Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

སུད་སིའི་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་དྲུག་པ།

ཕྱི་ཟླ་ ༦ ཚེས་ ༢༩ ཉིན་སུད་སི་ Basel ས་གནས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་ཀྱི་གཟའ་མཇུག་ཁག་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་དྲུག་པ་གནང་བ་དང་འབྲེལ། རླུང་འཕྲིན་ཁང་ནས་སུད་སི་རྒྱལ་ཡོངས་བོད་ཡིག་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསམ་གཏན་རྒྱ་མཚོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་གཟའ་མཇུག་སློབ་གྲྭ་ཁག་ལ་དགེ་འོས་སྦྱོང་བརྡར་ཡོད་པའི་དགེ་རྒན་ཚད་ལྡན་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་གསུངས་སོང་། རྩ་བའི་ཕྱི་ལོ་ ༡༩༦༠ ཙམ་ནས་སུད་སི་ཁུལ་གྱི་བོད་མི་སྐྱབས་བཅོལ་བ་འབྱོར་འགོ་འཛུགས་ནས་རིམ་བཞིན་བོད་མིའི་གྲངས་འབོར་ཇེ་མང་དུ་སོང་ཡོད་པ་ལྟར་ད་ཆ་སུད་སི་ཁུལ་དུ་བོད་མི་ ༧༠༠༠ ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་པའི་ངོས་ནས་ས་གནས་སུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ན་གཞོན་ཚོར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། གོམས་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཕྱིར་བོད་མི་གནས་སྡོད་ས་གནས་ཁག་ཏུ་བོད་ཡིག་སློབ་གྲྭ་ཆེད་འཛུགས་གནང་ནས་ད་ཆ་སུད་སི་ས་ཁུལ་ཁག་ ༡༧ ནང་གཟའ་མཇུག་སློབ་གྲྭ་གསར་འཛུགས་ཐུབ་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོ་ནས་དབུ་འཛུགས་ཀྱིས་སུད་སི་རྒྱལ་ཡོངས་བོད་ཡིག་གཟའ་མཇུག་སློབ་གྲྭ་ནང་ཁུལ་དབར་གྱི་སུད་སི་བོད་ཀྱི་སྐད་ཡིག་འགྲན་སྡུར་ཞེས་པ་བསྐོང་ཚོགས་ཀྱང་གནང་ཡོད་པ་རེད།འདི་ལོའི་སུད་སི་བོད་ཀྱི་སྐད་ཡིག་འགན་བསྡུར་ཐེངས་དྲུག་པ་དེ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་ཀྱི་ Basel དང་། Bern Aarau དང་ Solothurn དེ་བཞིན་ Luzern དང་ Lausanne བཅས་ཚོགས་ཆུང་ཁག་དྲུག་གིས་གོ་སྒྲིག་གནང་ཐོག་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་Basel ས་གནས་སུ་བསྐོང་ཚོགས་གནང་ཡོད་ཅིང་། སྐབས་དེར་ས་གནས་བོད་ཡིག་སློབ་གྲྭ་ཁག་གི་སློབ་མ་ ༣༠༠ མན་ཙམ་དང་དགེ་ལས་ཕ་མ་མཉམ་ཞུགས་གནང་འདུག འདི་ལོའི་བོད་ཀྱི་སྐད་ཡིག་འགྲན་བསྡུར་དེའི་ཐོག་ས་གནས་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཞི་པ་དབར་གྱི་བོད་ཕྲུག་སློབ་མ་ནང་ཁུལ་བོད་ཡིག་ཀློག་རྩལ་དང་། ཡིག་གཟུགས། འདྲི་རྩད། སྙན་ཚིགས་གྱེར་འདོན། གཏམ་བརྗོད། དགོད་བྲོ་གཏམ་གླེང་། དེ་བཞིན་གཞན་སྣ་ཁག་གཅིག་འཁྲབ་སྟོན་བཅས་འགྲན་སྡུར་གནང་འདུགབསམ་གཏན་ལགས་ཀྱིས་དེ་སྔ་སུད་སི་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཁག་ཏུ་་སློབ་གཞི་གཅིག་མཚུངས་ཤིག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ལྟར་ཡང་། འདི་ལོ་ནས་སུད་སི་ཁྱོན་ཡོངས་ཀྱི་གཟའ་མཇུག་སློབ་གྲྭ་ཁག་ཏུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་གནང་བའི་སློབ་དེབ་གཞིར་བཞག་གཅིག་མཚུངས་ཡིན་པ་མ་ཟད། སློབ་དེབ་དེ་དག་ད་རེས་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་དྲུག་པའི་ཐོག་སློབ་གྲྭ་ཁག་ལ་འགོད་འགྲེམས་གནང་ཡོད་སྐོར་གསུངས་ཡོད།

