Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ས་ར་མཐོ་སློབ་ཏུ་དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་ཚོགས་འདུ་ཚོགས་པ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ སྟེང་། ས་རཱབོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་རྒྱ་གར་གྱི་རིག་གཞུང་ལྷན་ཚོགས། དེ་བཞིན་བཞུགས་སྒར་གྱི་མཚན་ཉིད་གྲྭ་ཚང་གསུམ་གྱི་གོ་སྒྲིག་འོག  དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་བསླབ་པ་སློབ་གཉེར་དང་ཉམས་ལེན་སོགས་ཀྱི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྡུ་སྐོང་གནང་སོང་།དེའང་རྒྱ་གར་གཞུང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་གྱི་སྦི་ཧར་མངའ་སྡེའི་ནང་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ལྷན་ཚོགས་ཤིག་འཚོགས་གཏན་འཁེལ་བ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་རྒྱ་གར་རྒྱལ་ནང་གི་ས་ཁུལ་ལྔ་དང་། གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་ནང་དུ་སྔོན་འགྲོའི་ཚོགས་འདུ་ཁག་ཅིག་འཚོགས་འཆར་ཡོད་པ་ལྟར། རྡ་སའི་ཁུལ་གྱི་དེ་རིང་གི་ཚོགས་འདུ་དེ་ནི་ལས་གཞི་དེའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་རིང་གི་ཚོགས་འདུའི་ཐོག་ཏུ།  སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་།རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་འབུམ་རམས་པ་ Dhammapiyaལགས། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གཞན་ཡང་རྡ་ས་རིག་སློབ་དང་ས་རཱ་མཐོ་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་བརྟན་རྒྱ་མཚོ་ལགས་སོགས་ཀྱི་དབུ་བཞུགས་ཀྱི་ཐོག  ཕྱི་ནང་གི་འབྲེལ་ཡོད་དོན་གཉེར་བ་མི་གྲངས་བཞི་བཅུ་ལྷག་གིས་མཉམ་ཞུགས་གནང་སོང་།རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་གིས་སྐབས་དེར་དེ་རིང་གི་ཚོགས་འདུ་དེ་ངོ་སྤྲོད་དང་འབྲེལ་།འཇིག་རྟེན་གྱི་སྟེང་དུ་མི་ཙམ་མ་ཡིན་སྐྱེ་འགྲོ་རིགས་གྲངས་ལས་འདས་པ་ཞིག་ཡོད་པར་ལུང་འདྲེན་གྱིས། ནང་ཆོས་ཀྱི་སྙིང་པོ་དངོས་ནི་འགྲོ་བ་མིའི་རིགས་ཀྱིས་མི་ཙམ་མ་ཡིན་པར་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་ལ་རྒྱབ་སྐྱོར་གྱིས་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་འདི་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཚང་མ་ཞི་བདེ་ངང་མཉམ་གནས་བྱེད་རྒྱུ་དེ་ཡིན་པར་གསུངས་སོང་། དེ་བཞིན་སྐབས་དེར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཀྱང་གཏམ་བཤད་གནང་བའི་ནང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་གི་རིང་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་ཐབས་ལ་མཛད་པ་བསྐྱངས་ཡོད་པ་དང་སྦྲགས་ནས། དཔལ་ནཱ་ལནྡཱའི་བསླབ་པ་སློབ་གཉེར་གྱི་རིམ་པ་དེ་ཡང་མགོན་པོ་གང་ཉིད་མཆོག་གི་མཛད་འགན་དེའི་ཆ་ཤས་ཤིག་ཡིན་པར་གསུངས་ཏེ་ཚང་མས་གནད་དོན་དེར་ཤུགས་སྣོན་གྱིས་སློབ་སྦྱོང་བྱེད་དགོས་བའི་དུས་ལ་བབ་ཡོད་པའི་གསུངས་བཤད་གནང་ཡོད། འདི་གའི་གསར་འགོད་པའི་དེ་རིང་གི་ཚོགས་འདུ་དེའི་གལ་གནད་དང་འབྲེལ་ནས་དགེ་བཤེས་ལྷག་རྡོར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ལོ་ཤས་ཀྱི་གོང་ནས་རྒྱ་གར་གཞུང་གིས་ནང་ཆོས་སྤྱི་ཡོངས་ཀྱི་གཙོ་བྱས་པའི་དཔལ་ནཱ་ལནྡཱར་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་འབྲེལ་ནས། གཅིག་ནས་དཔལ་ནཱ་ལནྡཱའི་གཞུང་ལུགས་ཁག་རིག་པས་གཏན་ལ་ཕབ་པ་ཞིག་ཡིན་སྟབས་དེང་རབས་ཀྱི་སྤྱི་ཚོགས་ནང་དགོས་མཁོ་ཞིག་ཆགས་ཡོད་དང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་བོད་ནང་གི་དགོན་པ་གྲྭ་ཚང་ཁ་ལ་ཁྱེར་ནས་ནང་ཆོས་ཀྱི་བདག་དབང་དེ་རྒྱ་ནག་ལ་ཡོད་པར་བསྙད་འདོགས་བྱེད་བཞིན་པ་དེར་སྲིད་བྱུས་རང་བཞིན་གྱིས་ཁ་གཏད་ལྟ་བུ་ཞིག་གི་ཐོག་ནས་ནང་ཆོས་དང་འབྲེལ་བའི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་པ་ཞིག་ཀྱང་ཡིན་སྲིད་པར་གསུངས་སོང་། གཞན་ཡང་ཁོང་གིས་དེང་གི་དུས་སུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་དེར་་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གནང་མཁན་དངོས་དེ་བོད་པའི་དགོན་སྡེ་ཁག་ཆགས་ཡོད་པ་དང་འབྲེལ་ནས། སྔོན་ཆད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཤིག་གིས་ཀྱང་དགེ་བཤེས་ལགས་སུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་བདག་པོ་ངོ་མ་དེ་བོད་མི་ཚོ་ཆགས་ཡོད་སྟབས་བོད་མི་རྣམས་ཀྱིས་དེ་ཉིད་ཁྱབ་སྤེལ་གཏོང་དགོས་བར་སྐུལ་མ་གནང་ཡོད་པ་དྲན་གསོ་གནང་བ་ལུང་འདྲེན་གྱིས། བོད་མི་རྣམས་ཀྱིས་གོ་སྐབས་ནམ་ཤར་ལ་ནང་ཆོས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་ཆེན་ཁག་གི་ནང་དུ་མཉམ་ཞུགས་གནང་དགོས་བ་གལ་ཆེན་པོ་ཡིན་པར་གསུངས་སོང་། དེ་བཞིན་ཐེངས་འདིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་གྱི་རྒྱ་གར་བ་ཞིག་གིས་རྒྱ་གར་གྱི་ནང་དུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་མཚོན་པའི་གནའ་བོའི་རྒྱ་གར་གྱི་རིག་གནས་དེ་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་ཡིན་ལུགས་དང་འབྲེལ་ནས། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁག་རྒྱ་གར་གྱི་སྐད་ཡིག་ཐོག་བསྒྱུར་ཐབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པར་གསུངས་སོང་། དེ་རིང་གི་ཉིན་གཅིག་རིང་གི་ཚོགས་འདུ་དེའི་ཐོག  ཕྱི་ནང་གི་འབྲེལ་ཡོད་ཀྱི་ཆེད་མཁས་པ་ཁག་ཅིག་གིས་ཉིན་རྒྱབ་ཏུ་བརྗོད་གཞི་སྣ་མང་ཞིག་གི་ཐོག་གཏམ་བཤད་སྤེལ་ཡོད་པའི་ཁོངས་སུ། དཔལ་ནཱ་ལནྡཱའི་ཆོས་བརྒྱུད་བོད་དུ་དར་ཁྱབ་བྱུང་བའི་སྐོར་དང་། ནང་པའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་གི་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་དགོས་མཁོ་སོགས་ཀྱི་ཐད་ནས་གསུངས་བཤད་གནང་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་ཚོགས་འདུ་དེ་ནི་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་གྱི་འོག་ཏུ་རྒྱལ་སྤྱིའི་ས་ཁུལ་དགུ་ཙམ་གྱི་ནང་དུ་འཚོགས་འཆར་ཡོད་པའི་ཁྲོད།  ཚོགས་འདུ་དེ་ཀོ་རི་ཡ་དང་ཐེ་ལན་ཊི། དེ་བཞིན་འཇར་པན་དང་ཀཱམ་བྷོ་ཊི་ཡ། དེ་བཞིན་རྒྱ་གར་གྱི་ནང་སོགས་སུ་འཚོགས་འཆར་ཡོད་པའི་ཁོངས་སུ། རྒྱ་གར་གྱི་ནང་དུ་ཡང་བཞུགས་སྒར་རྡ་རམ་ས་ལ་དང་ལྡི་ལི་སོགས་ཀྱི་མཚོན་པའི་ས་གནས་ལྔ་ནས་ཚོགས་འདུ་དེ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་དངོས་དེ་འདི་ལོའི་ཟླ་བ་༡༡ ནང་བྷི་ཧར་མངའ་སྡེ་ནང་འཚོགས་རྒྱུ་རེད་འདུག

 ༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ཚོགས་འདུ་འཚོགས་འཆར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཟླ་བ་ ༡༠ བའི་ཚེས་ ༡༠ ནས་ ༡༤ བར་དུ་བྱམས་སྙིང་རྗེ་བརྗོད་སྙིང་དུ་བཟུང་བའི་ཐོག་ནས།  བོད་ཀྱི་ནང་དོན་རིག་པའི་ཆེད་མཁས་བ་དང་ཡིག་བསྒྱུར་བ་སྐུ་ཞབས་ Robert Thurman ལགས་དང་། སྒོམ་སྒྲུབ་ཆེད་མཁས་བ་དང་རྩོམ་པ་པོ་ལྕམ་ Sharon Salzberg ལགས་སོགས་ཀྱི་རྒྱལ་སྤྱིའི་ཆོས་ལུགས་དང་ཚན་རིག་ཆེད་མཁས་བ་ཉི་ཤུ་ལྷག་དང་ལྷན་དུ་མགོན་པོ་གང་ཉིད་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་གཉིས་བའི་ཚོགས་མགོན་དུ་བཞུགས་ནས་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུགགཞི་རྩའི་ཐེངས་འདིའི་མགོན་པོ་གང་ཉིད་མཆོག་གི་མཛད་འཆར་དེ་ནི་ཁེ་ན་ཌར་རྟེན་གཞི་བྱས་པའི་ Lion’s Roar ཞེས་པའི་ལྟེ་གནས་ཁང་དང་ཨ་རིའི་བོད་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་གི་ཡོད་པ་དང་།  ཚོགས་ཆེན་ཐོག་མགོན་མོ་གང་ཉིད་མཆོག་གིས་བྱམས་བརྩེའི་འགྱུར་ལྡོག་གི་ནུས་སྟོབས། བྱམས་བརྩེ་ཚན་རིག  གཞན་ཡང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱམས་བརྩེ། དེ་བཞིན་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་བརྗོད་གཞིའི་སྟེང་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་འདི་ནི་མགོན་པོ་གང་ཉིད་ཀྱི་དུས་རྒྱུན་ནས་ཁྱབ་སྤེལ་མཛད་བཞིན་པའི་བྱམས་སྙིང་རྗེ་བརྒྱུད་ནས་འཛམ་གླིང་འདིར་ཞབས་འདེགས་ཅི་ཞིག་སྒྲུབ་ཐུབ་པ་དང་། དེ་བཞིན་མི་སྒེར་དང་གོ་ལར་ཕན་ཐོགས་ཇི་འབྱུང་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུའི་གླེང་སྟེགས་ཤིག་ཆགས་ཡོད་འདུགགཞི་རྩའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་དོན་ལྟར་མཛད་འཆར་ཁག་ཅིག་ཡོངས་གྲགས་གནང་བའི་ནང་དུ། ཕྱི་ཟླ་ ༡༠ ཚེས་ ༩ དང་ཚེས་ ༡༠ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་སྩོལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩོལ་རྒྱུ་མ་ཟད། ཕྱི་ཚེས་ ༢༦  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁཱརོན་བདེ་གནས་སློབ་གྲྭ་དང་སེན་ཌིའེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩོལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩོལ་རྒྱུ་རེད་འདུག

༸གོང་ས་མཆོག་གིས་སྐུ་ཞབས་ Justin Trudeau མཆོག་སླར་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཟླ་བའི་མཚན་མོར་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་ ༤༤ པའི་ཁྲོད་སྐུ་ཞབས་ Justin Trudeau མཆོག་གིས་དབུ་ཁྲིད་པའི་གཞུང་འཛིན་ཚོགས་པར་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བ་དང་སྦྲགས་ཏེ་ཁོང་གི་སྲིད་བློན་གྱི་ལས་ཡུན་རིང་ལ་དགོངས་དོན་མཐའ་དག་བགེག་བར་མེད་པར་ལྷུན་འགྲུབ་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག༸གོང་ས་མཆོག་གིས་ཁ་སང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་སྩལ་བའི་གསུང་འཕྲིན་དེའི་ནང་། འཛམ་གླིང་མི་མང་ཡོངས་ལ་གཉན་རིམས་ཁྱབ་གདལ་གྱིས་ཛ་དྲག་ངལ་བ་འཕྲད་བཞིན་པའི་སྐབས་སུ་སྐུ་ཞབས་ Trudeau