Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཙན་བྱོལ་བོད་མི་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་ཟུང་འབྲེལ་ཐོག་མང་ཚོགས་ལ་མངར་ཟས་བགོས་འགྲེམས་གནང་བའི་བརྒྱུད་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བེུད་ལྷན་ཚོགས་དབུས་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་གཞུང་ཚོགས་ཁག་ནས་གནད་དོན་དེའི་ཐོག་གླེང་སློང་གནང་གི་ཡོད་པ་དང་། ད་ལོ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་སེལ་རྒྱུའི་རེ་བ་དམིགས་གསལ་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་རྒྱལ་ས་ལྡི་ལི། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ཏུ་མངར་ཟས་བགོས་འགྲེམས་དང་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་རེད། ཡང་དེའི་བར་ན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཐོག་ལ་ཡོངས་ཁྱབ་ཕྱག་བྲིས་ཤིག་འདོན་སྤེལ་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་ངོ་བོ་དང་ཐོབ་ཐང་ཡོངས་སུ་རྫོགས་པ་བཙན་འཕྲོག་བྱས་ཡོད་ཀྱང། རིན་པོ་ཆེ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཕྲུལ་བྲལ་ཡིན་པ་དེ་ནམ་ཡང་འགྱུར་བ་གཏོང་ཐབས་མེད་ཅེས་གསུངས་འདུག བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕྱག་བྲིས་དེའི་ནང་དེ་རིང་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཚིགས་འདིའི་ཐོག་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་མི་རྣམ་པ་དང། ལྷག་པར་དུ་བོད་མི་དང་བོད་ཀྱི་གྲོགས་པོ་ཡོངས་ནས་རིན་པོ་ཆེ་མཆོག་ལ་སྙིང་དབུས་ནས་དྲན་བཞིན་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་ང་ཚོའི་ངོས་ནས་རིན་པོ་ཆེ་མཆོག་དྲན་ཡུལ་ནས་ཡོངས་སུ་བརྗེད་པའི་རེ་བ་བྱེད་བཞིན་ཡོད་ཀྱང་། ལོ་ཟླ་ཞག་བཅས་སོང་བ་དང་དུས་མཚུངས་སུ་ང་ཚོས་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་འཚོལ་ཞིབ་དང་༸སྐུ་ཉིད་མཆོག་ཁྲི་འདོན་མངའ་གསོལ་ཞུ་རྒྱུའི་ཆོད་སེམས་དེ་བས་ཀྱང་བརྟན་དུ་སོང་ཡོད་པ་གསུངས་འདུག གཞི་རྩའི་བསྟན་འཛིན་རྡོ་རྗེ་ལགས་སྔ་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་བསྐོ་གཞག་གནང་བ་ནས་བཟུང་ཁོང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་ཤུགས་སྣོན་གནང་སྟེ་སྔ་ལོ་གཅིག་པོའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐེངས་གཉིས་ཀྱི་ཐོག་དབུ་བཞུགས་གནང་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་འབུར་བཏོན་གནང་བ་མ་ཟད། ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཆོས་དད་རང་དབང་གི་ཁྲིམས་སྒྲིག་གཏན་འབེབས་གནང་ནས་ལོ་ ༢༠ འཁོར་བ་དང་བསྟུན། བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་དང་གཞན་ཡང་ཡུ་གུར་གྱི་ཆབ་སྲིད་བཙོན་པ་ Gulmira Imin ལགས་ཀྱི་གནད་དོན་སྐོར་ཞུ་འབོད་གནང་ཡོད་པ་རེད།