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན་བོད་དོན་རྔམ་སྟོན་ལས་འགུལ།

ཟླ་བ་འདིའི་ཕྱི་ཚེས་ ༢༤ ནས་དབུ་འཛུགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་འཚོགས་བཞིན་པ་བསྟུན། ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལ་དོན་འཁྱོལ་ལག་བསྟར་བྱེད་བཅུག་རོགས་ཞེས་པའི་དགོས་འདུན་འོག་བོད་མི་ཚོས་ཞི་བའི་རྔ་སྟོན་གྱི་ལས་འགུལ་སྤེལ་སོང་། དེ་རིང་ཟླ་ ༦ ཚེས་ ༢༨ ཉིན་ཇི་ནི་ཝའི་རྒྱལ་ཚོགས་ལས་ཁུངས་མདུན་ངོས་ཀྱི་ལས་འགུལ་ཐང་ཆེན་དུ་སུད་སི་དང་ལེག་ཏིག་སཊཡན་བོད་རིགས་ཚོགས་པས་གོ་སྒྲིག་འོག་བོད་དོན་རྔམ་སྟོན་ལས་འགུལ་གནང་བའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་གཙོས། ས་གནས་བོད་རིགས་མི་མང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམགས་གནང་ཡོད་པ་དང་། སྐབས་དེར་ལས་འགུལ་བ་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གཞུང་ནས་བོད་མི་དམར་གསོད་དང་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་འཁོད་པའི་འཕྲེད་དར་འཕྱར་ནས་ཞི་འབོད་དང་བོད་དོན་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་ཡོངས་ལ་བསྔོ་སྨོན་གསུང་འདུན་བཅས་གནང་བའི་ཐོག་ནས་ཞི་བའི་ལས་འགུལ་སྤེལ་སོང་།སུད་སི་དག་ལེག་ཏིག་སཊཡན་བོད་རིགས་མི་མང་ཚོགས་གཙོ་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བའི་དམ་དྲག་གི་སྲིད་བྱུས་འོག་བོད་མིའི་གནས་སྟངས་སྔར་ལས་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པར་བརྟེན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་ལྷན་ཚོགས་དེའི་ཐོག་ནས་དཀའ་ངལ་སེལ་ཐབས་གནང་དགོས་ཞེས་གསུངས་ཡོད། དེ་རིང་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་ཙམ་མ་ཟད་སུད་སི་དང་ལེག་ཏིག་སཊཡན་བོད་རིགས་མི་མང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Michelle Bachelet ལགས་ཀྱི་མཚན་ཐོག་ཏུ་བོད་དོན་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་དང་། ཞུ་སྙན་ནང་གཙོ་བོ་འདི་ལོའི་རྒྱལ་ཚོགས་ཀྱིས་བྱིས་པའི་ཐོབ་ཐང་གི་ཁྲིམས་སྒྲིག་གཏན་འབེབས་གནང་ནས་ལོ་ངོ་ ༣༠ འཁོར་བ་དང་བསྟུན་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་འདྲི་རྩད་གནང་རོགས་ཞེས་དང་། དེ་བཞིན་བོད་ནང་བྱིས་པ་ཚོར་ཤེས་ཡོན་དང་བོད་པའི་སྐད་ཡིག་ཐོག་སློབ་གཉེར་གནང་རྒྱུའི་ཐོབ་ཐང་སྲུང་སྐྱོང་དགོས་པ། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། ད་བར་གྱི་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན། བོད་ནང་འབྲེལ་ཡོད་རྟོག་ཞིབ་མི་སྣ་རང་དབང་ཐོག་ཆེད་སྐྱོད་གནང་དགོས་པ་མ་ཟད། ལྷག་པར་དུ་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་གླེང་བར་ཁུ་སིམ་པོར་བཞུགས་ཚེ་རྒྱལ་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་ཁག་དང་རྒྱབ་འགལ་ཆགས་ཡོད་ཅེས་གསུངས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབར་ཞི་མོལ་ལམ་བུ་དེ་ནི་བོད་ནང་གི་བོད་མིའི་དཀའ་ངལ་དང་འགྲོ་བ་མིའི་ཐོབ་ཐང་གནད་དོན་སེལ་རྒྱུ་ནི་ཐབས་ལམ་གཅིག་པོ་དེ་རེད་ཅེས་སོགས་འཁོད་འདུག