མཆོག་གིས་དབུ་ཁྲིད་པའི་འོག་ཁེ་ན་ཌའི་ནང་དུ་ནད་ཡམས་ལ་གདོང་ལེན་གྱི་ཕྱག་ལས་གནང་ཕྱོགས་དང་། ལྷག་དོན་ཁེ་ན་ཌ་གཞུང་མང་གཉིས་ཀྱིས་ཡུན་རིང་ནས་ངལ་བ་འཕྲད་པའི་རྒྱལ་ཁབ་གཞན་གྱི་མང་ཚོགས་ཚོ་ཁེ་ན་ཌའི་ནང་ཕེབས་བསུའི་སྣེ་ལེན་གནང་བཞིན་བའི་བྱམས་བརྩེ་ཅན་གྱི་སྲིད་བྱུས་ལ་ཡི་རངས་མཛད་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་དེའི་ཆེ་བསྟོད་མི་སེར་ཡིན་པའི་ཆ་ནས་ཀྱང་ཁེ་ན་ཌས་གཏོང་ཕོད་ཆེན་པོས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་ཕྱག་ལས་གནང་སྟངས་ལ་སྤོབས་པ་ཡོད་ཅེས་བཀའ་སྩལ་ཡོད།དེ་བཞིན་འདས་པའི་ལོ་མང་གི་དུས་ཡུན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་མཛད་སྐབས་ཁེ་ན་ཌའི་སྤྱི་ཚོགས་ཁྱོན་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་ལ་མཛའ་བརྩེའི་འདུན་པ་ཤུགས་ཆེ་བསྟན་པ་དེས་མགོན་པོ་མཆོག་ལ་ཐུགས་འགུལ་ཐེབས་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག སྐུ་ཞབས་ Trudeau མཆོག་གི་ཡབ་དམ་པ་ཁེ་ན་ཌའི་སྲིད་བློན་ཡིན་པའི་སྐབས་ནས་བཟུང་ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོ་ཡུལ་དེའི་ནང་གནས་སྤོས་ཞུ་རྒྱུ་ཐད་རོགས་རམ་ཤུགས་ཆེ་གནང་བཞིན་པའི་ལས་འཆར་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞེས་དང་ཁུལ་དེར་གཞིས་སྡོད་བོད་མི་ཚོས་ཀྱང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད་ཅེས་བཀའ་སྩལ་མཛད་འདུགགསུང་འཕྲིན་གྱི་མཇུག་ཏུ་འབྱུང་འགྱུར་སྐུ་ཉིད་མཆོག་གི་སྲིད་བློན་གྱི་ལས་ཡུན་རིང་ལ་ཁེ་ན་ཌའི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་མདུན་སྐྱོད་ཀྱིས་བྱ་བ་མཐའ་དག་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་བཅས་སྩལ་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་སྐབས་ Conservative Party འམ་རྙིང་ཞེན་གྱི་ཚོགས་པར་ཁྱོན་ཞབས་སྟེགས་ ༡༡༩ ཐོབ་པ་དང་སྐུ་ཞབས་ Trudeau མཆོག་གིས་དབུ་ཁྲིད་པའི་གུ་ཡངས་ཚོགས་པར་ཁྱོན་ཞབས་སྟེགས་ ༡༥༨ ཐོབ་པའི་ཐོག་ནས་གཞུང་འཛིན་གནང་རྒྱུ་ཡིན་པ་རེད། སྐུ་ཞབས་ Trudeau མཆོག་གིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་ཁེ་ན་ཌའི་མང་ཚོགས་ཀྱིས་གུ་ཡངས་ཚོགས་པར་ཡིད་ཆེས་དང་བཀྲག་མདངས་ལྡན་པའི་མ་འོངས་གདམ་ག་གནང་སྟེ་འོས་ཤོག་འཕངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཏེ། ང་ཚོའི་ངོས་ནས་གཉན་རིམས་ ༡༩ ལ་གདོང་ལེན་གནང་ཕྱིར་མདུན་སྐྱོད་དང་ལྷག་དོན་ཁེ་ན་ཌའི་ཆེད་དུ་མདུན་སྐྱོད་གནང་རྒྱུ་ཡིན་ཞེས་གསུངས་འདུགསྐུ་ཞབས་ Justin Trudeau མཆོག་ད་ལན་སླར་ཡང་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བར་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་གཙོས་པའི་དབྱིན་ཡུལ་གྱི་སྲིད་བློན་ Boris Johnson མཆོག་དང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་སོགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་ཏེ། ཁེ་ན་ཌ་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་དང་ཟུང་འབྲེལ་གྱི་ཐོག་ནས་དཔལ་འབྱོར་དང་གཉན་རིམས་༡༩ ལ་གདོང་ལེན་གནང་དགོས་པའི་དགོངས་འཆར་གནང་འདུག

གོ་མཚོན་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་དུས་ལ་བསླེབས་ཡོད་པར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མོན་མའོ་ཐི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ལ་བཀའ་སློབ་སྩལ་སྐབས་ང་ཚོའི་ངོས་ནས་གོ་མཚོན་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་དུས་ལ་བསླེབས་ཡོད་པ་དང་གོ་མཚོན་དང་མ་འབྲེལ་བའི་ཐོག་ནས་ཞི་བདེ་སྐྲུན་རྒྱུར་འབད་གནད་ཡིན་པར་ལམ་སྟོན་སྩལ་ཡོད།ཨ་རིའི་མོན་མའོ་ཐི་གཙུག་ལག་སློབ་གཉེར་ཁང་ Monmouth University གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸མགོན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་རྒྱ་གར་གྱི་སྔ་དྲོར་དེ་གའི་དགེ་ལས་རྣམས་ལ་ Our Happiness, Our Health, Our Future ཞེས་རང་རེའི་བདེ་སྐྱིད་དང་འཕྲོད་བསྟེན། མ་འོངས་བཅས་ཀྱི་སྐོར་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་བར་༸གོང་ས་མཆོག་གིས་སྤྱིར་འགྲོ་བ་མི་ལྟ་ཅི། ཐ་ན་སྲོག་ཆགས་གྲོག་སྦུར་ཚོའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་དང་སྒོས་འགྲོ་བ་མིར་ཆ་མཚོན་ན་སེམས་ཅན་གཞན་དང་མི་འདྲ་བའི་རྣམ་དཔྱོད་ལྡན་པ་དང་ཕུགས་རྒྱང་རིང་རིང་པོར་བསམ་བློ་གཏོང་ཐུབ་པའི་ནུས་པ་ཡོད་ཀྱང་། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་འཛམ་གླིང་ནང་རྙོག་ཟིང་དེ་དག་བཟོ་མཁན་གཙོ་བོ་བཟོ་འགྲོ་བ་མི་ཆགས་ཀྱི་ཡོད་པར་བཀའ་སྩལ་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེ་ཡོང་བར་གོ་མཚོན་སྤྱོད་ནས་ཡོང་རྒྱུ་མེད་པ་དང་གལ་ཏེ་འདས་པའི་དུས་ཡུན་ནང་གོ་མཚོན་སྤྱོད་མེད་ཚེ་འཛམ་གླིང་འདི་ཞི་བདེ་བག་ཕེབས་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད་ལྷག་པར་དུ་དེང་རབས་མཚོན་ན་སྔར་དང་མི་འདྲ་བར་ཕན་ཚུན་དབར་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་ཤུགས་ཆེ་ཡོད་སྟབས་ད་ཆ་ང་ཚོའི་ངོས་ནས་གོ་མཚོན་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་དུས་ལ་བསླེབས་ཡོད་པ་དང་གོ་མཚོན་དང་མ་འབྲེལ་བའི་ཐོག་ནས་ཞི་བདེ་སྐྲུན་རྒྱུར་འབད་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གིས་དོན་དམ་པའི་ཞི་བདེ་ནི་ནང་བསམ་པའི་ཐོག་ནས་ཡོང་དགོས་པ་དང་ཁོང་ཁྲོ་དང་ཕྲག་དོག