པོ་དར་བ་དང་། དེ་ནས་ཡར་བོད་དུ་སླེབས། བོད་ནས་ཕྱི་སོག་དང་ནང་སོག བྷུ་རི་ཡཏ་སོགས་ཡུལ་གྲུ་ཁག་མང་པོ་ཞིག་ལ་བོད་ནས་མར་སངས་རྒྱས་པའི་ཆོས་དར་རྗེས་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་པ་དེ་གོ་བ་ལེན་གྱི་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་ཆུང་སྐབས་སོག་པོའི་དགེ་བཤེས་དང་མཁས་པ་མང་པོ་མཇལ་མྱོང་ཡོད་པར་མ་ཟད་མགོན་པོ་མཆོག་ལ་ཆ་མཚོན་ན་ཆུང་ཆུང་སྐབས་གཞུང་སྤྱི་དང་ལྷག་པར་རྟགས་གསལ་གཏོང་སྟངས་བསླབ་མཁན་དངོས་གྲུབ་ཚོགས་ཉིད་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་ཡོད།སྔར་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པ་འདི་ཆེན་པོ་ཧོར་གྱི་ཡུལ་དུ་ཧ་ལས་པ་དར་ཁྱབ་ཆེན་པོ་ཆགས་ཏེ་བསྐྱར་དུ་བོད་ནང་སོག་པོའི་དཔེ་ཆ་མང་པོ་ཞིག་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བཤད་སྒྲུབ་ཟུང་སྦྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་དང་། ཕྱིས་སུ་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་གནས་སྟངས་ཉམ་ཐག་པོ་གྱུར་ཡོད་ཀྱང་། བྱེས་ཀྱི་གནད་ས་ཁག་ཏུ་དེ་རིང་ཁ་སང་སོག་པོའི་གྲྭ་རྒྱུན་ཁ་ཤས་ཡོད་པར་མ་ཟད། བར་སྐབས་ཤིག་ནས་སོག་པོའི་གྲྭ་རྒྱུན་ནང་གང་འཚམ་ཞིག་རྒྱ་གར་དུ་འབྱོར་ཏེ་སྒོ་མང་ལ་སོག་པོའི་གྲྭ་རྒྱུན་འགའ་ཤས་ཡོད་པ་ལྟར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་བཅས། སྤྱི་ཡོངས་ནས་བཤད་ན། ནང་པ་སངས་རྒྱས་ཀྱི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་བོད་སོག་གཉིས་ཀྱིས་མི་ཉམས་རྒྱུ་འཛིན་གནང་བཞིན་ཡོད་པར་ངོས་འཛིན་གནང་ཆོག་པར་བཀའ་སྩལ་ཡོད།ད་རེས་ཨུ་རུ་སུའི་ཆོས་གྲོགས་ཚོ་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་ལྷག་པར་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་གཞུང་ཆེན་སློབ་གཉེར་གནང་རྒྱུ་ཐོག་དམིགས་བསལ་འབད་བརྩོན་གནང་བཞིན་ཡོད་པ་དང་འབྲེལ། དེང་སྐབས་སོག་པོའི་གྲྭ་རྒྱུན་རྣམས་ནས་ཀྱང་ནང་ཆོས་ལ་བསླབ་པ་སློབ་གཉེར་འབད་བཞིན་པ་དེ་དག་ལས་དེ་སྔ་ཨུ་རུ་སུ་དམར་པོའི་གཞུང་འོག་ཉམ་ཆགས་ཕྱིན་པའི་སངས་རྒྱས་ཀྱི་བསྟན་པ་དེ་ད་ཆ་སླར་གསོ་བྱེད་བཞིན་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་པར་གཟིགས་སྐབས་མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འབྲེལ་ཏེ་ལྷག་པར་དུ་མུ་མཐུད་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་ང་ཚོའི་རིག་པས་དཔྱད་པ་གནང་རྒྱུ་གཙོ་བོ་འཛིན་པའི་ཐོག་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་བཞིན་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་གནང་བཞིན་པའི་ཨ་རུ་སུའི་ཆེན་པོ་ཧོར་གྱི་ཡུལ་གྱི་སྡེ་ཁག་རྣམས་ལ་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་རྒྱུ་ཡོད་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གོ་སྐབས་ཡོད་པ་ལྟར་འཛམ་གླིང་ཐོག་ངོམས་སུ་ཆོག་པའི་སངས་རྒྱས་ཀྱི་བསྟན་པ་དེ་མུ་མཐུད་སླར་གསོ་གནང་བར་འབད་བརྩོན་གནང་མུས་ཁྲོད་སློབ་གཉེར་ལ་ཤུགས་སྣོན་རྒྱག་དགོས་པར་ལམ་སྟོན་མཛད་ཡོད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་རྣམས་ལ་བཀའ་ཆོས་དབུ་འཛུགས་བསྐྱངས་ནས་ད་བར་ལོ་ ༡༣ ཕྱིན་ཡོད་པ་དང་། དེའི་ཁྲོད་༸གོང་ས་མཆོག་གིས་སོག་རིགས་དད་ལྡན་རྣམས་ལ་བཞུགས་སྒར་དྷརྨ་ཤ་ལ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི། དེ་བཞིན་ Latvia ཡི་ Riga གྲོང་ཁྱེར་བཅས་སུ་བཀའ་ཆོས་སྩལ་མྱོང་ཡོད་པ་རེད། སྔ་ལོར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་པ་ནས་བཟུང་ཨུ་རུ་སུའི་རྗེས་འཇུག་རྣམས་ལ་དྲ་ཐོག་བརྒྱུད་བཀའ་ཆོས་སྩལ་བ་ཐེངས་གཉིས་པ་དེ་ཆགས་ཡོད། དེ་སྔ་༸གོང་ས་མཆོག་གིས་ནང་པའི་དཔེ་ཆ་རྣམས་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན་ལྟར་མདོ་སྡེ་རྒྱན་དང་ཆོས་དབྱིངས་རྣམ་འབྱེད། དེ་བཞིན་དབུས་མཐའ་རྣམ་འབྱེད་བཅས་ཕྱག་དཔེ་ཁག་ཅིག་ཡིག་བསྒྱུར་གནང་སྟེ་ཟླ་ཤས་སྔོན་ལ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

སྐུ་ཞབས་ Dr. Aaron Beck མཆོག་དགོངས་པ་རྫོགས་པར་ཐུགས་གསོ་སྩལ་བ།

ཨ་རིའི་ Pennsylvania མངའ་སྡེའི་ Philadelphia གྲོང་ཁྱེར་ནང་དུ་བཅའ་བཞུགས་སེམས་ཁམས་རིག་པའི་མཁས་པ་དང་།  Cognitive Behavior འམ་རྟོག་པའི་སྤྱོད་ཚུལ་གྱི་སྨན་བཅོས་མཁས་པ་སྐུ་ཞབས་ Dr Aaron Beck མཆོག་དགོངས་པ་རྫོགས་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་འཛམ་གླིང་ནང་ Cognitive Behavior Therapy ཞེས་པའི་རྟོག་པའི་སྤྱོད་ཚུལ་གྱི་སྨན་བཅོས་གསར་གཏོད་གནང་མཁན་ལ་ངོས་འཛིན་ཡོད་པའི་སེམས་ཁམས་རིག་པའི་མཁས་པ་སྐུ་ཞབས་ Dr. Aaron Beck མཆོག་དགུང་གྲངས་ ༡༠༠ ཐམ་པའི་ཐོག་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རང་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྲས་མོ་ལྕམ་སྐུ་ Judith