Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་ཀྱི་གནད་དོན་སེལ་བར་ཆ་རྐྱེན་གཙོ་བོ་ནི་རྒྱ་མི་རིགས་ནས་རྒྱབ་སྐྱོར་འཐོབ་རྒྱུ་དེ་རེད།

དེ་རིང་སྔ་དྲོ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་ཐུན་གསུམ་པའི་ཐོག་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་བོད་ཀྱི་གནད་དོན་སེལ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷག་དོན་རྒྱ་མི་རིགས་ནས་བོད་ཀྱི་གནད་དོན་ལ་ངོས་འཛིན་ཀྱིས་ཤེས་རྟོགས་ཡོང་བ་བཟོ་དགོས་པ་མ་ཟད་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་གནང་དགོས་པར་ནན་སྐུལ་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༩ ཐོག་ཚོགས་པའི་ཚོགས་ཐུན་གསུམ་པའི་ཐོག་གསུང་བཤད་གནང་མཁན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་དྲུང་ཆེ་དང་བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་སྐལ་བཟང་ཚེ་རིང་ལགས། དེ་བཞིན་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་གསུམ་ཆེད་འབོད་ཀྱིས་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིར་ཚོུད་གཅིག་གི་རིང་གསུང་བཤད་གནང་ཡོད་པ་ལྟར། སྐབས་དེར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ནས་བོད་རྒྱ་གཉིས་དབར་ཞི་མོལ་གནང་དགོས་དོན་ཅི་ཡིན་དང་ད་ལྟ་བར་གྱི་འབྲེལ་ལམ་རྣམས་གང་འདྲ་བྱུང་མིན། དེ་བཞིན་མ་འོངས་པར་རྒྱ་ནག་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་ཡོང་བར་ཐབས་ཤེས་གང་གནང་དགོས་མིན་བཅས་ཀྱི་དོན་ཚན་གསུམ་ཅན་ཞིག་གསལ་འདོན་གནང་ཐོག་ད་རེས་ང་ཚོ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ས་གནས་གཅིག་ཏུ་ཚང་འཛོམས་ཀྱིས་བགྲོ་གླེང་འདི་ལྟར་གནང་དོན་ནི་ང་ཚོར་དཀའ་རྙོག་གམ་བོད་ཀྱི་གནད་དོན་ཞིག་ཡོད་པ་དང་དཀའ་རྙོག་འདི་ནི་ཕྱི་ལོ་ ༡༩༤༩ ལོར་བོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་བོད་ལ་བཙན་འཛུལ་བྱས་རྐྱེན་བྱུང་བ་ཞིག་ཡིན་པ་མ་གཏོགས་ཕྱི་ལོ་ ༡༩༥༠ གོང་ལ་བོད་ཀྱི་དཀའ་རྙོག་ཞེས་པ་ཞིག་བྱུང་མྱོང་མེད་ཅེས་ནན་བརྗོད་གནང་སོང་། དེ་བཞིན་རྔ་བ་ཚེ་རྒྱམ་ལགས་ཀྱིས་རྒྱ་གཞུང་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཞིག་མེད་པར་བརྗོད་བཞིན་པ་དེ་ཡང་དག་པ་ཞིག་མིན་པ་དང་དོན་དངོས་ཐོག་བོད་ཀྱི་གནད་དོན་ཡོད་པར་བརྟེན་དེ་སྔ་ཕྱི་ལོ་ ༡༩༨༠ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཙོ་གྱུར་མདོ་དབུས་ཁམས་ཡོངས་རྫོགས་ནང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་མང་འཚོགས་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱས་ནས་མི་ལོ་ ༦༠ ལྷག་འགྲོ་བཞིན་པའི་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་། སྐད་ཡིག་བཅས་པའི་རྨང་གཞི་དང་མི་རིགས་སོགས་རྩ་མེད་གཏང་རྒྱུའི་ཐབས་བརྒྱ་བྱུས་སྟོང་ཀྱི་ཐབས་ཤེས་བྱེད་བཞིན་པའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་མི་ཚོས་ངེས་པར་དུ་བོད་ཀྱི་གནད་དོན་དེ་སེལ་དགོས་པ་དང་དེ་བོད་མིར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཆགས་ཡོད་པར་ནན་བརྗོད་གནང་ཡོད། རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་གཞོན་སྐྱེས་ཚོའི་དུས་ཀུན་ཏུ་རང་ཉིད་འཐབ་རྩོད་ཀྱི་སྒྲིག་འཛུགས་ཤིག་ནང་ཡོད་པ་དང་རང་ཉིད་ཀྱི་སྒྲིག་འཛུགས་འདི་འཐབ་རྩོད་ཀྱི་སྒྲིག་འཛུགས་ཤིག་ཡིན་པར་དྲན་སྐུལ་གནང་དགོས་པ་མ་ཟད། འཐབ་རྩོད་དེ་ཡང་བོད་ཀྱི་བདེན་དོན་གྱི་འཐབ་རྩོད་ཞིག་ཡིན་སྟབས་བོད་མི་རིགས་ཀྱི་དཀའ་ངལ་དེ་སེལ་བར་ཐབས་ལམ་སྣ་ཚོགས་ཤིག་ཡོད་ཀྱང་དེའི་ནང་ནས་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་པོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷག་དོན་རྒྱ་རིགས་མི་མང་ནས་བོད་ཀྱི་གནད་དོན་ལ་ངོས་འཛིན་གྱིས་ཤེས་རྟོགས་གནང་ཐུབ་པ་བཟོ་དགོས་པ་མ་ཟད་ཁྱད་པར་དུ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་གནང་རྒྱུ་དེ་ཡིན་པ་གསུངས་སོང་། ཁོང་གིས་ཕྱི་ལོ་ ༡༩༥༩ ནས་ ༡༩༧༤ བར་དུ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་ད་ལྟ་ལྟར་མིན་ནའང་ ༡༩༧༤ རྗེས་སུ་༸གོང་ས་མཆོག་གིས་རྒྱ་ནག་རྒྱལ་ཁབ་ཁ་བྲལ་མི་ཡོང་བ་དང་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྐྱོབ་རྒྱུ། དེ་བཞིན་བོད་མི་རིགས་མུ་མཐུད་གནས་རྒྱུ་བཅས་ལ་གཟིགསཏེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་གཏན་ལ་ཕབ་ཡོད་པ་དང་། སྲིད་བྱུས་དེའི་འོག་ང་ཚོས་རྒྱ་ནག་གཞུང་དང་རྒྱ་མི་རིགས་གཉིས་ལྷན་གྲོས་མོལ་གནང་དགོས་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་ནས་འདོད་མོས་ཡོད་པ་བཞིན་ང་ཚོས་རྒྱ་ནག་དང་ལྷན་དུས་ནམ་ཡང་བཀའ་མོལ་ཞུ་དཀའ་ནའང་རྒྱ་ནག་མི་མང་ཚོ་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་མང་དག་ཅིག་ཡོད་པ་དང་། གོ་སྐབས་ཡོད་པ་ལྟར་ཕྱི་རྒྱལ་དུ་གནས་སྡོད་བོད་ཕྲུག་ན་གཞོན་ཚོར་གོ་སྐབས་དེ་དམ་འཛིན་གྱིས་རྒྱ་ནག་མི་མང་ཚོར་འབྲེལ་ལམ་དེ་སྔར་ལྷག་རྒྱུར་ཤུགས་གནོན་གནང་གནད་ཡིན་པར་སྐུལ་མ་གནང་ཡོད། ལས་རིམ་ལ་གཞིགས་ཚེ་སང་ཉིན་སྔ་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ནང་ཆོས་ངོ་སྤྲོད་དང་དེ་ནས་ཚོགས་བཅར་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ། དེ་བཞིན་གོ་སྒྲིག་ཚོགས་ཆུང་ནས་ཚོགས་བཅར་བ་ཆ་བགོས་ཀྱིས་ཚོགས་ཆུང་ཟུར་འཛུགས་ཞུས་ཏེ་བརྗོད་གཞི་ཁག་ལ་གོ་བསྡུར་གནང་རྒྱུ་ཡིན་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ།

གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། དེ་རིང་ཉིན་རྒྱབ་ཚོུད་ ༣ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུའི་གལ་གནད་སྐོར་གསུངས་པ་དང་འབྲེལ། ཚོགས་འདུ་ཐོག་ཕེབས་པའི་གཞོན་སྐྱེས་རྣམས་ནས་བོད་མིའི་རང་དབང་འཐབ་རྩོད་དེ་ཤུགས་ཆེ་ཡོང་བར་ཐབས་ལམ་འཚོལ་རྒྱུ་དང་། རང་ཉིད་ཀྱི་བསམ་ཚུལ་ཞུ་རྒྱུ་དང་བསམ་ཚུལ་བརྗེ་རེས་སོགས་ཀྱི་བརྒྱུད་ནས་མ་འོངས་པར་བོད་མིའི་འཐབ་རྩོད་ལ་སྨན་པའི་གྲོས་བསྡུར་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་སོང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ད་ལྟའི་མི་རབས་ཀྱི་གཞོན་སྐྱེས་ཚོར་གདོང་ལེན་གནང་དགོས་པའི་གནད་དོན་གཙོ་བོ་ནི་༸གོང་ས་མཆོག་གི་དགུང་ལོའི་བབ་ཀྱི་ཆ་ནས་ད་ཆ་མགོན་པོ་༸གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཕྲིན་ཁག་རིམ་བཞིན་ཉུང་འཕྲི་གནང་བཞིན་པའི་མཚམས་འདིར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་མངོན་གསལ་མེད་པར་འགྱུར་ཉེན་ཡོད་སྟབས། གཞོན་སྐྱེས་ཚོའི་ངོས་ནས་དེ་ལྟར་མི་ཡོང་བར་དམིགས་བསལ་འགན་ཁུར་གནང་དགོས་གནད་ཡིན་པ་སོགས་ལམ་སྟོན་གནང་ཡོད། དེ་བཞིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་པའི་མི་རབས་གསར་པ་ཚོ་ཕྱི་རྒྱལ་དུ་འགྲོ་རྒྱུར་དགའ་མོས་ཡོད་པ་མ་ཟད་དེ་དག་ཕ་མ་ཚོས་ཀྱང་ཕྱི་རྒྱལ་དུ་ཐར་ཐབས་སུ་འབད་བརྩོན་གང་ཡོང་གནང་བཞིན་པའི་གནས་བབས་འདིའི་ཐོག་ནས་མ་འོངས་པར་བོད་ཀྱི་གནས་སྟངས་དེ་གང་འདྲ་ཆགས་ཀྱི་རེད་དམ་བསམ་པའི་ཐུགས་འཚབ་ཡོང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ད་ལྟའི་བོད་ཀྱི་གནས་སྟངས་ཇི་འདྲ་གྱུར་མིན་དེ་གཞོན་སྐྱེས་ཚོར་ལྡོག་ཏུ་མེད་པའི་འོས་འགན་ཡོད་པ་སོགས་ལམ་སྟོན་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་གིས་བོད་པས་བོད་པའི་འཐབ་རྩོད་ཀྱི་ངོ་བོ་མཁྱེན་དགོས་གལ་སྐོར་གསུངས་པ་དང་འབྲེལ་ཏེ་གཞོན་སྐྱེས་ཚོའི་ངོས་ནས་བོད་སྤྱིའི་འཐབ་རྩོད་དེ་ཇི་སྲིད་རང་དབང་སླར་གསོ་མ་བྱུང་བར་དེ་སྲིད་དུ་རྒྱུན་སྐྱོང་གནང་དགོས་པ་སོགས་གསུངས་སོང་། དེ་རིང་ཕྱི་ཟླ་ ༨ ཚེས་ ༡༦ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཉིན་གྲངས་བཞིའི་རིང་ཚོགས་འདུའི་ཐོག་བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་དོན་ཕན་གྱི་འབྲེལ་ལམ་བསྐྲུན་ཐབས། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་མཉམ་ཞུགས་གནང་ཕྱོགས་སོགས་བརྗོད་གཞིའི་ཁག་ཅིག་གི་ཐོག་གསུང་བཤད་དང་ཚོགས་བཅར་བ་ཕན་ཚུན་དབར་གོ་བསྡུར་དང་སྦྱང་བཤད་གནང་རྒྱུ་ཡིན་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་དགོངས་དོན་འོག་སྔ་ལོར་བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས། དེ་བཞིན་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་བཅས་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་བཅར་བ་རྣམས་དེ་རིང་སྔ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ལྟ་སྐོར་ལ་བཅར་ཡོད་པ་རེད།  

བྷར་སིལ་དོན་གཅོད་ནས་ཧྥིལེ་མིཤ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོར་བོད་དོན་སྙན་སེང་།

ཡུ་རོབ་རྒྱལ་ཁབ་བྷེལ་འཇམ་ནང་རྟེན་གཞི་བྱས་པའི་བྷར་སེལ་སྐུ་ཚབ་དོན་ཁང་གི་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་གཙོས་ལས་བྱེད་གཉིས་བཅས་ནས་ཟླ་བ་འདིའི་ཚེས་ ༡༤ ཉིན་ཉེ་ཆར་སྐུ་ཞབས་ Wilfried Vandale མཆོག་བྷེལ་འཇམ་གྱི་ས་གནས་ Flemish Parliament གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་འདི་བཞིན་དོན་གཅོད་ལས་ཁུངས་དང་ཡུལ་དེའི་གྲོས་ཚོགས་དབར་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་སྐོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་སྙན་སེང་གི་གླེང་སློང་ཞུ་ཕྱིར་མཇལ་འཕྲད་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ། མཇལ་མོལ་དེའི་ཐོག་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་སམ་སྒྲོམ་གཞིར་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཡོ་རོབ་ཀྱི་གྲོས་ཚོགས་ནང་དུ་ཐེངས་འགའ་ཆིབས་བསྒྱུར་མཛད་མྱོང་ཡོད་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༦ ལོར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Schulz མཆོག་དང་མཇལ་མོལ་གནང་བ་དང་དེ་བཞིན་ཕྱི་སྲིད་ཚོགས་ཆུང་ལ་བཀའ་སློབ་བསྩལ་སྐོར་སོགས་སྙན་སེང་ཞུས་འདུག གཞན་ཡང་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་གནོན་དང་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། བོད་ནང་བོད་མི་ཚོའི་ངོས་ནས་ཆོས་ལུགས། ལེགས་བྱང་། དེ་བཞིན་ཆབ་སྲིད་སོགས་དང་འབྲེལ་བའི་གནད་ཐོག་ལ་རང་དབང་ལྡན་པའི་ལས་འགུལ་སྤེལ་བར་དམ་བསྒྲགས་ཚད་མེད་བྱས་པར་བརྟེན་བོད་དེ་ད་ལྟའི་འཆར་འཛམ་གླིང་ནང་ Syria རྒྱལ་ཁབ་ཀྱི་རྗེས་སུ་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་པ་སོགས་ཞུས་འདུག་པ་དང་ཆབས་ཅིག