སུན་སྣང་བཅས་ལས་འཚེ་བའི་བློ་ཡོང་གི་ཡོད་སྟབས་ང་ཚོས་འགྲོ་བ་མིར་རང་ཆས་སུ་ཡོད་པའི་བཟང་པོའི་ཡོན་ཏན་སེམས་བཟང་པོ་ལྟ་བུ་ངེས་པར་དུ་སྐྱེས་རྒྱུར་འབད་རྩོན་གནང་དགོས་པ། ལྷག་དོན་འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པས་སེམས་ཅན་གཞན་ལ་སེམས་འཁུར་གྱི་རྣམ་པ་ཡོད་ཅིང་། དེ་སྔ་ང་ཚོས་སོ་སོའི་ནང་མི་དང་རྒྱལ་ཁབ། སྤྱི་ཚོགས་ཁོ་ནའི་ཆེད་དུ་དགོངས་པ་བཞེས་ཀྱི་ཡོད། ད་ཆ་ང་ཚོས་སྔར་བཞིན་མིན་པར་འཛམ་གླིང་སྤྱི་དང་འགྲོ་བ་མི་ཡོངས་ལ་ཁྱབ་པའི་སེམས་འཁུར་གྱི་ཐོག་ནས་དགོངས་པ་བཞེས་གལ་ཡིན་སྐོར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་ང་ཚོས་ནང་སེམས་ཀྱི་ཞི་བདེ་གོང་མཐོར་ཐད་འབད་བརྩོན་གནང་དགོས་པར་བཀའ་སྩལ་དང་འབྲེལ་ནས་དེ་རིང་སྔ་དྲོར་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་སྨན་པས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཞུས་ཡོད་པ་དང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་མཚོན་ན་༸སྐུ་ཁམས་གསལ་ཐང་ཡིན་སྐོར་བཀའ་སྩལ་ཏེ། ༸སྐུ་ཁམས་གསལ་ཐང་ཡིན་པ་དེ་ནི་གསོ་སྨན་ཙམ་མིན་པར་རྣམ་ཀུན་ནས་དགོངས་པ་བཞེས་ཕྱོགས་ཀྱི་ཐོག་ནས་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་བ་ཞིག་ཡིན་སྐོར་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་སྩལ་དོན་ལྟར་དགེ་ལས་རྣམས་ནས་བརྗོད་གཞི་འདྲ་མིན་ཐད་བཀའ་འདྲི་ཞུས་པ་དང་དེའི་ཁྲོད་གང་ཟག་གཅིག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དེས་མ་འོངས་པར་ཤུགས་རྐྱེན་ཇི་ཐེབས་དང་གནམ་གཤིས་འགྱུར་ལྡོག་གི་སྐུ་ངལ་སེལ་བར་ང་ཚོས་གང་ཞུ་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་འཕྲད་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཁག་བཀའ་འགྲེལ་མཛད་པ་དང་སྦྲགས། ང་ཚོས་འདས་པོའི་ལོ་ངོ་བཅུ་ཕྲག་རིང་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་གལ་ཡིན་པ་དང་། ལྷག་དོན་བོད་ལྟ་བུར་མཚོན་ན་ཨེ་ཤ་ཡའི་ཆུ་བོ་མང་དག་ཅིག་གི་འབྱུང་ཁུངས་ཆགས་ཡོད་སྟབས། བོད་ནང་གི་ནགས་ཚལ་དང་ཆུ་བོ་དེ་དག་སྲུང་སྐྱོབ་གནང་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེན་པོ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད་པ་རེད།གཞི་རྩའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་དྲ་ཐོག་ནས་སྐྱོང་བཞིན་ཡོད་པ་དང་། དྲ་རྒྱ་ཐོག་ནས་གསན་གཟིགས་གནང་མཁན་ཡོངས་ནས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་སོགས་གཉན་རིམས་སྔོན་འགོག་གི་བྱ་གཞག་ཁག་འཐུས་ཤོར་མེད་པར་བསྟེན་དགོས་ཀྱི་ཡོད་པ་རེད།

བོད་མི་སྒེར་པ་ཞིག་གིས་༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་བྱེད་སྒོ་སྤེལ་བ།

བོད་མི་བློ་བཟང་དབང་པོ་ལགས་ནི་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་དུ་བཞུགས་མཁན་ཡིན་པ་དང་། ཉེ་ཆར་ཁོང་སྒེར་གྱི་ངོས་ནས་༸རྒྱལ་བའི་བཀྲིན་རྗེས་དྲན་ཞུ་ཕྱིར་ས་གནས་སུ་ཡོད་པའི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་ཁག་ཏུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་འགྲེམས་སྤེལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།རླུང་འཕྲིན་ཁང་ལ་ཁོང་གིས་ད་རེས་གང་ཟག་སྒེར་པའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་བརྟན་བཞུགས་རྒྱས་པ་དེ་འདྲ་བསྟར་འབུལ་ཞུ་རྒྱུའི་གནས་བབ་མེད་ཀྱང་། མགོན་པོ་མཆོག་གིས་ད་བར་སྩལ་བའི་བཀའ་སློབ་ཁག་གི་ཆ་ཤས་ཆུང་དུ་ཞིག་བསྒྲུབ་པའི་ཆེད་དུ་བྱེད་སྒོ་དེ་སྤེལ་སྐོར་གསུངས་སོང་། ཁོང་གིས་ས་གནས་སུ་རིན་མེད་ཐོག་ནས་༸གོང་ས་མཆོག་གི་ཕྱག་དེབ་ཁག་འགྲེམས་སྤེལ་ཞུ་ཆེད་དུ་ད་ལན་རྒྱ་གར་ནས་དེང་གི་དུས་ཚོད་དང་མང་ཚོགས་སྤྱིའི་བསམ་བློ་དང་རན་པའི་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་ཞལ་གྲངས་ ༡༢༠ བླུ་ཡོན་ཞུས་འདུག་ཅིང་། དེའི་ཁོངས་མགོན་པོ་མཆོག་གི་ཕྱག་དེབ་ཆོས་ལུགས་ཀྱི་མཚམས་ལས་འདས་པ་དང་བདེ་སྐྱིད་སྐྲུན་ཐབས། བཙན་འབྱོལ་ནང་གི་རང་དབང་། ཆོས་ལུགས་མཐུན་སྒྲིལ་སྐོར་བཅས་ཀྱི་ཕྱག་དེབ་ཆགས་ཀྱི་འདུགཕྱག་དེབ་འགྲེམས་སྤེལ་གྱི་ལས་འཆར་དེའི་ཐོག་ས་གནས་སུ་ཤེས་རབ་སྣང་ཆེན་སློབ་གྲྭའི་དགེ་ལས་རྣམས་དང་སྐབས་གོང་མའི་སྦེལ་ཇམ་བོད་རིགས་ཚོགས་པའི་ལས་ཟུར་ཁག་ཅིག་གིས་ཁོང་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་འདུགཁོང་གི་འཆར་གཞིར་གཞིགས་ན་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་ཁག་ Antwerp ས་གནས་སུ་ཡོད་པའི་སློབ་གྲྭ་ཁག་ཚང་མར་སྐོར་སྐྱོད་གནང་རྒྱུ་མ་ཟད། གཞུང་འབྲེལ་གནད་ཡོད་མི་སྣ་དང་གསར་ཁང་ཁག་ཏུ་འགྲེམས་སྤེལ་གནང་རྒྱུར་འབད་བརྩོན་གནང་རྒྱུ་རེད་འདུག

༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འཕྲིན་མཛད་པ།

དེ་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་དགུང་གྲངས་དོན་གཅིག་གི་འཁྲུངས་སྐར་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མཆོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གྱི་ཕྱག་ཡིག་ཅིག་སྩལ་ཏེ། སྲིད་བློན་མཆོག་སྔར་བཞིན་གཟུགས་གཞི་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་འདུགདེ་ཡང་མགོན་པོ་གང་ཉིད་མཆོག་གིས། སྲིད་བློན་མོ་དྷི་མཆོག་ནི་རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིར་བརྩེ་ཞེན་ཡོད་པ་ཞིག་ཡིན་པར་དགོངས་འགྲེལ་དང་ལྷན་དུ། ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དོ་ཕོག་ཐེབས་ཡོད་ཀྱང་སྲིད་བློན་མཆོག་གིས་གདེང་སྤོབས་རྒྱ་བསྐྱེད་གནང་བཞིན་པར་རྟེན་འབྲེལ་ཞུས་པ་དང་སྦྲགས།རྒྱ་གར་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མི་འབོར་ཆེས་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས།   རྒྱལ་གར་རྒྱལ་ཁབ་ཀྱི་བྱ་བཞག་ལེགས་འགྲུབ་ཀྱིས་རྒྱ་གར་ཙམ་དུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཁེ་ཕན་སྒྲུབ་བཞིན་ཡོད་པར་ཆེ་བསྟོད་གནང་འདུགགཞན་ཡང་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་སྲོལ་རྒྱུན་རིང་བཞིན་ལྡན་པའི་འཚེ་མེད་ཞི་བ་དང་སྙིང་རྗེ་ལྟ་གྲུབ་དེ་ནི་དེང་གི་སྤྱི་ཚོགས་འདིར་འབྲེལ་བ་ཆེན་པོ་ཆགས་ཡོད་པ་ཙམ་དུ་མ་ཟད། ངེས་བར་དུ་དགོས་ངེས་རང་བཞིན་ཞིག་ཡིན་པར་དགོངས་བཞེས་གནང་གི་ཡོད་པར་བཀའ་སྩལ་དེ། དེ་ལྟ་བུའི་སྲོལ་རྒྱུན་གྱི་ལྟ་གྲུབ་དེ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་དང་ཟུང་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་རིགས་ལ་ཕན་རླབས་སྐྲུན་ཐུབ་པར་ཡིད་ཅེས་གནང་གི་ཡོད་པའི་ལམ་སྟོན་མཛད་འདུག དེ་བཞིན་གང་ཉིད་མཆོག་ལ་གོ་སྐབས་ནམ་བྱུང་གི་སྐབས་སུ། རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིའི་ཡང་དག་པའི་མང་གཙོ་དང་མང་གཙོའི་ལམ་ལུགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཆོས་ལུགས་སྣ་མང་གཅིག་འདུས་ཀྱི་ཞི་བདེ་དང་བརྟན་བརླིང་ལ་བསྔགས་བརྗོད་གནང་གི་ཡོད་པར་བཀའ་སྩལ་ཏེ།  བོད་མི་མང་པོ་ཞིག་རྒྱ་གར་དུ་གནས་ཡོད་པ་དང་འབྲེལ་ནས། རྒྱ་གར་ནི་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་སྐྱབས་བཅོལ་ས་ཁོ་ན་ཙམ་མིན་པར། འདས་བའི་ལོ་ངོ་དྲུག་ཅུ་རེ་གཉིས་ཀྱི་རིང་ལ་རྒྱ་གར་རྒྱལ་ཁབ་ནི་བོད་མི་མང་པོ་ཞིག་གི་ཁྱིམ་གཞས་ཆགས་ཡོད་པར་ལུང་འདྲེན་མཛད་དེ། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞུས་འདུགདེ་རིང་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་ཁུལ་གྱི་བདེ་ལེགས་སྨན་ཁང་དང་ཀུན་ཕན་དགེ་རྩ་ཚོགས་པ། དེ་བཞིན་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། གཞན་ཡང་རྒྱ་གར་གྱི་Rotary Club ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་སོགས་མཉམ་འབྲེལ་གྱིས་མེག་གྷན་ཉིན་མོ་སློབ་གྲྭའི་ནང་དུ་བཞུགས་སྒར་ཁུལ་གྱི་བོད་མི་དང་ཡུལ་མི་རྣམས་ལ་རིན་མེད་ཀྱིས་རིམས་ནད་སྔོན་ཁབ་སྐྱོན་པ་དང་བརྟག་དཔྱད་སོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་།དེ་རིང་གི་ལས་འགུལ་དེའི་ཐོག  བཞུགས་སྒར་ཁུལ་གྱི་ས་གནས་ཀྱི་རྫོང་དཔོན་ལས་རོགས་Rahul Kumar དང་ཀང་ར་རྫོང་ཁོངས་ཀྱི་སྨན་པ་ཁག་ཅིག    དེ་བཞིན་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་དང་ཀུན་ཕན་དགེ་རྩ་ཚོགས་པའི་འགན་འཛིན་ཟླ་བ་ཚེ་རིང་ལགས། གཞན་ཡང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སོགས་ཀྱི་གཙོ་བྱས་པའི་སྨན་ཁབ་སྐྱོན་མཁན་རྒྱ་གར་ཡུལ་མི་དང་བོད་མི་ལྔ་བརྒྱ་ལྷག་ཅིག་མཉམ་འཛོམས་བྱུང་འདུགསྐབས་དེར་ཀང་ར་རྫོང་ཁོངས་ཀྱིི་ས་གནས་རྫོང་དཔོན་ལས་རོགས་Rahul Kumar ལགས་ཀྱིས་བཞུགས་སྒར་ཁུལ་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ཅིག་གིས་དེ་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་རིན་མེད་ཀྱིས་འགོག་ཁབ་སྐྱོན་རྒྱུའི་ལས་གཞི་ཞིག་སྤེལ་བར་བཀའ་དྲིན་ཆེ་ཞུས་ཏེ་འགོག་ཁབ་ཀྱིས་མ་འདང་བ་སོགས་བྱུང་ན་རྫོང་ལས་ཁུངས་ནས་མཁོ་སྤྲོད་གནང་རྒྱུ་ཡིན་པར་གསུངས་སོང་།དེ་བཞིན་སྐབས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསར་འགོད་པ་རྣམས་ལ།  རྒྱ་གར་གཞུང་དང་མི་མང་གིས་སྲིད་བློན་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་ནས་བཞུགས་སྒར་ཁུལ་དུ་ཡང་རྒྱ་གར་ཡུལ་མི་དང་ས་གནས་བོད་མི་རྣམས་ཀྱི་བར་དུ་མཐུན་ལམ་ཡག་པོ་ཡོངས་ཆེད་དུ་དེ་རིང་གི་རིན་མེད་ཀྱི་འགོག་ཁབ་སྐྱོན་པའི་ལས་གཞི་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།རྩ་བའི་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་རོགས་རམ་ཁྲོད་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ནས་ཁ་སང་གི་བར་དུ་རྒྱ་གར་དང་བོད་མི་༦༢༣༢ ལྷག་ལ་སྔོན་ཁབ་སྐྱོན་ཡོད་པ་དང་། དེ་དག་ལས་བོད་མི་བཞི་སྟོང་ལྷག་དང་བཞུགས་སྒར་ཁུལ་གྱི་ཡུལ་མི་དྲུག་བརྒྱ་ལྷག་ལ་འགོག་ཁབ་སྐྱོན་ཡོད་འདུག གཞི་རྩའི་ཉེ་སྔོན་མགོན་པོ་གང་ཉིད་མཆོག་གིའདི་ལོའི་སྐུའི་འཁྲུངས་སྐར་གྱི་སྐབས་སུ་ཡང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཞལ་པར་གྱི་ལམ་ནས་མགོན་པོ་གང་ཉིད་ལ་འཚམས་འདྲི་གནང་ཡོད་པ་དང་། དེ་རིང་མགོན་པོ་གང་ཉིད་མཆོག་གིས་་ཀྱང་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་སྟེ་རྒྱ་གར་གཞུང་མང་གཉིས་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

རྒྱ་གར་གྱི་གནའ་བོའི་རིག་གནས་དེ་གོ་ལ་ཁྱོན་ལ་དར་སྤེལ་གནང་དགོས་པར་བཀའ་སྩལ་འདུག

ཁ་སང་རྒྱ་གར་གྱི་ The Week གསར་ཁང་གི་དྲ་གནས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་བ་ཚོས་རྒྱལ་གར་གྱི་གནའ་བོའི་རིག་གནས་དེ་འཛམ་གླིང་ཁྱོན་ལ་དར་སྤེལ་གནང་དགོས་པར་བཀའ་སྩལ་འདུགདཔྱད་རྩོམ་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པའི་གསུང་དེ་ནི་ང་ཚོའི་དངོས་ཀྱི་ཉམས་ལེན་ལ་ཉེ་བར་མཁོ་བ་ཞིག་དང་། དེ་ནི་གང་ཟག་གཅིག་དང་རྒྱལ་ཁབ་གཅིག་གཅིག་པོའི་ཆེད་དུ་མིན་པར་འགྲོ་བ་མི་ཀུན་ལ་སྨིན་པ་ཞིག་ཡིན་པ་དང་། མི་སུ་འདྲ་ཞིག་ཡིན་རུང་རང་གི་ནུས་པ་དང་འདུན་པ་ལ་གཞིགས་ཏེ་ལམ་དེའི་ཐོག་བསྐྱོད་ཆོག་གི་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལྟ་བུར་ཆ་མཚོན་ན། ༸སྐུ་ན་ཆུང་དུས་ནས་ནང་ཆོས་ཐོག་བསླབ་པ་སློབ་གཉེར་གནང་བ་བཞིན་ད་ལྟ་དགུང་གྲངས་ ༨༦ ལ་ཕེབས་ཡོད་ཀྱང་ནང་པའི་གཞུང་ལུགས་སམ་ལྟ་གྲུབ་ཐོག་སློབ་གཉེར་མུ་མཐུད་ནས་མཛད་བཞིན་ཡོད་སྐོར་དང་སྦྲགས་ཏེ་མགོན་པོ་མཆོག་གིས་གོ་སྐབས་ནམ་བྱུང་ལ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་གནང་བའི་ཐོག་ནས་སངས་རྒྱས་ཀྱི་བཀའ་ལ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཞིབ་དཔྱོད་ཀྱིས་མྱོང་འདྲིས་ཕུལ་ཕྱིན་ཐོན་པ་ཞིག་གནང་གལ་ཡིན་པར་ལམ་སྟོན་མཛད་བཞིན་ཡོད་པར་བཀའ་སྩལ་ཡོད། མགོན་པོ་མཆོག་གིས་ད་དུང་ང་ཚོའི་འཛམ་གླིང་འདིར་སངས་རྒྱས་སྐུ་དུས་ནས་བཟུང་སྟེ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དེ་ལྟར་ཡང་། སངས་རྒྱས་ཀྱིས་དེ་སྔ་ལོ་ངོ་ ༢༥༠༠ ལྷག་གི་སྔོན་ལ་གསུངས་པའི་ལྟ་གྲུབ་རྣམས་དུས་ད་ལྟའང་འབྲེལ་བ་ཆེན་པོ་ཆགས་ཡོད་སྐོར་དང་འབྲེལ། ལེགས་སྦྱར་དང་པཱ་ལི་གཉིས་ཀའི་ནང་དུ་གཏི་མུག་དང་སྡུག་བསྔལ་ལས་བྲལ་ཐབས་གསལ་ཡོད་པ་བཞིན་མདོར་ན་སངས་རྒྱས་ཆོས་ཀྱི་ནང་དུ་གཞན་ལ་གནོད་འཚེ་མི་གནང་བ་དང་ཕན་པ་གང་ཐུབ་སྒྲུབ་དགོས་སྐོར་འཁོད་ཡོད་སྟབས། ང་ཚོའི་ངོས་ནས་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གྱི་འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་ཏེ་སྡུག་བསྔལ་ལས་ཐར་འདོད་ཀྱིས་བདེ་བ་འཚོལ་རྒྱུ་དེ་ནི་ང་ཚོ་མ་ལས་བཙས་མ་ཉིད་ནས་དབང་བའི་ཐོབ་ཐང་ཞིག་ཡིན་པ་དང་། གང་ཟག་སྒེར་གྱི་བདེ་སྐྱིད་དེ་ང་ཚོས་གཞན་ལ་ཕན་གནོད་ཀྱི་ལས་གང་བྱེད་ཀྱི་ཡོད་མེད་ལ་རག་ལུས་ཡོད་སྟབས། རང་གཅེས་འཛིན་གྱི་བསམ་བློ་དོར་ནས་ཕན་ཚུན་གུས་བརྩི་དང་གཞན་ཕན་གྱི་བློ་སྒོམ་ནས་དཀའ་ངལ་དང་སྡུག་བསྔལ་མང་དག་ཅིག་གི་རྩ་བ་ཡིན་པའི་རང་གཅེས་འཛིན་གྱི་བློ་དེ་དོར་ཐུབ་རྒྱུ་མ་ཟད། དོན་དམ་གྱི་བདེ་སྐྱིད་ཅིག་རྙེད་ཐུབ་རྒྱུ་ཡིན་པར་བཀའ་སྩལ་འདུགལྷག་པར་དུ་༸གོང་ས་མཆོག་གིས་ངས་ནི་ཁྱེད་ལ་ཐར་པའི་ལམ་སྟོན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་བྱ། །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་སངས་རྒྱས་ཀྱི་བཀའ་ལུང་འདྲེན་དང་སྦྲགས། རྩ་བའི་ནང་ཆོས་དེ་ནི་འཛམ་གླིང་ཁྲོད་ཀྱི་ཆོས་འདྲ་མིན་ལས་གཅིག་ཡིན་པ་དང་། ཆོས་ལུགས་ཚང་མས་བྱམས་རྩེའི་བསླབ་བྱ་གཅིག་གྱུར་གནང་གི་ཡོད་ཀྱང་། ནང་ཆོས་ལ་ཆོས་བརྒྱུད་གཞན་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་བཀའ་སྩལ་བ་ལྟར་དཔྱད་པ་དང་བརྟག་པའི་ཐོག་ནས་ཉམས་སུ་ལེན་དགོས་པར་བློ་སྤོབས་སྦྱིན་པ་དེ་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་ནི་སངས་རྒྱས་ཀྱི་ཞིང་ཁམས་ཡིན་པ་དང་ད་བར་བོད་མིའི་ངོས་ནས་རྒྱ་གར་ལ་དགེ་རྒན་གྱི་འདུ་ཤེས་འཛིན་བཞིན་ཡོད་ཀྱང་། ད་ལྟ་རྒྱ་གར་གྱི་ངོས་ནས་རང་གི་ཁྱད་དུ་འཕགས་པའི་ཤེས་ཡོན་དེ་གོ་ལ་ཁྱོན་ལ་དར་སྤེལ་གནང་རྒྱུའི་དུས་ལ་བབ་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས་དེའང་ཆོས་ལུགས་ལ་མ་བརྟེན་པ་དང་ཤེས་ཡོན་གྱི་ལམ་ལུགས་ཐོག་ནས་རིག་གཞུང་ཀུན་ལ་གུས་བརྩི་ཞུས་ཏེ་ཁྱབ་སྤེལ་གནང་དགོས་པར་ལམ་སྟོན་མཛད་ཡོད།ལྷག་དོན་༸གོང་ས་མཆོག་གིས་ང་ཚོ་ཚང་མས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློའི་ཐོག་ལ་འབད་བརྩོན་དང་དེ་ལྟར་གནང་རྒྱུར་ཡི་རངས་བསྔགས་བརྗོད་གནང་ཚེ་བདེ་ཞིང་སྐྱིད་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པར་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་མཇུག་ཏུ་མགོན་པོ་མཆོག་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐོར་དང་འབྲེལ་ནས་རྒྱ་གར་དང་བོད་དབར་དམིགས་བསལ་འབྲེལ་བ་ཞིག་ཡོད་པ་ཐུགས་ཚོར་བྱུང་བ་དྲན་གསོ་མཛད་པ་དང་སྦྲགས། རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་ཀྱང་རྒྱ་གར་འདི་ནི་བདག་ཅག་གི་སྟོན་པའི་ཡུལ་ཡིན་ཞེས་གསུངས་ཡོད་སྐོར་བཀའ་སྩལ་བ་དང་། ནང་ཆོས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་འགྲོ་བ་མིར་ཕན་བདེ་བསྐྲུན་རྒྱུ་ཡིན་པར་བཀའ་སྩལ་འདུག་པ་མ་ཟད། ང་ཚོ་ནང་པ་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་གྱི་སྙིང་རྗེ་དང་ཞི་གནས་བཅས་གཞིར་བཞག་པའི་གནའ་བོའི་རིག་གཞུང་སློབ་གཉེར་གནང་ཚེ་བདེ་སྐྱིད་དང་འཛམ་གླིང་འདི་ཡང་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ་པར་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག

ཉོན་མོངས་སེལ་བར་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞེས་པ་དེ་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཁོ་ན་ཙམ་མིན་པར་གཙོ་བོ་དུག་གསུམ་གྱི་དབང་སྒྱུར་འོག་ཚུད་པའི་རྨོངས་པའི་ཤེས་པ་དེ་དག་སེལ་བར་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་དགོས་པར་ལམ་སྟོན་སྩལ་སོང་།དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་སིངྒ་པོར་ནང་པའི་ཆོས་ཚོགས་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད་པ་དེ་འཕྲོ་སྐྱོང་དང་ཆབས་ཅིག ནང་པའི་ཆོས་སྤྱི་དང་ལྷག་པར་དུ་ཤེར་ཕྱིན་གྱི་གཞུང་དེ་དག་གི་དགོས་པ་གང་ཡིན་ཤེས་དགོས་གལ་ཡིན་པ་དང་། ཆོས་ཞེས་པ་དེ་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཁོ་ན་ཙམ་མིན་པར་གཙོ་བོ་དུག་གསུམ་གྱི་དབང་སྒྱུར་འོག་ཚུད་པའི་རྨོངས་པའི་ཤེས་པ་དེ་དག་སེལ་བར་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་དགོས་པར་ལམ་སྟོན་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་སྟོང་ཉིད་དང་བདག་མེད་ཀྱི་རྣམ་གཞག་དང་འབྲེལ་ཤེས་རབ་སྙིང་པོ་ནི་སངས་རྒྱས་ཆོས་ཀྱི་སྙིང་པོ་ཞིག་ཡིན་པ་དང་། དེའང་སྟོང་པ་ཉིད་དང་བདག་མེད་པའི་རྣམ་གཞག་དེ་ནི་སངས་རྒྱས་ཆོས་ཀྱི་གྲུབ་མཐའ་སྨྲ་བ་ཚང་མས་གསུངས་ཡོད་པ་སོགས་ངོ་སྤྲོད་མཛད་པ་མ་ཟད། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ནང་གསུངས་པའི་སྡུག་བསྔལ་དང་བདེ་བ་ཞེས་པ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་དགོས་པ་དང་། སྡུག་བསྔལ་གྱི་རྒྱུ་གཙོ་བོ་མ་རིག་པ་དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་སེལ་དགོས་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བསམ་བློ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་བླང་དོར་གྱི་གནས་ཤེས་ཐུབ་པ་སོགས་༸སྐུ་དངོས་ཀྱི་མྱོང་བ་དང་བཅས་ཏེ་བཀའ་སྩལ་ཡོད།དེ་བཞིན་དེ་རིང་གི་བཀའ་ཆོས་རེ་ཞིག་མཇུག་སྒྲིག་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་ཏུ་ལྷན་ཞུགས་གནང་བའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་དགེ་མི་དགེའི་ལས་དང་སེམས་སྡུག་རིགས་བྱུང་སྐབས་གདོང་ལེན་ཇི་ལྟར་གནང་ཚུལ་སོགས་ཀྱི་ཐད་ལ་བཀའ་འདྲི་དགོངས་སྐོར་ཞུས་ཁག་བཀའ་ལན་མཛད་ཡོད།ལྷག་པར་དུ་ཆོས་ཞུ་བ་རྒན་གྲས་ཤིག་གིས་འཆི་ལ་ཉེ་བའི་སྐབས་སུ་དགོངས་པ་བཞེས་ཕྱོགས་གང་འདྲ་དགོས་མིན་ཐད་ལ་བཀའ་འདྲི་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་འཆི་ལ་ཉེ་བའི་སྐབས་སུ་ཆགས་སྡང་དང་འབྲེལ་བའི་དགོངས་པ་མ་བཞེས་པར་རང་ཉིད་ཀྱི་མདུན་དུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དང་། ཡང་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཞག་ནས་སོ་སོའི་ཤེས་པ་རགས་པ་དེ་དེར་ཐིམ་པའི་བསམ་བློ་རྩེ་གཅིག་ཏུ་གནས་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།ཐེངས་འདིའི་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་མཛད་རིམ་ཁག་ལེགས་པར་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་ཐམས་བཅད་རྣལ་འབྱོར་གྱི་སེམས་བསྐྱེད་བཀའ་དྲིན་ཆེ་བ་སྩལ་ཡོད།

རྒྱ་ནག་གིས་བོད་ཀྱི་བདག་དབང་རྩོད་སྒྲུབ་ཀྱི་གློག་བརྙན་གསར་བཟོ་བྱས་འདུག