ཨ་རིར་སློབ་སྦྱོང་ཆེད་བསྐྱོད་མཁན་ཚོ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་ཕྱིར་ལོག་གནང་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཚོགས་པའི་ཨ་རི་དང་བོད་མིའི་སྤྱི་ཚོགས་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་གཉེར་ནས་མི་ལོ་ ༣༠ འཁོར་བའི་དགའ་སྟོན་ཐོག་གཙོ་བཞུགས་གནང་བ་དང་འབྲེལ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་འོག་ཨ་མི་རི་ཀའི་ནང་སློབ་སྦྱོང་ཆེད་བསྐྱོད་མཁན་ཚོས་མ་འོངས་པར་སློབ་ཡོན་དེ་མུ་མཐུད་གནས་ཐབས་སུ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཆེད་ཕྱིར་ལོག་གནང་དགོས་ཞེས་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༢༡ ཉིན་སྔ་དྲོ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཨ་རིའི་གཞུང་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་ཐོག་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་དེའི་འོག་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་སློབ་ཟུར་ཚོགས་པས་གོ་སྒྲིག་འོག་ལོ་ངོ་སུམ་ཅུའི་རིང་བོད་མིའི་སྤྱི་ཚོགས་དང་ཨ་རིའི་དབར་ཤེས་ཡོན་བརྗེ་ལེན་ཐུབ་པའི་དགའ་སྟོན་ལ་རོལ་བ་ཞེས་པའི་མཛད་སྒོའི་སྟེང་ཨ་རིའི་གཞུང་གི་སློབ་ཡོན་ལས་འཆར་འབྲེལ་མཐུད་པ་ལྕམ་ Jilian Turner ལགས་དང། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་དྲུང་ཆེ་ལྕམ་ Bryce Isham ལགས་དང་འབྲེལ་ཡོད་ལས་བྱེད་ J.P Das ལགས། དེ་བཞིན་ཨ་རིའི་སློབ་ཡོན་ལས་འཆར་དེའི་འོག་བསླབ་པ་མཐར་སོན་པའི་སློབ་ཟུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སློབ་ཟུར་རྒན་གཞོན་ཁྱོན་མི་གྲངས་ ༦༠ ལྷག་ཙམ་ཕེབས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གི་བཀྲིན་ལ་བརྟེན་ནས་ཨ་རི་གཞུང་གི་སློབ་ཡོན་ལས་འཆར་དེའི་ཐོག་ད་བར་ཁོང་རང་ཉིད་ཀྱིས་གཙོས་པའི་བོད་མིའི་སྤྱི་ཚོགས་ནང་སློབ་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་གནང་བ་ལྟར་སྤྱི་ཚོགས་ཁྱོན་ལ་ཕན་རླབས་ཆེན་པོ་ཞིག་བྱུང་ཡོད་པར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་སོང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་སློབ་ཡོན་ལས་གཞི་དེའི་འོག་བསྐྱོད་མཁན་སློབ་མ་ཁག་ཅིག་གིས་བསླབ་པ་མཐར་སོན་རྗེས་ཚུར་ཕེབས་ནའང་བོད་མིའི་སྤྱི་ཚོགས་སུ་ཕྱག་ལས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱག་ལས་གནང་གི་མི་འདུག་ཅེས་གསུངས་པ་དེ་དག་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་ནན་གསུངས་གནང་སོང་བ་དང་ལྷན་ཅིག་ཏུ་མ་འོངས་པར་སློབ་ཡོན་དེ་མུ་མཐུད་གནས་ཐབས་སུ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཆེད་ཕྱིར་ལོག་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་ཨ་རིའི་བོད་མིའི་སློབ་ཡོན་གྱི་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་གསར་འཛུགས་གནང་བ་ལྟར་ད་བར་འདས་པའི་ལོ་ངོ་ ༣༠ དེའི་རིང་ལ་ལས་གཞི་དེའི་འོག་བོད་ཕྲུག་སློབ་མ་ ༤༥༡ ལ་ཨ་རིའི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བའི་བརྒྱུད་ཤེས་ཡོན་གྱི་གོ་སྐབས་ཐོབ་ཡོད་པ་རེད། དེ་དག་གི་ཁྲོད་ནས་ཕྱི་ལོ་ ༡༩༩༢ ལོར་ནས་བསླབ་པ་མཐར་སོན་པའི་སློབ་མ་ ༩༩ ཕྱིར་ལོག་གནང་མེད་པ་རེད། དེ་རིང་གི་མཛད་སྒོའི་ཐོག་སློབ་ཡོན་ལས་གཞི་དེའི་འོག་ཨ་རི་ནང་སློབ་གཉེར་མཐར་སོན་རྗེས་བོད་པའི་སྤྱི་ཚོགས་ནང་ཕྱིར་ལོག་གིས་ད་བར་གཞུང་འབྲེལ་ཚོགས་པ་ཁག་ཏུ་ལོ་ངོ་ ༣༠ ལྷག་གི་རིང་ཞབས་ཕྱི་ཞུས་དང་ཞུ་མུན་ཡིན་པ་རྣམས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཡང་གནང་སོང།

རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས།

བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་གི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག  དེ་ཡང་ཉེ་བའི་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་རྟགས་རྒྱལ་ལགས་རྣམ་གཉིས་ནས་རྒྱལ་ས་ལྡི་ལིའི་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་དྲུག་ཙམ་གྱི་འབྲེལ་ཡོད་མི་སྣ་ཁག་དང་དངོས་སུ་མཇལ་འཕྲད་ཞུས་འདུག རྒྱ་གར་ཕྱི་སྲིད་ལས་ཁུངས་དང་ནང་སྲིད་ལས་ཁུངས་བཅས་སུའང་སྐོར་བསྐྱོད་གནང་སྟེ་རྒྱ་གར་གྱི་མི་མང་ཁྲི་ལྔ་ལྷག་གི་ས་རྟགས་བསྡུ་རུབ་གནང་བའི་གླེགས་བམ་གསུམ་ཅན་གྱི་དེབ་སྤྱན་འབུལ་བརྒྱུད་སྤྲོད་གནང་ཡོད་པ་རེད། རྒྱ་གར་མི་མང་གྱི་ས་རྟགས་དེ་དག་ནི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལོ་སྔོན་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་འགོ་འཛུགས་ཀྱིས་དགོས་འདུན་དོན་ཚན་གསུམ་འོག་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་ཟེར་བ་ཞིག་སྤེལ་ཡོད་པ་དེར་རྒྱ་གར་མི་མང་རང་ཉིད་ནས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྡུ་རུབ་གནང་བའི་དེབ་ཞིག་ཡིན་པ་རེད།  དགོས་འདུན་དོན་ཚན་གསུམ་པོ་ནི་དང་པོ་རྒྱ་གར་མི་མང་དང་མངའ་སྡེ་སོ་སོའི་དབུ་ཁྲིད་ཚོས་ས་གནས་ཀྱི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་མང་ཙམ་ཡོང་ཐབས་དང་། གཉིས་པ་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་གཞིར་བཞག་ནས་ད་ལྟའི་གཞུང་གི་བོད་དོན་ལ་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་གནང་དགོས་པ། གསུམ་པ་རྒྱ་གར་མི་མང་དང་བོད་མི་ཚོའི་ངོས་ནས་རྒྱ་ནག་གི་བཟོ་བསྐྲུན་བྱས་པའི་ཅ་དངོས་རིགས་ཉོ་ཚོང་སྤྱོད་གསུམ་མཚམས་འཇོག་དགོས་རྒྱུ་བཅས་ཡིན་པ་རེད།  

  བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པ་དབུ་འཛུགས་གནང་བ།