བལ་ཡུལ་གཞུང་ནས་ཨ་རིའི་མི་སེར་ཕྱིར་སློག་བྱས་པའི་གནས་ཚུལ་གཙང་སེལ་བཟོ་དགོས།

ཉེ་ལམ་བལ་ཡུལ་གྱི་ The Himalayan Times གསར་ཁང་གིས་རང་ལོ་ ༥༣ ཡིན་པ་སྤེན་པ་ཚེ་རིང་ཟེར་བ་ཞིག་ཨ་རིའི་ཕྱི་སྐྱོད་ལག་འཁྱེར་ཐོག་བལ་ཡུལ་དུ་སྐྱོད་སྐབས་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་ Tribhuvan དུ་འཛིན་བཟུང་གིས་ཆུ་ཚོད་གཅིག་ལྷག་གི་རིང་ལ་འདྲི་རྩད་བྱས་རྗེས་༸གོང་ས་མཆོག་དང་འབྲེལ་བ་བཏགས་ནས་ཨ་རིར་ཕྱིར་སློག་བཏང་བའི་གནས་ཚུལ་ཐོན་ཡོད་པ་ལྟར།  ཁ་སང་ཕྱི་ཚེས་ ༢༧ ཉིན་སླར་ཡང་ The Himalayan Times གསར་ཁང་གིས་ཡུལ་དེར་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཁང་གིས་བལ་ཡུལ་གཞུང་ལ་གནད་དོན་དེ་དང་འབྲེལ་ནས་གནས་ཚུལ་གཙང་སེལ་བཟོ་དགོས་པའི་གློག་འཕྲེན་ཆེད་གཏོང་གནང་ཡོད་པའི་གནས་ཚུལ་སྤེལ་འདུགབོད་མི་སྤེན་པ་ཚེ་རིང་ཞུ་བ་ཁོང་བ་ཡུལ་ནས་ཨ་རིར་ཕྱིར་སློག་བཏང་ནས་ཉིན་གཉིས་ཀྱི་རྗེས་སུ་ཨ་རི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལྕམ་ Andie De Arment ལགས་ཀྱིས་བལ་ཡུལ་གཞུང་ལ་གློག་འཕྲིན་ཐོག་ནས་བོད་མི་དེའི་གནད་དོན་དང་འབྲེལ་ནས་དངོས་ཡོད་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས་པ་མ་ཟད། བལ་ཡུལ་ནང་ཨ་རིའི་མི་སེར་ཡིན་པ་འཛུལ་ཞུགས་བྱ་རྒྱུར་ཕྱིའི་རྒྱལ་ཁབ་ཅིག་གི་བཀའ་འཁྲོལ་དགོས་པ་སོགས་འགྲེལ་བརྗོད་གཙང་མ་དགོས་པ་གསུངས་འདུག དེ་བཞིན་ཡུལ་དེའི་ཕྱི་དྲིལ་དྲུང་ཆེ་ཟུར་པ་སྐུ་ཞབས་ Madan Kumar Bhattarai ལགས་ཀྱིས་རྒྱལ་སྤྱིའི་ཁྲོད་མི་ངོ་འཕྲོད་རྒྱུར་ནོར་འཁྲུལ་བྱུང་བ་ནི་གནས་ཚུལ་གསར་པ་གང་ཡང་མ་ཡིན་ཀྱང་། བལ་ཡུལ་གཞུང་ནས་ནོར་འཁྲུལ་དེ་ངོས་ལེན་བྱེད་དགོས་པ་དང་མཐོང་ཚུལ་ཙམ་གྱིས་ཐག་གཅོད་བྱ་རྒྱུར་ངེས་པར་དུ་ཡིད་གཟབ་བྱེད་དགོས་གལ་ཡིན་པ་བརྗོད་འདུགསྤེན་པ་ཚེ་རིང་ཞུ་བ་ཁོང་དེ་སྔ་གནམ་ཐང་ལ་འདྲི་རྩད་བྱས་སྐབས་ཁོང་བོད་རིགས་ཡིན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གནང་མྱོང་མེད་པ་དང་། ཁོང་ཨ་རིའི་ཕྱི་སྐྱོད་ལག་འཁྱེར་ཐོག་རྒྱ་གར་བརྒྱུད་ནས་ཨ་རིར་འགྲོ་སྐྱོད་ཆོག་པའི་ལོ་ངོ་བཅུའི་མཐོང་མཆན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁོང་བལ་ཡུལ་ནང་གྲོགས་པོ་ཁག་གཅིག་དང་ཐུག་འཕྲད་བྱས་ནས་ཕྱིར་ལོག་མཁན་ཡིན་ཞེས་གཤད་ཡོད་པ་དང་། སྐབས་དེར་བལ་ཡུལ་གནམ་ཐང་གི་ལས་བྱེད་ཞིག་ནས་རྒྱལ་ས་ Kathmandu ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་དེ་སྔ་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ལ་ཕྱག་བྲིས་ཤིག་གི་བརྒྱུད་སྤེན་པ་ཚེ་རིང་ནི་བོད་དོན་ཐོག་ཕྱག་ལས་གནས་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། ཁོང་བལ་ཡུལ་ནང་འཛུལ་རྒྱུར་བཀག་སྡོམ་བྱེད་དགོས་པ་དང་། ཁོང་ནི་རྒྱ་ནག་གི་ most wanted ཞེས་ངེས་པར་དུ་འཛིན་བཟུང་བྱེད་དགོས་པའི་མི་སྣ་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད་སྟབས། ཁོང་ཨ་རིར་ཕྱིར་སློག་བྱས་པ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།གཞི་རྩའི་བལ་ཡུལ་གཞུང་ནས་སྤེན་པ་ཚེ་རིང་ཞེས་པའི་མིང་ལ་བརྟེན་ནས་བོད་མི་འཛིན་བཟུང་བྱས་པ་དེ་ཐེངས་དང་པོ་མིན་པར་དེ་སྔ་ཡུལ་དེའི་ས་མཚམས་ཁུལ་དུ་བསྡད་མཁན་སྤེན་པ་ཚེ་རིང་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད། བལ་ཡུལ་གྱི་ The Himalayan Times ཞེས་པའི་གསར་ཁང་གིས་འདོན་སྤེལ་གནང་བའི་གནས་ཚུལ་རིམ་པའི་ནང་བོད་མི་མང་སྤྱི་འཐུས་ཚོགས་ཟུར་ཨ་རི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱི་སྐུ་པར་སྤྱོད་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་ནས་དེ་སྔ་གནས་ཚུལ་དེ་ཐོན་མ་ཐག་ཏུ་ཞིབ་དཔྱད་དང་འབྲེལ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས་བལ་ཡུལ་གནམ་ཐང་ནས་འཛིན་བཟུང་གིས་ཕྱིར་སློག་པའི་སྤེན་པ་ཚེ་རིང་ཟེར་བ་དེ་ང་མིན་ཞེས་གསུངས་ཡོད་པ་རེད།