ལགས་དང་སྐུ་ཟླས་གཙོས་པའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། སྐུ་ཉིད་ཀྱི་ཡབ་དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་སུ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། འདས་པའི་དུས་ཡུན་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་དམ་པ་དེ་ཉིད་ཀྱི་བཞུགས་གནས་སུ་ཆིབས་བསྒྱུར་མཛད་པ་གཙོས་ཁོང་དང་མཇལ་འཕྲད་ཐེངས་ཁ་ཤས་མཛད་ མྱོང་ཡོད་སྐོར་ཐུགས་དྲན་གསོས་པ་མཛད་དེ། མཇལ་འཕྲད་དེ་དག་ཐོག་དམ་པ་ཁོང་དང་ལྷན་དུ་ཐུགས་མཐུན་གྱི་བརྗོད་གཞི་སྣ་མང་ཐོག་བཀའ་མོལ་མཛད་ཡོད་པ་དང་། ལྷག་པར་དུ་ཀླད་པའི་བྱེད་ལས་དང་དེའི་བརྒྱུད་ནས་འགྲོ་བ་མི་རྣམས་ལ་བདེ་སྐྱིད་དང་དོན་དང་ལྡན་པའི་མི་ཚེ་སྐྱེལ་རྒྱུར་ཕན་ཐོགས་ཇི་ཡོད་ཀྱི་ནུས་པ་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་མཛད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་གིས་སེམས་ཁམས་འཕྲོད་བསྟེན་ཐོག་ལ་ཁྱད་དུ་འཕགས་པའི་དམིགས་བསལ་ཞབས་འདེགས་ཞུས་པར་ཡི་རངས་ཀྱི་མངོན་བསྟོད་མཛད་ཀྱི་ཡོད་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་སྲས་མོ་ལྕམ་སྐུ་ Judith ལགས་དང་ཁོང་གི་ཡབ་དམ་པ་གཉིས་དང་ལྷན་དུ་གསར་འཛུགས་གནང་བའི་ Beck བསྟི་གནས་ཁང་གིས་དམ་པ་དེ་ཉིད་ཀྱི་རིན་ཐང་བྲལ་བའི་ཕྱག་ལས་དེ་དག་རྒྱུན་སྐྱོང་གནང་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་སྩལ་དང་འབྲེལ་ཏེ། དེ་ལྟར་གནང་ཚེ་དེ་ནི་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ལ་ཆེ་བསྟོད་ལེགས་ཤོས་ཤིག་འགྱུར་ངེས་ཡིན་པ་བཀའ་སྩལ་འདུག རྩ་བའི་སྐུ་ཞབས་ Aaron Beck དམ་པ་དེ་ཉིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་ Meeting of the Minds ཞེས་རྟོག་པའི་ལྷན་ཚོགས་ཐོག་མཇལ་འཕྲད་གནང་བ་དང་།སྐབས་དེར་སྐུ་ཞབས་ Aaron Beck མཆོག་གིས་གསར་གཏོད་གནང་བའི་ Cognitive Therapy ཐོག་བཀའ་བསྡུར་ལྷུག་པོ་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་སྐུ་ཞབས་ Aaron མཆོག་གིས་གསར་གཏོད་གནང་བའི་ Cognitive Behavioral Therapy ཞེས་པ་དེ་ནང་པའི་ཆོས་ཀྱི་ཉམས་ལེན་ལས་དཔྱད་སྒོམ་དང་གཅིག་པ་ཡིན་པར་གཟིགས་ཀྱི་ཡོད་པ་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ Prisoners of Hate ཞེས་པ་དེའང་ནང་ཆོས་ཀྱི་དཔེ་ཆ་ལྟ་བུར་གཟིགས་ཀྱི་ཡོད་པར་བཀའ་སྩལ་མཛད་ཡོད་པ་རེད། རྗེས་སུ་སྐུ་ཞབས་  Aaron མཆོག་གིས་ཀྱང་རྟོག་པའི་སྤྱོད་ཚུལ་གྱི་ཐོག་ནས་སྨན་བཅོས་ཀྱི་ལྟ་གྲུབ་དེ་དང་ནང་པའི་ཆོས་གཉིས་དབར་འབྲེལ་བ་ཆེན་པོར་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད།

གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་སེལ་ཐབས་ཀྱིས་ལས་འགུལ་དུས་བཅས་ཀྱི་རེའུ་མིག་འཆར་འགོད་གནང་དགོས།

ཁ་སང་དབྱིན་ཡུལ་གྱི་ Glasgow གྲོང་ཁྱེར་དུ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉེར་དྲུག་པ་དབུ་འཛུགས་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་ཏེ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་དེང་སྐབས་ང་ཚོར་འཕྲད་བཞིན་པའི་གནམ་གཤིས་ཀྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་ཆེད་དབུ་ཁྲིད་ཚོས་མཉམ་རུབ་ངང་འབད་སྤུངས་ཀྱིས་ལས་འགུལ་དུས་བཅད་ཀྱི་རེའུ་མིག་འཆར་འགོད་གནང་བའི་ཐུགས་རེ་མཛད་འདུགམགོན་པོ་༸གང་ཉིད་མཆོག་གི་གསུང་འཕྲིན་ནང་གོ་ལའི་ཚ་དྲོད་འཕེལ་བ་འདི་དངོས་ཡོད་ཀྱི་གནས་ཚུལ་ཛ་དྲག་ཅིག་ཡིན་པ་དང་ང་ཚོ་སུས་ཀྱང་འདས་པའི་དུས་ཚོད་ལ་འགྱུར་བ་གཏང་རྒྱུ་དཀའ་ནའང་། ང་ཚོ་ཚང་མར་མ་འོངས་པ་སྔར་ལས་བཟང་བ་ཞིག་ཡོང་བར་ཞབས་འདེགས་ཞུ་ཐུབ་པའི་གོ་སྐབས་ཡོད་པར་མ་ཟད་ང་ཚོ་དང་ལྷག་དོན་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མར་ཞི་བདེ་དང་ཉེན་ཁ་མེད་པར་མུ་མཐུད་གནས་ཐབས་བྱ་རྒྱུའི་འགན་ཡོད་སྟབས། ཚང་མས་རེ་བ་དང་ཆོད་སེམས་བརྟན་པོའི་ཐོག་ནས་སོ་སོ་དང་གྲོང་པ་ཁྱིམ་མཚེས་ཡོངས་ལ་ངེས་པར་གཅེས་སྐྱོང་གནང་དགོས་པའི་ལམ་སྟོན་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ང་ཚོའི་མེས་པོ་རྣམས་ཀྱིས་སའི་གོ་ལ་འདི་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་འདོད་པ་དེ་དེ་བཞིན་རེད། དེ་ལས་ཀྱང་གལ་ཆེ་བ་ནི་འཛམ་གླིང་འདི་ང་ཚོའི་རང་ཁྱིམ་ཁོ་ན་དེ་ཡིན་པ་དང་འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་ཁོ་ནའི་ཆེད་དུ་མིན་པར་མི་རབས་རྗེས་མ་རྣམས་དང་། ང་ཚོ་དང་མཉམ་དུ་ལོངས་སྤྱོད་མཁན་གྱི་ས་ཡི་གོ་ལའི་སྐྱེས་ལྡན་རིགས་ཡོད་དོ་ཅོག་གི་ཆེད་དུའང་རེད་ཅེས་བཀའ་སྩལ་མཛད་ཡོད། བོད་མཐོ་སྒང་ནི་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་དང་འཁྱག་པའི་གན་མཛོད་ཆེ་ཤོས་ཡིན་པའི་དབང་གིས་“འཛམ་གླིང་གི་སྣེ་གསུམ་པ་”ཞེས་ཡང་ཡང་འབོད་བཞིན་པ་དང་བོད་ནི་འཛམ་གླིང་གི་རྒྱུགས་ཆུ་ཆེ་གྲས་ཡར་ཀླུང་གཙང་པོ་དང་། གངྒཱ། སེངྒེ་གཙང་པོ། རྫ་ཆུ། རྒྱ་མོ་རྔུལ་ཆུ། རྨ་ཆུ། འབྲི་ཆུ་བཅས་ཀྱིས་གཙོས་པའི་ཆུ་བོ་ཆེ་ཁག་འགའི་འབྱུང་ཁུངས་ཀྱང་ཡིན་པར་མ་ཟད། གཙང་པོ་དེ་དག་ནི་ཨེ་ཤ་ཡའི་མི་འབོར་དུང་ཕྱུར་ཉི་ཤུ་མ་ཟིན་ཙམ་གྱི་འཐུང་ཆུ་དང་ཞིང་འདྲེན་ཡུར་ཆུ། དེ་བཞིན་གློག་བཟོ་སྐྲུན་བཅས་ལ་ཉེ་མཁོར་གྱུར་ཡོད་སྟབས། བོད་ཀྱི་ཁ་བའི་འཁྱག་རོམ་མང་དག་ཅིག་བཞུ་བ་དང་། གཙང་པོར་ཆུ་མཛོད་ཀྱི་རགས་རྒྱག་པ། ཆུ་ཁ་སྒྱུར་བ། གཞི་རྒྱ་ཆེ་བའི་ཤིང་ནགས་གཅོད་འབྲེག་སོགས་ས་རྒྱུད་གཅིག་ཏུ་ཁོར་ཡུག་ལ་སྣང་ཆུང་བྱས་པའི་རྐྱེན་གྱིས་ས་ཕྱོགས་གང་སར་དེའི་ངན་འབྲས་འབྱུང་བ་གསལ་པོར་མཚོན་ཡོད་ཅེས་ལུང་འདྲེན་མཛད་དེ་ད་ཆ་ང་ཚོས་མ་འོངས་པར་གདོང་ལེན་བྱེད་སྟངས་དེ་ཞེད་སྣང་གིས་སྨོན་ལམ་བཏབ་ནས་མ་ཡིན་པར་ཚན་རིག་གི་ཤེས་ཚད་ལ་གཞི་བཅོལ་བའི་དངོས་དོན་དང་མཐུན་པའི་ལག་ལེན་གྱི་སྒོ་ནས་གནང་དགོས་པར་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་རང་རེའི་འཛམ་གླིང་འདིར་གནས་པའི་སེམས་ཅན་རྣམས་སྔར་དང་མི་འདྲ་བར་ཕན་ཚུན་ལྟོས་ཚབས་ཆེ་བས་སོ་སོས་གང་བྱེད་ཀྱང་རོགས་པ་མི་གཞན་རྣམས་མ་ཚད་པར་རྩི་ཤིང་དང་སེམས་ཅན་གྲངས་ལས་འདས་པ་ལའང་ཕན་གནོད་འདྲེན་གྱི་ཡོད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བར་སྩལ་ཡོད།ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ནི་འཇིག་རྟེན་འདི་གཏོར་བཤིག་གཏོང་བ་དང་ཡང་ན་སྲུང་བའི་ནུས་པ་ཆེ་ཤོས་ལྡན་པའི་སྲོག་ཆགས་གཅིག་པོ་དེ་ཡིན་སྟབས། གནམ་གཤིས་འགྱུར་ལྡོག་གི་གནས་དོན་ཐད་ངེས་པར་ཀུན་ལ་ཕན་ཆེད་གོ་ལའི་ཁྱོན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་གྱིས་གདོང་ལེན་གནང་དགོས་པ་དང་ལྷན་དུ་མི་སྒེར་གྱི་ངོས་ནས་ཀྱང་སོ་སོའི་ནུས་པ་གང་ཡོད་ངེས་པར་འདོན་དགོས་ལ། རང་རེའི་རང་བྱུང་ཁམས་དེ་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བརྩིས་ཏེ་བདག་གཅེས་གནང་དགོས་ལ་ཚན་རིག་གིས་སློབ་སྟོན་གང་གནང་རྒྱུ་ཡོད་པ་དེ་དག་ངེས་པར་དུ་སློབ་གཉེར་གནང་དགོས་ཞེས་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་མི་རབས་གཞོན་པ་རྣམས་ནས་གནམ་གཤིས་འགྱུར་ལྡོག་ཐད་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཐོས་སྐབས་༸སྐུ་ཉིད་མཆོག་ཐུགས་སྐྱེད་ཆེན་པོ་ཡོང་བཞིན་འདུག་པ་དང་དེས་མ་འོངས་པའི་ཐུགས་རེ་གང་ལ་གང་འཚམ་སྤྲོད་ཀྱིན་གྱི་འདུག་ལ། ལྷག་དོན་གཞོན་སྐྱེས་ལས་འགུལ་བ་ Greta Thunberg