རྒྱ་ནག་གི་གཞུང་འབྲེལ་Global Times གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བའི་ནང་དུ།  རྒྱ་ནག་གི་་ཆིན་རྒྱལ་རབས་ཀྱི་གོང་མ་ཨན་བན་དང་འབྲེལ་བའི་གློག་བརྙན་གསར་བ་ཞིག་མི་འགྱངས་བར་ཕྱིར་འདོན་བྱེད་རྒྱུ་ཡིན་ལུགས་སྦྲགས་ཏེ། ལྟད་མོ་དེའི་བརྗོད་སྙིང་གཙོ་བོ་ནི་རྒྱ་ནག་གི་ཆིན་གོང་མས་བོད་ས་དབང་སྒྱུར་གྱིས་བལ་ཡུལ་གྱི་གོར་ཁ་དམག་འཐབ་ལས་བོད་ས་སྲུང་སྐྱོབ་བྱས་པ་གཙོ་བོར་བསྟན་ཡོད་པ་ཞིག་ཡིན་པར་བསྒྲགས་ཏེ། གློག་བརྙན་དེ་ནི་རྒྱ་ནག་གིས་བོད་ལ་བཅིངས་གྲོལ་ཟེར་བ་བཏང་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་སྟོན་གྱི་ཆ་ཤས་ཤིག་ཏུ་སྟོན་རྒྱུ་ཡིན་པར་བསྒྲགས་འདུགགསར་ཤོག་དེའི་ནང་དུ། རྒྱ་ནག་ཕྱི་ལོག་གི་བརྒྱུད་ལམ་ཁག་ཅིག་ནས་གློག་བརྙན་དེ་ནི་རྒྱ་ནག་གིས་ཆེད་དུ་ཏཱ་ལའི་རུ་ཚོགས་ལ་ཉེན་བརྡ་བཏང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་མཁན་བྱུང་ཡོད་སྐོར་བརྗོད་པ་མ་ཟད།  རྒྱ་ནག་གི་ཉམས་ཞིབ་པའི་ལྟད་མོ་དེར་སྡོམ་རྒྱབ་པ་ཞིག་ལུང་འདྲེན་བྱས་ཏེ། གློག་བརྙན་དེས་ཏྭ་ལའི་རུ་ཚོགས་ལ་བརྡ་ལན་ཞིག་སྤྲད་ཚེ། དེ་ནི་རྒྱ་ནག་གཞུང་གི་ད་བར་འགྱུར་བ་མེད་པའི་ཐོག་ནས་བཟུང་པའི་ལངས་ཕྱོགས་ཏེ། ཁ་བྲལ་གྱི་ལས་འགུལ་དེ་ནམ་ཡང་ལེགས་འགྲུབ་བྱུང་ཐབས་མེད་པ་དང་། རྒྱ་ནག་གི་ངོས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་གོང་བུ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་རེད་ཅེས་འགྲེལ་བརྗོད་བྱས་འདུག Global Times གསར་ཁང་གིས་བརྗོད་པ་ལྟར་ན། གློག་བརྙན་དེ་ནི་རྒྱ་ནག་གི་གོང་མ་ཆིན་ལོང་གི་སྐབས་ཏེ། པཎ་ཆེན་སྐུ་ཕྲེང་དྲུག་པའི་སྤུན་མཆེད་ཀྱིས་ཕྱི་ལོག་གི་སྟོབས་ཤུགས་དང་ཟླ་སྒྲིལ་གྱིས་བོད་ས་དབང་སྒྱུར་བྱེད་ཐབས་ལ་དམིགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་པ་ཇག་བཅོམ་བྱས་པའི་སྐབས་སུ། ཆིན་གོང་མས་དམག་སྤྱི་བོད་དུ་བཏང་སྟེ། བོད་དང་མན་ཇུ། དེ་བཞིན་ཧན་མི་རིགས་དང་སོག་པོ་སོགས་ས་ཁོངས་གཅིག་སྒྲིལ་གྱིས་ཕྱི་ལོག་གི་བཙན་འཛུལ་བ་ཕྱིར་ཕུད་བཏང་སྟེ། གྲངས་ཉུང་མི་རིགས་རྣམས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་མ་ཟད། བོད་ཀྱི་སྲིད་གཞུང་ལ་སྲུང་སྐྱོབ་བྱས་ཏེ། སྐབས་དེ་ནས་བཟུང་བོད་ཏུ་ཡང་སྲིད་ཐག་གཅོད་གནང་སྟངས་ཀྱི་གསེར་བུམ་དཀྲུག་སྲོལ་གསར་དུ་ལག་བསྟར་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག དེ་བཞིན་རྒྱ་ནག་གི་ཉམས་ཞིབ་པས་སྐབས་དེ་ནས་བོད་དུ་གསེར་བུམ་དཀྲུག་སྲོལ་བྱུང་བ་ལྟར། བོད་ཀྱི་རྒྱལ་བ་པཎ་ཆེན་གཉིས་ཀྱི་ཡང་སྲིད་ཀྱང་གསེར་བུམ་དཀྲུག་ནས་ཐག་གཅོད་བྱེད་ཀྱི་ཡོད་ནའང་། ད་ཆ་༸གོང་ས་མཆོག་གི་གཙོ་བྱས་པའི་ཁ་བྲལ་བ་ཚོས་ལམ་ལུགས་དེར་ངོས་ལེན་མ་བྱས་པར་༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་བརྗོད་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་ནི་ཆོས་བ་རྣམ་དག་ཅིག་མིན་པར་བཙན་བྱོལ་དུ་གྱར་བའི་ཁ་བྲལ་བ་ཞིག་ཡིན་པའི་མཚན་སྨོད་བྱས་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་ཐེ་ཝན་དོན་གཅོད་དང་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཐེངས་འདིའི་གློག་བརྙན་འདི་ནི་ལོ་འགའ་ཤས་ཀྱི་གོང་ནས་འཆར་གཞི་ལྡན་པའི་ཐོག་ནས་བཟོ་སྐྲུན་བྱས་ཏེ། ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ཁོངས་ཡིན་པ་དང་། ཆོས་ལུགས་ཀྱི་ཐོག་ནས་༸གོང་ས་སྐུ་ཕྲེང་༡༤་པ་མཆོག་རྒྱལ་སྤྱིའི་སྟེང་ནས་མཛད་འཕྲིན་རྒྱས་བཞིན་ཡོད་སྟབས་སྐུ་ཕྲེང་བཅོ་ལྔ་བ་དེ་རྒྱ་ནག་རང་གིས་གདམ་ཐབས་སུ་ལོ་རྒྱུས་ཀྱི་ཁྲོད་དུ་ཆོས་ལུགས་ཀྱི་བཀའ་དབང་རྒྱ་ནག་ལ་ཡོད་པ་སོགས་ཀྱི་ལོ་རྒྱུས་ལ་འཁྱོགས་བརྗོད་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་གོར་ཁ་དམག་མི་མཐར་སྐྲོད་བཏང་ཟིན་པའི་རྗེས་སུ་བོད་དང་འབྲེལ་མཐུད་ཀྱི་ཕྱིར་ཏུ་ཨན་བན་ལས་ཁུངས་བོད་དུ་བཙུགས་པ་དང་དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་དང་ལ་ལེགས་བཅོས་ཀྱི་དོན་ཚན་ཉེར་དགུ་ཅན་གྱི་བསམ་ཚུལ་ཞིག་ཕུལ་བ་ཙམ་ལས་བོད་ཀྱི་བདག་དབང་ཡོངས་སུ་རྫོགས་ལ་རྒྱ་ནག་ལ་ཡོད་པར་བརྗོད་བཞིན་པ་དེ་ནི་ལོ་རྒྱུས་ཐོག་རྩ་བ་ཉིད་ནས་གཞི་རྩ་མེད་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་བོད་ཀྱི་སྲིད་བྱིས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གིས་དུས་རྒྱུས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ཆབ་སྲིད་དགོས་མཁོ་ལ་དམིགས་པའི་དྲིལ་བསྒྲགས་ཀྱི་རིགས་བྱེད་ཀྱི་ཡོད་པ་ལྟར། གློག་བརྙན་འདི་ལ་མཚོན་ན་ཡང་གཙོ་བོ་ལོ་རྒྱུས་ཀྱི་ཐོག་བོད་རྒྱལ་ཁོངས་ཡིན་པ་དང་རྒྱ་ནག་ལ་བོད་ཀྱི་བདག་དབང་ཡོད་པར་དྲིལ་བསྒྲགས་བྱེད་ཐབས་དང་། དེ་བཞིན་བོད་དང་ཆིན་གོང་མའི་བར་གྱི་མཆོད་ཡོན་གྱི་འབྲེལ་བ་བརྒྱུད་ནས་སྐུའི་ཡང་སྲིད་ཀྱི་བདག་དབང་ཡང་རྒྱ་ནག་ལ་ཡོད་པར་སྒྲུབ་པར་འབད་བརྩོད་བྱེད་བཞིན་པའི་དྲིལ་བསྒྲགས་ཁོ་ན་ཡིན་པར་ངོ་སྤྲོད་གནང་སོང་། གཞི་རྩའི་ཨན་བན་ཞེས་པའི་གློག་བརྙན་དེ་ནི་ཕྱི་ལོ་ ༢༠༡༦ ལོར་བཟོ་བསྐྲུན་གྱིས་ཕྱི་ལོ་ ༢༠༡༧ ལོར་དངོས་སུ་གཟིགས་འབུལ་ཞུ་རྒྱུར་ཐག་གཅོད་བྱས་ཡོད་ཀྱང་། ཕྱིས་སུ་གློག་བརྙན་དེ་དུས་ཐོག་ཏུ་འདོན་སྤེལ་མ་བྱས་པར་ལོ་བཞིའི་རིང་ལ་ཕྱིར་འགྱངས་བྱས་པ་ཞིག་ཡིན་པ་དང་། འདི་ལོར་རྒྱ་ནག་གི་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་བདུན་ཅུ་འཁོར་བའི་དུས་སྟོན་གྱི་ཆ་ཤས་སུ་ཕྱིར་འདོན་གནང་རྒྱུ་ཡིན་པར་བསྒྲགས་འདུག

Latest news