གཞུང་ཞབས་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༥ སྟེ་༸སྐུའི་འཁྲུངས་སྐར་གྱི་ཉིན་གཅིག་གི་སྔོན་དུ་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༤ ཕེབས་པ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་བ་ལྟར་ད་ལྟའི་ཆར་བརྟན་བཞུགས་ཀྱི་གྲ་སྒྲིག་ཚ་ཚ་འུར་འུར་ངང་ནས་གནང་བཞིན་འདུག གསར་འགོད་པས་གཞུང་ཞབས་ཟུར་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ལས་བྱེད་ཟུར་པ་ཡོངས་ནས་༸གོང་ས་མཆོག་༸སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྐབས་སུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་བཞིན་སྔ་ལོར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཐོག་རིང་མིན་ཟླ་ ༧ ཚེས་ ༥ ཉིན་མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་གསུངས་སོང་།རྩ་བའི་གཞུང་ཞབས་ཟུར་པ་ ༤༥༠ ཡས་མས་ཤིག་ཡོད་པ་རྣམས་ནས་བརྟན་བཞུགས་དེར་རྒྱབ་སྐྱོར་གནང་གི་ཡོད་པའི་ཁོངས་ནས་དེ་སྔ་ཕྱི་ལོ་ ༡༩༥༩ སྔོན་ལ་གཞུང་ཞབས་གནང་མཁན་ ༨ གཙོས་ད་ལན་དངོས་སུ་བརྟན་བཞུགས་ཀྱི་ཉིན་མོར་ཆེད་བཅར་ཞུ་ཐུབ་མཁན་གཞུང་ཞབས་ཟུར་པ་མི་གྲངས་ ༢༥༠ ལྷག་དང་ཁོང་རྣམས་ཀྱི་ནང་མི་བུ་ཕྲུག་བཅས་ཡོད་པ་དང། དེའི་ཁོངས་སུ་དགུང་ལོ་བགྲེས་ཤོས་དེ་ཉེ་ཆར་དགུང་ལོ་ ༡༠༠ ལ་ཕེབས་པའི་སྐུ་ཞབས་རྒྱལ་མཚན་ཆོས་ལྡན་ལགས་རེད་འདུག བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྔ་ལོའི་ལོ་དཀྱིལ་ནས་གཞུང་ཞབས་ཟུར་པའི་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་བ་ལྟར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་འཛམ་གླིང་ཁྱོན་ཡོངས་ནང་བཞུགས་པའི་གཞུང་ཞབས་ཟུར་པ་རྣམས་ཀྱིས་སོག་ཡུལ་ནང་ར་ལུགས་ ༡༡༣ ལྷག་སྲོག་བླུ་གནང་བ་དང། བརྟན་ཞུགས་སྐབས་སུ་ཆོས་རྫས་ཀྱི་གཙོ་བོར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་བརྙན་ཡིན་པ་རེད། ལས་རིམ་ལྟར་ན་གོ་སྒྲིག་ཚོགས་ཆུང་གིས་ཟླ་ ༧ ཚེས་ ༥ ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་རྗེས་གཞུང་ཞབས་ཟུར་པ་ཚོ་ཟུར་དུ་ལྷན་འཛོམས་ཐོག་གསོལ་ཚིགས་འདེགས་འབུལ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ད་ཡོད་གཞུང་ཞབས་ཚོའི་ཕྱག་ལས་ལ་མངོན་བསྟོད་ཞུ་ཕྱིར་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་རེད་འདུག