ལགས་ཀྱིས་ཚན་རིག་གི་གྲུབ་དོན་ལ་གསན་འཇོག་དང་དེ་འབྲེལ་ལག་བསྟར་དགོས་པའི་སྐོར་ལ་གོ་རྟོགས་སྤེལ་བ་དེ་ནི་གནད་དོན་གལ་འགངས་ཆེན་པོ་དང་ཁོང་ཚོའི་ལང་ཕྱོགས་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡིན་པས་ཁོང་ཚོར་སེམས་ཤུགས་ངེས་པར་སྤེལ་དགོས་ཞེས་བཀའ་སྩལ་འདུག གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་འགྲོ་བ་མི་རྣམས་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་གལ་ཆེ་བ་དང་འབྲེལ། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ལ་རྒྱལ་ཁབ་ཀྱི་ས་མཚམས་ཀྱིས་ཚད་བཀག་མེད་པ་དང་དེས་ང་ཚོ་ཚང་མར་ཕོག་ཐུག་གཏོང་གིན་ཡོད་སྟབས། ད་ལྟའི་དཀའ་རྙོག་འདི་ཐུན་མོང་དུ་མྱོང་བས་དེའི་བྱུང་འབྲས་ཇེ་ཉུང་གཏོང་ཕྱིར་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་ཆེ་བ་དང་ལྷན་དུ་དབུ་ཁྲིད་ཚོས་ཐུགས་འཁུར་ཆེར་བསྐྱེད་ཀྱིས་མཉམ་རུབ་ངང་འབད་སྤུངས་གནང་སྟེ་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་སེལ་ཐབས་གནང་དང་དེ་བཞིན་ལས་འགུལ་དུས་བཅད་ཀྱི་རེའུ་མིག་ཞིག་འཆར་འགོད་གནང་ཐོག་འཛམ་གླིང་འདི་སྔར་ལས་ཀྱང་སྡོད་བློ་བཟོད་པ་དང་སྔོ་ལྗང་ཅན། བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་དགོས་པའི་ཐུགས་རེ་དང་ཐུགས་སྨོན་བཅས་མཛད་འདུགགཞི་རྩའི་ཐེངས་འདིའི་ COP26 གྱི་ལྷན་ཚོགས་འདི་བཞིན་ཁ་སང་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡༢ བར་འཚོགས་འཆར་ཡོད་པ་དང་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་ལྷན་ཚོགས་དབུ་འཛུགས་མ་གནང་བའི་གོང་དུ་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་སྩལ་བའི་ནང་དུ་ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་སྩལ་ཡོད་པ་རེད།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གནད་འགག་ཅིག་ཏུ་གྱུར་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་མ་འོངས་པའི་གནས་བབ་ང་ཚོའི་ལག་པར་ཡོད་པར་མ་ཟད་ལྷག་པར་དུ་ས་བབས་དང་ཁོར་ཡུག་གི་གནད་འགག་ཏུ་གྱུར་བ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད་ཅེས་བཀའ་སྩལ་འདུགགནངས་ཉིན་ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས  ༡༢ བར་ཡུ་རོབ་དབྱིན་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པ་ Scotland ཡི་གྲོང་ཁྱེར་ Glasgow ནང་དུ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་ཐེངས་ཀོབ་༢༦ COP26 