ད་ལྟའི་དུས་སྐབས་འདིར་རྒྱ་གཞུང་གིས་བོད་ནང་བཙན་གནོན་དང་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནས་རྒྱལ་སྤྱིའི་ཐོག་ཏུའང་དེ་ལྟ་བུའི་དབང་སྒྱུར་དང་གཉའ་གནོན་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཀྱང་། བར་ལམ་ཞིག་ནས་ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་གཞུང་གིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ལ་ཁ་གཏད་ཀྱི་གདོང་ལེན་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག སྐབས་དེར་སྐུ་ཞབས་ Wilfried Vandale མཆོག་གིས་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པ་ Nieuw Vlaamse Alliantie གཉིས་ལ་རྒྱ་གཞུང་གིས་ཐད་བྱུས་དང་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་། ཁོང་ནས་མུ་མཐུད་བོད་དོན་ཐོག་དེ་སྔའི་ཚོགས་གཙོ་ལྟར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག་པ་མ་ཟད། ཁོང་གི་ཆབ་སྲིད་ཚོགས་པའི་ངོས་ནས་ལེགས་བྱང་གང་ཡིན་དེ་དག་ཀུན་དང་མི་རིགས་སོ་སོའི་ངོ་བོ་སྲུང་སྐྱོབ་གནང་རྒྱུར་བརྩི་བཀུར་གཅིག་མཚུངས་གནང་ངེས་ཡིན་པའང་གསུངས་འདུག རྩ་བའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Jan Peumans མཆོག་ནས་ལོ་མང་རིང་དོན་གཅོད་ལས་ཁུངས་དང་། ལས་ཁུངས་ཀྱི་ལས་འཆར། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ནམ་ཕེབས་ལ་མཇལ་མོལ་གནང་བར་བརྟེན་རྒྱ་ནག་གཞུང་ཚབ་ཁང་ནས་ཁོང་ལ་སྔ་རྗེས་སུ་དེ་ལྟར་མི་གནང་བའི་འབྲེལ་གཏུགས་ཞུས་ཡོད་ཀྱང་། ཁོང་གིས་དེར་ལྟོས་མེད་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་ཡོད་པ་རེད། ལྷག་དོན་གྲོས་ཚོགས་ཀྱི་ཚོགས་གཙོ་སྔ་ཕྱི་གཉིས་མཇལ་འཕྲད་གནང་སྐབས་བོད་དང་བོད་ཀྱི་དོན་གཅོད་ཁང་གི་སྐོར་ལ་གླེང་མོལ་གནང་ཡོད་པ་རེད།  འབྲེལ་ཡོད་པར་བོད་མིའི་སྒྲིག་ཀྱི་ཨིན་ཡིག་དྲྭ་རྒྱ།  

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་མི་ལོ་ ༧༣ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་མི་ཚོས་ཀྱང་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རྩ་དོན་རྩོད་རྒྱུན་སྐྱོང་གནང་ཐུབ་ཚེ་རྒྱ་གར་ལྟར་ལམ་ལྷོང་ཡོང་ངེས་ཡིན་པ་གསུངས་སོང་། རྩ་བའི་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པའི་དུས་ཚིགས་ཤིག་ཡིན་པ་དང་། ཉིན་མོ་འདིར་རྒྱ་གར་རྒྱལ་ཡོངས་གཙོས་པའི་འཛམ་གླིང་ས་ཕྱོགས་ཁག་ཏུ་བཞུགས་ཡོད་པའི་རྒྱ་གར་མི་མང་ཡོངས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩༌༡༥ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཀྱིས་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་ཡོངས་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་བོད་མི་རྣམས་ལ་བཀྲིན་ཆེན་པོ་ཆགས་ཡོད་སྟབས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ལྷག་དོན་རྒྱ་གར་འདི་འབྱུང་འགྱུར་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་སྲིད་གཞུང་མངའ་ཐང་ལྡན་པ་ཡོང་བའི་རེ་སྨོན་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གར་དེ་བཞིན་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པར་ལྟར། བོད་མི་ཚོས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྲིང་གནང་ཐོག་འཐབ་རྩོད་གནང་ཚེ་བོད་ནང་གི་བོད་མིའི་མངོན་འདོད་ལྟར་བསྒྲུབ་ཐུབ་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་མ་ཟད་བོད་མིའི་རང་དབང་བསྐྱར་གསོ་གནང་ཐུབ་པའི་སྨོན་འདུན་ཡོད་པ་སོགས་གསུངས་སོང་། ལྷག་དོན་སྲིད་སྐྱོང་མཆོག་གིས་ཧོང་ཀོང་གི་གནད་དོན་དང་འབྲེལ་ནས་གསར་འགོད་པའི་བཅར་འདྲིར་བཀའ་ལན་གནང་བར་བོད་མི་རྣམས་ནས་ཧོང་ཀོང་གི་མང་གཙོ་དང་རང་དབང་ལས་འགུལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་དང་། ད་ཆ་བརྒྱུད་ལམ་ཁག་ཏུ་རྒྱ་གཞུང་གིས་དམག་མི་རླངས་འཁོར་མང་དག་ཅིག་ཧོང་ཀོང་གི་ས་མཚམས་སུ་བསྡུ་སྐོང་བྱེད་བཞིན་པའི་གནས་ཚུལ་འཐོན་བཞིན་པ་དེས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གཏོང་མུས་ལས་ཕན་ཐོགས་གང་ཡང་མེད་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་ནས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་གལ་ཡིན་པ་སྐུལ་མ་གནང་སོང་། སྔ་ཐོག་མཛད་སྒོ་སྒྲུབ་བསྟུན་དྷ་ས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་གདན་ཞུས་ལྟར་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ས་གནས་ཀྱི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་གྱི་གཞུང་འབྲེལ་མཛད་སྒོར་ལྷན་ཞུགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ Vipin Singh Parmar མཆོག དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kishan Kapoor མཆོག་རྣམ་གཉིས་གཙོས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། རྩ་བའི་དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རྨ་ས་ལའི་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་དགའ་བསུའི་འཚམས་འདྲི་དང་བཀྲིན་རྗེས་དྲན་ཞུ་རྒྱུའི་གནང་སྒོ་སྣང་མང་སྤེལ་ནས་ཉིན་མོ་འདི་བཞིན་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་དང་། རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ཏུ་རྒྱ་གར་གྱི་མཚོན་དོན་གསུམ་ཅན་གྱི་རྒྱལ་དར་པར་བཞག་སྟེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་ཡོད་པ་མངོན་རྒྱུ་འདུག ཁག་ཅིག་གིས་རྒྱ་གར་གཞུང་མང་ཡོངས་ཀྱི་ངོས་ནས་ད་བར་བོད་མིའི་ཐོག་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། ལ་ལས་བསྟོད་དབྱངས་སོགས་ཕུལ་ནས་རྒྱ་གར་རང་བཙན་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་རེད།

ཆུའི་གོད་ཆག་ཕོག་པའི་རྒྱ་གར་མང་ཚོགས་ལ་རོགས་སྐྱོར།

འདས་པའི་བདུན་ཕྲག་གཅིག་ལྷག་ཙམ་རིང་རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་གྲོང་ཁྱེར་དང་ས་གནས་ཁག་ཏུ་ཉིན་མཚན་ལྟོས་མེད་ཆར་ཤུགས་རྐྱེན་པས་ས་གནས་ཡུལ་མིར་མི་རྒྱུག་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་པའི་ཁྲོད། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ཉེ་འདབས་ Kaveri གཙང་ཆུ་བརྒལ་ནས་ཟམ་པའི་སྟེང་ཆུ་ལུད་སྟབས། གཞུང་ལམ་ཐོག་ཆུ་འཁྱིལ་ཏེ་མི་མང་རྣམས་འགྲུལ་བཞུད་གནང་བའི་ངལ་བ་འཕྲད་པ་མ་ཟད་ཉེ་འཁོར་ལ་ཡོད་པའི་ Kodagu རྫོང་གི་ Koppa གྲོང་གསེབ་ནང་གནས་པའི་རྒྱ་གར་ཡུལ་མི་དག་གི་སྡོད་ཁང་ཆུར་འཐིམ་ཏེ་སྡོད་གནས་དང་ཟས་གོས་མེད་པར་ཉམ་ཐག་པའི་ངལ་བའི་འོག་གནས་ཡོད་པར་བརྟེན། སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོས་གནོད་འཚེ་ཕོག་ཁུལ་གྱི་ས་གནས་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་འབྲེལ་ཡོད་མི་སྣ་ས་གནས་ས་ཐོག་ཏུ་ཕེབས་ཏེ་ཁོང་རྣམ་པར་ཧིན་སྒོར་སྟོང་ཕྲག་ ༥༠ འི་མ་གནས་ཡོད་པའི་འབྲས་དང་དཱ་ལི་སོགས་ཟས་རིགས་དང་དེ་བཞིན་མལ་ཆས་སོགས་རོགས་རམ་གནང་འདུག རྩ་བའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ནས་དེ་སྔོན་ཡང་སྦེལ་ཀོབ་བོད་མིའི་གཞི་ཆགས་ཉེ་འདབས་སུ་ཆགས་པའི་རྒྱ་གར་གྱི་ས་གནས་ཁ་ཤས་ནང་ཆུའི་གནོད་འཚེ་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་སྨོན་དང་ཛ་དྲག་མཐུན་འགྱུར་རོགས་རམ་གནང་མྱོང་ཡོད་པ་རེད། ད་རེས་རྒྱ་གར་དུ་ཆར་ཤུགས་རྐྱེན་པས་ Koppa གྲོང་གསེབ་གཙོས་པའི་ Karnataka འི་གྲོང་ཁྱེར་ Belagavi དང་། Bagalkote Yadgir  དེ་བཞིན་ Shivamogga  དང་གཞན་ཡང་ Mysuru མངའ་སྡེ་སོགས་སུ་ཆུ་རུད་དང་ས་ཉིལ་ སོགས་ཀྱི་རྐྱེན་པས་མི་མང་པོའི་སྡོད་ཁང་དང་ས་ཞིང་། དངོས་ཆས་སོགས་ཆུས་འཁྱེར་ཏེ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་མ་ཟད། དོན་རྐྱེན་དེའི་འོག་ཚེ་སྲོག་ཤོར་བཞིན་པའི་མིའི་ གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་པ་དང་མི་འབུམ་ལྷག་ས་གནས་གཞན་སུ་གནས་སྤོས་གནང་མུས་རེད་འདུག

ལྡེ་ར་ལྡུན་མངའ་ཁུལ་དུ་རང་ལོ་ ༡༤ མན་གྱི་བུའི་རྐང་སྤོལ་འགྲན་བསྡུར་གནང་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱབ་སྐྱོར་གནང་ཐོག་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེའི་རྒྱལ་ས་ Dehradun གྱི་གྲོང་ཁྱེར་ Clement Town ནང་ལ་ཡོད་པའི་དོན་གྲུབ་གླིང་སློབ་གྲྭར་ཁུལ་དེའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་བོད་པའི་སློབ་ཁག་གི་རང་ལོ་ ༡༤ མན་གྱི་བུའི་རྐང་རྩེད་སྤོལ་འགྲན་ཞིག་གོ་སྒྲིག་གནང་འདུག རྐང་རྩེད་སྤོལ་ལོའི་རྩེད་འགྲན་དེ་ཁ་ཉིན་དང་ཁ་སང་བཅས་ཉིན་གཉིས་ཀྱི་རིང་རྩེད་ཡོད་པ་དང་། རྩེད་འགྲན་ནང་ལ་མ་སུ་རི་བོད་ཁྱིམ་དང་། སེ་ལ་ཀུལ་བོད་ཁྱིམ། པོན་ཊ་སཾམ་བྷོ་ཊའི་སློབ་གྲྭ མ་སུ་རི་བོད་ཁྱིམ་གྱི་ཡན་ལག་རཱཇ་པུར་དང་ གྷོ་རི་མཱ་ཧྥི་སློབ་གྲྭ དེ་བཞིན་དོན་གྲུབ་གླིང་སློབ་གྲྭ་བཅས་ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གྲངས་གཉིས་རིང་གི་རྩེད་འགྲན་ཁྲོད་སློ་གྲྭ་ཁག་གི་རུ་ཁག་དབར་འགྲན་བསྡུར་གནང་སྟེ་ཨང་དང་པོ་ པོན་ཊ་སཾ་བྷོ་ཊའི་སློབ་གྲྭ་ལ་ཧིན་སྒོར་ལྔ་སྟོང་དང་། ཨང་གཉིས་པ་སོན་པ་མ་སུ་རི་བོད་ཁྱིམ་གྱི་ཡན་ལག་ Gohri Mafi སློབ་གྲྭར་ཧིན་སྒོར་སུམ་སྟོང་བཅས་ཀྱི་བྱ་དགའ་གནང་འདུག གཞི་རྩའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་རྩེད་མོའི་གནས་བབས་གོང་མཐོར་གནང་རྒྱུ་སོགས་ལ་དམིགས་ཏེ་འདས་པའི་ལོ་ཤས་ནས་སློབ་གྲྭ་ཁག་གི་རྩེད་ཆས་ཉོ་རྒྱུའི་ཐོག་མ་དངུལ་རོགས་རམ་དང་། ལྷག་པར་དུ་ལོ་ལྟར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོལ་རྩེད་འགྲན་དང་སློབ་གྲྭ་ཁག་གི་དབར་བུ་དང་བུ་མོའི་བསིལ་སྤོལ་དང་རྐང་རྩེད་སྤོ་ལོ་སོགས་ཀྱི་རྩེད་རྩེད་འགྲན་གོ་སྒྲིག་གནང་མུས་ཡིན་པ་རེད། སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་རིང་མིན་རྒྱ་གར་ནང་འཚོགས་གཏན་ཁེལ་བའི་ GTA Chairman's Gold Cup དང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར། དེ་བཞིན་ལོ་རྗེས་མའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་སོགས་ཀྱི་ནང་འཛུལ་ཞུགས་གནང་རྒྱུའི་གྲ་འགྲིག་དང་འབྲེལ། རིང་མིན་ཕྱི་ཟླ་ ༩ ཚེས་ ༡ ནས་ཀ་སྦུག་བོད་མིའི་གཞིས་སྒར་དུ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་འདེམས་སྒྲུག་གནང་གཏན་ཁེལ་ཡོད་པ་ལྟར། འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནས་འདེམས་སྒྲུག་ཟིན་པའི་རྩེད་མོ་བ་རྣམ་པ་དང་། རྩེད་འགྲན་རུ་ཁག་ནང་ཞུགས་བློ་ཡོད་མཁན་བོད་པའི་ན་གཞོན་རྣམས་ནས་ངེས་པར་དུ་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་སོང་། འབྲེལ་ཡོད་པར་རྣམས། Tnsa Dharamsala

བོད་ནང་སྐུ་ཚབ་ཐེངས་བཞི་ཕེབས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད། 

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ཟླ་གསུམ་མཚམས་དུས་ཐུང་པར་རིགས་འགྲེམས་སྟོན་ཞུ་བཞིན་ཡོད་པ་ལྟར། དེ་རིང་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་སྔ་དྲོ་ཚོུད་ ༡༠༌༣༠ ཡོལ་ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་དང་པོའི་ཁོངས་སུ་ཡོད་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག་གིས་གཙོས་པའི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ། མང་ཚོགས་དོན་གཉེར་ཅན་སོགས་ནས་མཉམ་ཞུགས་གནང་བ་མ་ཟད། སྐུ་ཚབ་གཉིས་པའི་ཁོངས་སུ་ཕེབས་མཁན་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་དེ་འབྲེལ་མྱོང་ཚོར་ཇི་བྱུང་གསུངས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་མཛད་སྒོ་འདི་སྟབས་བདེ་ཆུང་ཆུང་ཞིག་ཡིན་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ཡིན་སྐོར་དང་།  དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་ཡིག་འབྲུ་ཁྲི་བདུན་གྱི་ཕྱག་དེབ་ནང་ཕྱི་ལོ་ ༡༩༦༣ སྔོན་རྒྱ་གཞུང་གིས་དགོན་སྡེ་ཁག་བརྒྱ་ཆ་ ༩༨ ཙམ་གཏོར་བཤིག་དང་། བོད་མིའི་ཆོས་དད་རང་དབང་མེད་པ་བཟོས་པའི་སྐོར། སྐུ་ཚབ་རྣམ་པ་བོད་ནང་ཕེབས་སྐབས་དགོན་པ་ཕལ་མོ་ཆེའི་ཤུལ་ཀྱང་མེད་པའི་སྐུ་པར་སྒྲོན་པ་དག་དཔང་རྟགས་ཆགས་ཡོད་སྟབས། བོད་མི་གཞོན་སྐྱེས་ནས་རྒན་བགྲེས་ཚོས་སྐུ་ལས་སྐྱོན་སྟངས་དང་། རྒྱ་གཞུང་གིས་བོད་དེ་རྒྱ་སྡེར་འགྱུར་ཐབས་བྱེད་པ་མཁྱེན་དགོས་པ་གསུངས་སོང་། དེ་བཞིན་བློ་བཟང་དར་རྒྱས་མཆོག་གིས་ཕྱི་ལོ་ ༡༩༥༩ ལོ་ནས་ ༧༩ འི་ནང་སྐུ་ཚབ་དང་པོ་བོད་ནང་གཟིགས་སྐོར་ཕེབས་པའི་དབར་ལོ་ངོ་ ༢༠ མན་ཙམ་ཞིག་གི་ནང་གཞིས་བྱེས་གཉིས་ཀྱི་གནས་སྟངས་དེ་བོད་མི་ཕན་ཚུན་མཁྱེན་གྱི་མེད་པ་དང་། སྐུ་ཚབ་རྣམ་པ་ཐོག་མར་པེ་ཅིན་ལ་རྒྱ་རིགས་དཔོན་པོ་ཐུག་འཕྲད་ཀྱིས་དཔོན་རིགས་ཚོས་བོད་ནང་ཡར་རྒྱས་ཧ་ཅང་བཏང་ཟིན་སྐོར་བརྗོད་པ་དེ་ལྟར་ཡང་། སྐུ་ཚབ་རྣམ་པ་བོད་མདོ་དབུས་ཁམས་གསུམ་ནང་དངོས་སུ་ཕེབས་སྐབས་དགོན་སྡེ་ཁག་གཏོར་བཤིག་དང་ཁག་གཅིག་ཉམས་གསོ་བྱས་པ། ཤིང་ནགས་གཅོད་འབྲེག་གིས་ཁོར་ཡུག་གཏོར་བཅོམ་དང་། དེ་བཞིན་བོད་མི་རྣམས་ནས་༸གོང་ས་མཆོག་ལ་གཡོ་བ་མེད་པའི་དད་གུས་ཡོད་པ་དང་ཆབས་ཅིག་ཏུ་ཕྱི་རྒྱལ་གྱི་གནས་སྟངས་གང་འདྲ་ཡོད་པ་ཤེས་འདོད་ཡོད་པ། བོད་མི་དེ་དག་གིས་ལོ་ངོ་ ༢༠ རིང་བདེ་སྡུག་སྣ་མང་མྱངས་པ་ཐོས་པ་དང་མཐོང་བ་སོགས་ཀྱི་མྱོང་ཚོར་གསུངས་པ་དང་སྦྲགས། སྐབས་དེའི་པར་རིས་ཁག་གཅིག་ད་ཆ་མཐོང་རྒྱུ་ཡོད་པས་ལོ་རྒྱུས་ཀྱི་དེ་བྱུང་དག་བདག་གཅེས་གནང་དགོས་གལ་ཡིན་སྐོར་གསུངས་སོང་།

གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས།

རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་གསང་སྔགས་ཀྱི་བགྲོ་གླེང་ཆེན་མོ་ཞིག་དབུ་འཛུགས་གནང་འདུག དེ་རིང་ཟླ་ ༨ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཆོས་ར་རིགས་པའི་ལྡིང་ཁང་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་༸རྗེ་བཙུན་ཤེས་རབ་སེངྒེ་༸གང་ཉིད་མཆོག་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་ནས་གྲང་བྱ་ ༦༠༠ འཁོར་བའི་དུས་སྟོན་གཉིས་དང་བསྟུན་༸རྗེ་བདག་ཉིད་ཆེན་པོའི་བཀའ་དྲིན་རྗེས་དྲན་ཞུ་སླད་གྲྭ་ཚང་རང་གིས་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་གོ་སྒྲིག་ཞུས་པ་ལྟར། དེ་རིང་སྔ་དྲོ་བགྲོ་གླེང་གི་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་སྲོག་ཤིང་༸དཔལ་མཉམ་མེད་ས་སྐྱའི་ཁྲི་འཛིན་སྐྱབས་རྗེ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་འཇམ་མགོན་༸རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་ཡབ་སྲས་རྣམ་གསུམ་མཆོག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། ལས་སྣེ་གོང་མ་གསུམ་དང་ཕྱག་མཛོད། སྦྱིན་བདག་ཁག་གཅིག