ཨིན་ཡུལ་གྲོས་ཚོགས་འཐུས་མི་ཚོས་བོད་དོན་ཐོག་མུ་མཐུད་ཐུགས་འགན་གཙོ་བཞེས་གནང་རོགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཨིན་ཡུལ་གྲོས་ཚོགས་འཐུས་མི་ཁག་དང་མཇལ་མོལ་གྱིས་ཡུལ་དེའི་སྲིད་གཞུང་ནས་མུ་མཐུད་བོད་ཀྱི་གནད་དོན་ཐོག་ཐུགས་འགན་གཙོ་བཞེས་གནང་དགོས་གལ་ཡིན་པ་གསུངས་འདུག ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་བགྲོ་གླེང་འཚོགས་བཞིན་པ་དང་བསྟུན་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གྲོས་ཚོགས་ནང་ཟུར་ཉན་དུ་ཕེབས་ཡོད་པ་དང་། སྐབས་དེར་བགྲོ་གླེང་གཙོ་སྐྱོང་གནང་མཁན་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ John Bercow ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་ཚབས་ཆེས་ཆེན་པོ་གནང་བཞིན་པའི་སྐབས་འདིར་བོད་མིའི་ངོ་བོ་མཚོན་ཐུབ་མཁན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ད་རེས་གྲོས་ཚོགས་ནང་སླར་ཡང་ཆེད་ཕེབས་གནང་བར་དགའ་བསུ་ཞུས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་ལ་ད་ཆ་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཕྱིའི་གནོན་ཤུགས་ལ་ལྟོས་མེད་བོད་དོན་ཐོག་མུ་མཐུད་ཕྱག་ལས་རྒྱུན་སྐྱོང་གནང་དགོས་པའི་འབོད་སྐུལ་གནང་འདུགཉིན་རྒྱབ་ཏུ་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཨིན་ཡུལ་བོད་ཀྱི་ཚོགས་པ། དེ་བཞིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག་ཨིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཉམས་མྱོང་གཞིར་བཞག་ནས་དེང་སྐབས་ཡུ་རོབ་ཁུལ་དུ་རྒྱ་ནག་གི་ས་བབ་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག་པ་དང་། ལས་རིམ་དེའི་ཐོག་ཨིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་དང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་གྱི་མཁས་ལྡན་མི་སྣ། ས་གནས་བོད་མི་སོགས་མི་གྲངས་ ༩༠ ཙམ་ནས་མཉམ་ཞུགས་གནང་འདུག ལས་རིམ་དེའི་ཐོག་སྔར་དང་མི་འདྲ་བར་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ John Bercow ལགས་ཀྱང་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག སྲིད་སྐྱོང་མཆོག་གིས་གཙོ་བོ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་རྒྱ་གཞུང་གིས་དེང་སྐབས་ One Belt One Road འམ་རྒྱུད་གཅིག་ལ་ལམ་གཅིག་ཞེས་པའི་རྒྱལ་སྤྱིའི་ཁྲོད་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་ཀྱི་སྲིད་བྱུས་དེ་ནི་རྒྱ་གཞུང་གིས་དེ་སྔ་བོད་ལ་ལམ་ཁ་གསར་རྒྱག་གི་ལས་གཞི་སྤེལ་ནས་བོད་ས་ཁྱོན་ལ་དབང་སྒྱུར་བྱས་པའི་ཐབས་བྱུས་དང་གཅིག་མཚུངས་ཡིན་སྐོར་དྲན་སྐུལ་གནང་བ་མ་ཟད། དེང་སྐབས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཐ་སྙད་ལ་བསྒྱུར་བཅོས་གཏོང་ཐབས་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དུ་ཁུང་ཙི་སློབ་གླིང་བརྒྱུད་རྒྱལ་ཁབ་སོ་སོའི་ཤེས་ཡོན་རང་དབང་གཙོ་བོར་གྱུར་པའི་མང་གཙོའི་རང་དབང་ཡོངས་ལ་དོ་ཕོག་གཏོང་བཞིན་ཡོད་སྟབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ངོས་ནས་ངེས་པར་དུ་ཡིད་གཟབ་གནང་དགོས་པ་དང་། ལྷག་དོན་བོད་མིའི་རྩོད་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་མེད་སྟབས། རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་དགོས་པ་འབོད་སྐུལ་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨིན་ཡུལ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ Scotland གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Linda Fabiani ལགས་ཀྱིས་གདན་ཞུས་ཐོག་ Scotland གྲོས་ཚོགས་ནང་ཐེངས་དང་པོ་ཆེད་ཕེབས་གནང་འདུག  མཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་ནས་སང་ཉིན་སྔ་ཐོག་ཨིན་ཡུལ་གྱི་ Asian Affair དུས་དེབ་ཀྱི་རྩོམ་སྒྲིག་པ་དང་ལྷན་དུ་བཅར་འདྲི་ལས་རིམ་ཞིག་གནང་རྒྱུ་དང་དེ་བཞིན་ཡུལ་དེར་རྟེན་གཞི་བྱས་པའི་ Tibet House ཐེབས་རྩ་ཁང་གི་ཚོགས་མི་ལྷན་ཚོགས་འདུ་ཞིག་གནང་རྒྱུ་མ་ཟད། སྙན་གྲགས་ཆེ་བའི་ BBC བརྙན་འཕྲིན་ལས་ཁང་གི་ Hard Talk ཞེས་པའི་བཅར་འདྲིའི་ལེ་ཚན་ཐོག་གཙོ་བཞུགས་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད།

བལ་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་ཟླ་བ་དྲུག་རིང་གནས་དབྱུང་།

བལ་ཡུལ་གྱི་ Samajbadi ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་ཟླ་བ་སྔོན་མའི་ཕྱི་ཚེས་ ༨ ནས་ ༡༠ བར་ཤར་ཡོ་རོབ་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་ཐོག་མཉམ་ཞུགས་གནང་རྐྱེན་ཁོང་ Samajbadi ཆབ་སྲིད་ཚོགས་པའི་ལས་དོན་ནས་ཟླ་བ་དྲུག་རིང་གནས་དབྱུང་བཏང་འདུགགཞི་རྩའི་ཚོགས་ཆེན་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་དང་ལྷན་དུ་བལ་ཡུལ་གྱི་ Rastriya Janata ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iqabal Miya ལགས་ཕེབས་ཡོད་པ་དང་། སྐབས་དེར་ཁོང་རྣམ་གཉིས་ཀྱིས་བོད་དང་འབྲེལ་བའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བར་རྒྱལ་ས་ Katmandu ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་མི་འདོད་པའི་རྣམ་པ་བསྟན་པ་མ་ཟད་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ Ramesh Nath Pandey ལགས་གཙོས་གནད་ཡོད་མི་སྣ་ཁག་གཅིག་ནས་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་བོད་དོན་དང་འབྲེལ་བའི་ཚོགས་ཆེན་ཐོག་ལྷན་ཞུགས་གནང་བ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཞབས་འདྲེན་ཡིན་པ་ཟད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ལ་གུས་བརྩི་མ་བྱས་པ་ཞིག་ཀྱང་རེད་ཅེས་སྐྱོན་བརྗོད་མང་དག་ཅིག་བྱས་འདུག་པ་དང་། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་ཁོང་རྣམ་གཉིས་ལྷན་ཚོགས་དེའི་དགོས་དམིགས་གང་ཡིན་སོགས་མ་ཤེས་པར་རྨོངས་དབང་གིས་མཉམ་ཞུགས་གནང་བ་ཞིག་ཡིན་ཞེས་གསུངས་འདུགསྐབས་དེར་གོ་སྒྲིག་ཚོགས་པའི་ངོས་ནས་ཀྱང་བོད་དོན་དང་འབྲེལ་བའི་ལྷན་ཚོགས་ཡིན་མིན་སོགས་གསལ་བཤད་གང་ཡང་གནང་མ་སོང་ཞེས་གསལ་བཤད་ཞུས་པ་དང་དགོངས་སེལ་ཞུས་ཡོད་པ་རེད། དེ་རིང་ Kathmandu Post གསར་ཁང་གི་དྲྭ་གནས་ཐོག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཁ་སང་བལ་ཡུལ་གྱི་ Samajbadi ཆབ་སྲིད་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་ཟླ་བ་དྲུག་རིང་ཆབ་སྲིད་ཚོགས་པའི་ལས་དོན་ནས་གནས་དབྱུང་བཏང་ཡོད་པ་དང་། དེ་ཡང་ Samajbadi ཆབ་སྲིད་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཐོག་སྐུ་ཞབས་ Pradip Yadav ལགས་ཀྱིས་གསལ་བཤད་གནང་བའི་རྒྱུ་མཚན་ཁག་འདོད་བློ་ཁེངས་པ་ཞིག་བྱུང་མེད་པ་མ་ཟད། ཆབ་སྲིད་ཚོགས་པའི་སྒྲིག་གཞི་དང་འགལ་ཟླ་ཆགས་ཀྱི་ཡོད་སྟབས་རེ་ཞིག་ཆབ་སྲིད་ཚོགས་པ་ནས་གནས་དབྱུང་བཏང་ཡིན་ཞེས་བརྗོད་འདུགགཞི་རྩའི་བལ་ཡུལ་ནང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་ས་གནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུའི་ཆོག་མཆན་སྤྲད་ཀྱི་མེད་པ་དང་། བལ་ཡུལ་གཞུང་འབྲེལ་གྱི་མི་སྣ་ཚོས་བོད་དོན་དང་འབྲེལ་ལས་དོན་སྤྱི་རིགས་ཐོག་མཉམ་ཞུགས་གནང་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བ་བཏགས་ཏེ་འབྲེལ་ཡོད་མི་སྣར་སྐྱོན་བརྗོད་དང་གནོན་ཤུགས་རིགས་འདྲ་མིན་སྤྲོད་བཞིན་ཡོད་པ་མ་ཟད། རང་དབང་ཅན་གྱི་གསར་འགོད་པའི་ལས་དོན་ལའཡང་ཐེ་བྱུས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་སྐོར་གྱི་གནས་ཆུལ་སྤེལ་སྐབས་གསར་འགོད་པར་འདྲི་རྩད་བྱས་པའི་གནས་ཚུལ་ཡང་ཐོན་བཞིན་ཡོད་པ་རེད།

ལྷོ་ཕྱོགས་སུ་མེ་སོར་རྒྱལ་པོ་དབུ་བཞུགས་ཐོག་༸རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ།

དེ་རིང་ཕྱི་ཟླ་༦ཚེས་ ༢༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བཀའ་བརྒྱུད་ནཱ་ལེནྡཱ་དགོན་པས་གོ་སྒྲིག་འོག་དེ་གར་སྐུ་མགྲོན་གཙོ་བོ་མེ་སོར་རྒྱལ་པོ་ཀི་རི་ཤི་ནཱ་དྷདྷ་ཡ་དུ་བིར་ཅ་མ་ར་ཇ་Yaduveer Krishnadattaa chamraja མཆོག་དབུ་བཞུགས་ཐོག་དཔལ་༸རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༣༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་རེད།  རྒྱལ་པོ་མཆོག་གིས་དཔལ་༸རྒྱལ་བ་དབང་ཀརྨ་པ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་འདུག རྒྱལ་པོ་རང་ཉིད་དང་ཁོང་གི་ཡབ་མེས་གོང་མ་རྣམས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་འབྲེལ་བ་ཡོད་པ་དང་རྒྱལ་པོ་རང་ཉིད་༸གོང་ས་མཆོག་དེ་སྔོན་ལྷོ་ཕྱོགས་ལ་ཞབས་སོར་འཁོད་སྐབས་མེ་སོར་དུ་མཇལ་འཕྲད་ཞུ་མྱོང་བ་མ་ཟད་དེ་བཞིན་ཁོང་གི་ཡབ་མེས་རྣམས་ཀྱིས་ཀྱང་༸གོང་ས་མཆོག་ལ་མཇལ་འཕྲད་ཞུ་མྱོང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་དད་གུས་ཡོད་སྐོར་གསུངས་འདུག   གཞན་ཡང་བཀའ་བརྒྱུད་ནཱ་ལེནྡཱ་དགོན་པས་༸རྒྱལ་དབང་ཀརྨ་པའི་ཐུགས་དགོངས་དང་མཛད་འཕྲིན་ལ་ཞབས་འདེགས་ཆེད་དམིགས་བསལ་ཁོར་ཡུག་སྲུང་སྐྱོབ་ཐད་ཞབས་འདེགས་སྒྲུབ་བཞིན་པར་ཡིང་རངས་བསྔགས་བརྗོད་དང་འབྲེལ་རྒྱལ་པོའི་ངོས་ནས་ཀྱང་དེའི་ཐད་མཐུན་གྱུར་གང་དགོས་ཞུ་རྒྱུ་ཡིན་པ་གསུངས་འདུགད་དུང་མཛད་སྒོ་དེའི་ཐོག་རྒྱ་གར་ས་གནས་གྲོས་ཚོགས་གོང་འོག་གི་འཐུས་མི་བཞི་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས།  དེ་བཞིན་བཀའ་བརྒྱུད་ནཱ་ལེནྡཱ་དགོན་པའི་དགོན་བདག་བླ་མ་ཀརྨ་བསམ་གཏན་གླིང་པ་མཆོག་གིས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་འདུག   ལྷག་དོན་མེ་སོར་རྒྱལ་པོ་མཆོག་གིས་ལྗོན་ཤིང་འདེབས་འཛུགས་དང་།   མཛད་སྒོ་དེར་སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པ་དང་རྒྱ་གར་རིག་གཞུང་གི་ངོས་ནས་རྟེན་འབྲེལ་མཆོད་དབྱངས་ཕུལ་ཡོད་པ་རེད།       

པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་བརྒྱུད་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་ཚོགས་ནས་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཞེས་གཏན་འབེབས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་བོད་རང་དབང་རང་བཙན་ གནས་བབ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་དང་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་སྐབས། བོད་མིའི་ངོས་ནས་དེར་འགོག་རྒོལ་གནང་སྟངས། མ་ཟད།  རིག་གནས་གསར་བརྗེའི་གནས་སྟངས། ས་བྱི་ཞི་རྒོལ་ཆེན་མོ། རིམ་པས་ཉེ་བའི་ལོ་རབས་ནང་རང་ལུས་མེར་བསྲེགས་གནང་བའི་གནད་དོན་བཅས་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་སྒྲིག་གནང་བའི་པར་རིས་འགྲེམས་སྟོན་དང་། དེ་རྗེས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་མ་ཁྱོན་ ༣༥ ཙམ་མཉམ་ཞུགས་ཀྱིས་ཉིན་མོ་དེ་འབྲེལ་རི་མོ་འགྲན་བསྡུར་བཅས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་སུ་དུས་ཚིགས་དེ་འབྲེལ་བཅར་འདྲི་ཞུས་པར་སློབ་ཕྲུག་ཚོར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་དབང་སྒྱུར་འོག་མནར་གཅོད་དང་སྡུག་རྩུབ་ཧ་ཅང་མྱོང་བཞིན་པའི་ལོ་རྒྱུས་རིམ་པ་ངོ་སྤྲོད་དང་། སློབ་ཕྲུག་ཚོར་མཚོན་ན་མ་འོངས་པའི་རེ་བ་བཅོལ་ས་ཞིག་ཆགས་སྟབས། འདས་པའི་བོད་ཀྱི་ལོ་རྒྱུས་དེ་དག་མི་རབས་གསར་པར་འགྲེལ་བརྗོང་གནང་རྒྱུ་དེ་རིན་ཐང་ཆེན་པོ་ཞིག་ལ་ངོས་འཛིན་གནང་ནས་ལས་འགུལ་དེ་སློབ་གྲྭར་སྤེལ་སྐོར་གསུངས་སོང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆབ་བཙོན་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་གྲགས་ལགས་ཀྱིས་རྒྱ་གཞུང་གིས་ཆེས་སྡུག་རྩུབ་འོག་བོད་མི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ནས་མནར་གཅོད་མྱངས་བ་དང་མྱོང་བཞིན་པའི་གནས་སྟངས་དེ་དག་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་མནར་གཅོད་མྱང་བའི་བོད་མི་དེ་དག་དྲན་གསོ་དང་།  ཁོང་རྣམས་ཀྱི་སྙིང་སྟོབས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཡིན་པ་མ་ཟད། ལྷག་དོན་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ལ་འཚོ་སྣོན་དང་རིན་མེད་ཀྱི་གསོལ་སྨན་འབུལ་བཞིན་སྐོར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྐྱིད་ཁག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྙན་ཐོ་རིམ་པ་སྤེལ་བའི་ནང་རྒྱ་གཞུང་གིས་བོད་མིར་བསམ་ཡུལ་ལས་འདས་པའི་མནར་གཅོད་དང་དམ་དྲག་བྱེད་མུས་ཡིན་པ་སོགས་ཐེར་འདོན་གནང་ཡོད། སྙན་ཐོ་དེ་དག་ལ་གཞིགས་ཚེ་རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་དེ་དག་ལ་ལུས་པོར་མནར་གཅོད་གཏོང་བ་ཙམ་མིན་པར་བཙོན་ནས་གློད་བཀྲོལ་ཐོབ་རྗེས་འདུ་འཛོམས་རང་དབང་། ཆོས་དད་རང་དབང་།  སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འགྲོ་འདུག་ཀུན་སྤྱོད་ལ་ལྟ་སྲུང་ནན་པོས་སེམས་ཁམས་ལ་བརྗོད་དཀའ་བའི་རྨ་ཁ་བཟོ་མུས་ཡིན་པ་དང་། ཆབ་སྲིད་བཙོན་ཟུར་ཁག་གཅིག་བཙོན་ནང་མནར་གཅོད་ཚད་མེད་མྱངས་རྐྱེན་བཙོན་ཁང་རང་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་པ་རེད།