འཚོགས་འཆར་ཡོད་པ་དང་བསྟུན་དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་དང་འབྲེལ་ནས་སྩལ་བའི་གསུང་འཕྲིན་ཞིག་སྤེལ་བར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་འཕེལ་བ་འདི་གནས་ཚུལ་ཛ་དྲག་ཅིག་ཡིན་པས་ང་ཚོས་དེར་དོ་སྣང་ཆེ་ཙམ་བྱེད་དགོས་པ་དང་། དུས་ཚོད་ནི་ནམ་ཡང་རང་སོར་མི་སྡོད་པ་དང་། ང་ཚོ་ཡང་རང་བཞིན་གྱིས་དེའི་ཆ་ཤས་སུ་གཏོགས་པ་ཞིག་ཡིན་སྟབས། འདས་ཟིན་པའི་དུས་ཚོད་དེ་དག་ནས་བློ་སྐྱེད་བླངས་ཏེ་ང་ཚོའི་ལག་ཏུ་ཡོད་པའི་མ་འོངས་འཛམ་གླིང་འདི་འགྱུར་འགྲོས་ཐོག་ལ་དགོངས་པ་བཞེས་དགོས་པར་བཀའ་སྩལ་འདུགང་ཚོའི་ཀུན་སྤྱོད་ལ་འགྱུར་བ་བཏང་སྟེ་ཨོ་ཛོན་མཁའ་རླུང་རིམ་པ་ལ་ཉམས་ཆག་གཏོང་ཚབས་ཆུང་དུ་གཏང་དགོས་པ་དང་། དེ་ཡང་འཛམ་བུ་གླིང་འདི་ང་ཚོ་ཚང་མར་བདག་པ་ཞིག་ཡིན་སྟབས་འདོད་རྔམ་ཆེན་པོས་སྤྱོད་མཚམས་འཇོག་ནས་སོ་སོའི་བྱ་སྤྱོད་ལ་དྲན་ཤེས་བསྟེན་དགོས་པར་མ་ཟད་ཁོར་ཡུག་ནི་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བརྩིས་ཏེ་ངེས་པར་དུ་བདག་གཅེས་གནང་དགོས་པའི་ལམ་སྟོན་མཛད་འདུགལྷག་པར་དུ་༸གོང་ས་མཆོག་གིས་བོད་མཐོ་སྒང་གི་ས་ཆ་འདི་འཛམ་གླིང་གི་དྭངས་གཙང་གི་ཆུ་མཛོད་གསུམ་པ་དེ་ཆགས་ཡོད་པར་མ་ཟད། སྐྱེ་དངོས་སྣ་ཚོགས་སྐྱེ་འཕེལ་བྱེད་པའི་ཁྱད་ཆོས་ལྡན་པའི་ས་གཞིའི་ཆགས་རིམ་དང་། མི་འབོར་དུང་ཕྱུར་ ༡།༨ ཙམ་གྱི་འཚོ་གནས་དང་འབྲེལ་བའི་ཆུ་བོའི་འབབ་རྒྱུན་དང་འབྱུང་ཁུངས་ལ་ཚོད་འཛིན་བྱེད་མཁན་གྱི་ས་ཆ་དང་ཁོར་ཡུག་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་སྟབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད་ཅེས་བཀའ་སྩལ་འདུགའཚོགས་ཉེ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༢༦ པའི་ཐོག་ལ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༠༠ ལྷག་གི་སྐུ་ཚབ་ནས་རྒྱལ་ཁོངས་སོ་སོའི་ནང་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་མཁན་གྱི་དུག་རླངས་ཚོད་འཛིན་གི་གནས་བབས་དང་། མ་འོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་འཆར་ཡོད་པ་དང་བསྟུན། ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ཕྱོགས་དབུ་ཁྲིད་དང་ཚན་རིག་པ་སོགས་ཁྱོན་མི་གྲངས་ ༤༠ ལྷག་ནས་ཁོར་ཡུག་འབག་བཙོག་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་འཛམ་གླིང་སྤྱིར་ཛ་དྲག་གི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་དུས་སྐབས་འདིར་ COP26 ལྷན་ཚོགས་ཐོག་བཅར་མཁན་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

Latest news