དེ་བཞིན་ཚོགས་སྡེ་ཁག་གི་འཐུས་མི་དང་མང་ཚོགས་བཅས་མི་གྲངས་ ༡༠༠༠ བརྒལ་བ་ལྷན་འཛོམས་ཐོག་གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས་གནང་འདུག སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱའི་ཁྲི་འཛིན་སྐྱབས་རྗེ་རཏྞ་བཛྲ་རིན་པོ་ཆེ་མཆོག་གིས་རིན་པོ་ཆེ་མཆོག་ད་ལན་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་སྦྲགས། ཚུལ་བཞིའི་སྒོ་ནས་ཟབ་ཅིང་བརླིང་བའི་༸དཔལ་གསང་བ་འདུས་པའི་ཚིག་འགྲེལ་གནང་སྟེ་འདུས་མང་ཡོངས་ལ་ལམ་སྟོན་མཛད་འདུག དེ་བཞིན་སྐུ་མགྲོན་གཙོ་བོ་འཇམ་མགོན་༸རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸རྗེ་བདག་ཉིད་ཆེན་པོས་༸རྗེ་བཙུན་ཤེས་རབ་སེངྒེ་ལ་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་ཕྱག་དཔེའི་ཐོག་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་བསྩལ་འདུག གཞན་ཡང་དེ་རིང་གསང་སྔགས་མཁས་པའི་བགྲོ་གླེང་གི་མཛད་སྒོའི་སྐབས་སུ་སྔོན་ཕྱི་ལོ་ ༡༤༡༩ ལོར་༸རྗེའི་སྒྲུབ་གནས་སེ་ར་ཆོས་སྡིངས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་མཁས་གྲུབ་ཆེན་པོ་༸རྗེ་བཙུན་ཤེས་རབ་སེངྒེ་ལ་རྒྱུད་ཀྱི་གླེགས་བམ་ཕྱག་ཏུ་གཏད་ནས་དགེ་ལྡན་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན། དེང་འདིར་ཡང་འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་༸རྗེ་བཙུན་ཤེས་རབ་སེངྒེའི་གདན་རབས་ ༩༩ པ་མཁན་ཆེན་ རྗེ་བཙུན་བློ་བཟང་དབང་འདུས་མཆོག་ལ་རྒྱུད་ཀྱི་གླེགས་བམ་དང་སྔོན་གྱི་ལོ་རྒྱུས་ལྡན་པའི་དཔལ་གསང་བ་འདུས་པའི་སྐུ་བརྙན་བཅས་ཕྱག་ཏུ་བསྩལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་རྒན་པ་དགེ་བཤེས་སྔགས་རམས་པ་ཚེ་རིང་བཀྲིས་ལགས་སུ་གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་བསྐོང་ཚོགས་གནང་དོན་སོགས་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་དེ་འབྲེལ་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་། དེ་བཞིན་ཕྱི་ཚེས་ ༩ ནས་ ༡༢ བར་སྔ་དྲོ་ཚོུད་ ༥ ནས་ ༧ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ཚེ་སྒྲུབ་གནང་གི་ཡོད་པ་སོགས་གསུངས་ཡོད། རྩ་བའི་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆེས་ཐོག་མའི་གསང་སྔགས་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་ལྟར་བགྲོ་གླེང་མོ་འདི་དེ་རིང་ཟླ་ ༨ ཚེས་ ༩ ནས་ ༡༢ བར་འཚོགས་གནང་གི་ཡོད་པ་རེད།

ལ་དྭགས་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རྒྱལ་སར་རྟེན་གཞི་བྱས་པའི་ཇོ་ཁང་གི་རྭ་བར་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་དབུས་པའི་ལ་དྭགས་ཀྱི་དཔོན་རིགས་དང་ས་གནས་མི་མང་བཅས་ལྷན་འཛོམས་གནང་ཐོག་ལ་དྭགས་དེ་ Union Territory ཞེས་ཇ་མྨུ་ཀཤྨིར་ནས་ལོགས་སུ་དབྱེ་སྟེ་རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་བཏང་འཛིན་གནང་གཏན་ཁེལ་བར་དགའ་བསུ་རྟེན་འབྲེལ་ཞུ་སླད་དུ་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོར་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ལ་དྭགས་འདི་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་སླད་མར་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ་ཡོད་ཅེས་སོགས་གསུངས་ཡོད།

Latest news