བོད་པའི་སྤྱི་ཚོགས་ནང་མྱོས་རྫས་སྤྱོད་མཁན་ཉུང་དུ་ཕྱིན་ཡོད།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀུན་ཕན་ཚོགས་པས་གོ་སྒྲིག་འོག་ཡོངས་གླིང་སློབ་གྲྭའི་སློབ་ཕྲུག་དང་རྒྱ་གར་གྱི་དཔའ་བོའི་གྲོང་ཚོའི་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་མང་པོས་དྷ་སའི་ཁྲོམ་གཞུང་དུ་མྱོས་རྫས་ངལ་གོམས་མཚམས་འཇོག་དགོས་པའི་འབོད་ཚིག་བསྒྲགས་ཏེ་རྒྱལ་སྤྱིའི་མྱོས་རྫས་ཉིན་མོ་སྲུང་བརྩི་ཞུས་སོང་།ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་པའི་ཀུན་ཕན་ཚོགས་པའི་ལས་བྱེད་དང་མྱོས་རྫས་ངན་གོམས་ནས་དྲག་སྐྱེད་བྱུང་བའི་མི་ཁག་གཅིག གཞན་ཡང་ཡོངས་གླིང་སློབ་གྲྭ་དང་དཔའ་བོའི་གྲོང་ཚོའི་སློབ་གྲྭའི་སློབ་ཕྲུག་སོགས་ཁྱོན་མི་མང་ལྔ་བཅུ་ལྷག་གིས་ཁྲོམ་སྐོར་གྱི་སྐད་འབོད་ལས་འགུལ་གནང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་མྱོས་རྫས་ངན་གོམས་ལ་གདོང་ལེན་གནང་དགོས་པའི་སྦྱར་ཚིག་དང་འབོད་སྒྲ་སྒྲོག་བཞིན་ཁྲོམ་སྐོར་གནང་ཡོད། གསར་འགོད་པས་སྔོན་ཆད་མྱོས་རྫས་ལངས་ཤོར་དུ་ཕྱིན་མྱོང་མཁན་ད་ཆ་དྲག་སྐྱེད་བྱུང་ནས་ཀུན་ཕན་ཚོགས་པར་ཕྱག་ལས་གནང་བཞིན་པ་རིན་ཆེན་ལགས་སུ་བོད་པའི་སྤྱི་ཚོགས་ནང་མྱོས་རྫས་ལངས་གོམས་ཀྱི་གནས་བབ་གང་འདྲ་ཆགས་ཡོད་མེད་ཐོག་བཅར་འདྲི་ཞུས་པར་སྔོན་ཆད་དང་བསྡུར་ན་དྷ་སའི་སྤྱི་ཚོགས་ནང་བོད་མི་མྱོས་རྫས་ལངས་ཤོར་གྱི་གྲངས་འབོར་དེ་ཉུང་དུ་ཕྱིན་ཡོད་ཀྱང་། དེང་སང་ཆང་རག་སྤྱོད་མཁན་གང་མཚམ་ཞིག་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། མི་མང་པོ་ཞིག་མྱོས་རྫས་ངན་གོམས་དང་ལངས་ཤོར་གྱི་རྐྱེན་གྱིས་མི་སྒེར་གྱི་འཕྲོད་བསྟེན་ཙམ་མ་ཡིན་པར་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད་སྟབས་དེ་རིང་མྱོས་རྫས་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ་བརྒྱུད་ནས་དམངས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད།རྩ་བའི་ཀུན་ཕན་ཚོགས་པ་ནི་ཁེ་མེད་སྤྱི་ཚོགས་ཞབས་ཞུ་གཉེར་བའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་རྣམ་ཀུན་མྱོས་རྫས་ལངས་ཤོར་བ་དང་། ཆང་རག་ངོན་གོམས་པ། དེ་བཞིན་གཉན་ནད་རེག་དུག་གིས་མནར་བའི་བོད་མི་ཉམ་ཐག་ལ་རོགས་པ་བྱེད་བཞིན་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ཀྱི་སློབ་གྲྭ་སོགས་གཙོས་པའི་འདུས་སྡོད་ཀྱི་བོད་རིགས་ས་ཁུལ་མང་པོར་མྱོས་རྫས་དང་ཆང་རག་སོགས་ཀྱི་ཐད་གོ་རྟོགས་སྤེལ་གྱི་ཡོད་པ་རེད། ད་ལྟའི་ཆར་ཀུན་ཕན་ཚོགས་པའི་རོགས་རམ་དང་སློབ་སྟོན་འོག་ནས་བོད་མི་ཉེར་ལྔ་ཙམ་མྱོས་རྫས་ལངས་ཤོར་གྱི་ལམ་ཁ་ནས་སྐྱབས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་གི་མདུན་ལམ་བསྐྲུན་ཡོད་པ་རེད།

Latest news