དེ་རིང་ཟླ་ ༤ ཚེས་ ༢༠ ཉིན་སྔ་དྲོ་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་བཙན་བྱོལ་ནང་གི་ལྷ་མོ་ཚོགས་པ་བཅིུས་ལྷན་ཞུགས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པ་དབུ་འཛུགས་གནང་སོང་། བོད་ཀྱི་ཞོ་སྟོན་ཐེངས་ ༢༣ པའི་ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་སྦེལ་ཀོབ་དང་ཨོ་རི་ས། ཀ་སྦུག མན་སྤར། ཀོ་ལི་གྷར། བྷན་དྷ་ར། མ་སུ་རི་བོད་ཁྱིམ། བོད་ཀྱི་ཟློས་གར། བལ་ཡུལ། མོན་གྷོ་ཌ། ཅོན་ཏཱ་ར་བོད་ཁྱིམ། དེ་བཞིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་སྒར་སོགས་བཙན་བྱོལ་བོད་མིའི་ལྷ་མོ་ཚོགས་པ་བཅིུས་ཆེད་ཕེབས་གནང་ཡོད་པ་རེད། སྐབས་དེར་ལྷ་མོ་ཚོགས་པ་དེ་དག་ནས་མང་ཚོགས་ལ་སྣང་ས་འོད་འབུམ། གཟུགས་ཀྱི་ཉི་མ། རྒྱལ་པོ་དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། བྱ་མགྲིན་སྔོན་ཟླ་བ། ཆོས་རྒྱལ་ནོར་བཟང་། རྒྱལ་པོ་གོ་ཆ། རྒྱ་བཟའ་དང་བལ་བཟའ་བཅས་ལྷ་མོའི་འཁྲབ་གཞུང་མི་འདྲ་བ་བརྒྱད་གཟིགས་འབུལ་ཞུས་ཡོད་པ་རེད། རྩ་བའི་ཐོག་མའི་འཆར་བོད་ཀྱི་ཞོ་སྟོན་རྒྱས་པའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་༸ཞབས་སོར་བཀྲིན་གྱི་རེ་ཁ་དཔལ་ལ་མངོན་པ་བསྐྱང་གཏན་ཁེལ་ཡོད་པ་དེ་ལྟར་ཡང་། མགོན་པོ་༸གང་ཉིད་མཆོག་མཛད་འཕྲིན་གཞན་ཞིག་གྱི་རྐྱེན་པས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་ཐུབ་མེད་པར་བརྟེན། བོད་ཀྱི་ཞོ་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཕེབས་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིག་གཞུང་དང་སྐད་ཡིག་བཅས་པ་རྩ་མེད་གཏོང་བཞིན་ཡོད་པ་དེ་ལྟར་ཡང། བཙན་བྱོལ་ནང་༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་དང་བོད་མིའི་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན་ཉམས་པ་སླར་གསོ་གནང་ཐུབ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་དམིགས་བསལ་གནད་ཆེ་ཞིག་ཏུ་ངོས་འཛིན་གྱིས་ལྷ་མོའི་ཚོགས་པ་སྔར་ཡོད་པ་དང་ཕྱིས་སུ་གསར་འཛུགས་གནང་མཁན་ཡོད་རིགས་ལ་དཔལ་འབྱོར་གྱི་མཐུན་འགྱུར་སྦྱོར་བཞིན་ཡོད་པ་གསུངས་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས་བོད་ལ་དུས་འགྱུར་བྱུང་ཡང་བྱེས་སུ་བོད་ཀྱི་ཟློ་གར་ཚོགས་པ་ཆེད་བཙུགས་དང། དེ་བཞིན་བོད་ཀྱི་ཞོ་སྟོན་རྒྱས་པ་སོགས་སླར་གསོ་གནང་བ་བཅས་ནི་༸གོང་ས་མཆོག་གི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེའི་བཀྲིན་བླ་མེད་དུ་ཆེ་ཞུས་པ་དང། ལྷག་པར་དུ་ལྷ་མོ་ཚོགས་པ་གསར་པ་སྤོན་ཊ་ཆོལ་གསུམ་ནས་ལྷ་མོའི་འཁྲབ་སྟོན་གཟིགས་ཕུད་ཐོག་མ་ཕུལ་བ་དང། དེ་བཞིན་ཅོན་ཏཱ་ར་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་མོའི་གཞུང་ཆ་ཚང་བ་ཞིག་འཁྲབ་སྟོན་གནང་ཐུབ་པ་བཅས་ནི་བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་ནང་ཟིན་ཐོ་གསར་པ་བཀོད་པའི་བྱ་གཞག་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན་བོད་མི་ཚོ་རང་ཡུལ་དང་ཁ་གྱེས་དགོས་པའི་གནས་སྟངས་འོག་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད་པ་ལྟར། བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་བ་བཅས་ཀྱི་བཀའ་དྲིན་ལ་བརྟེན། བོད་ཀྱི་ཟློས་གར་ཚོགས་པས་རྐང་འགན་བཞེས་ཐོག་བཙན་བྱོལ་དུ་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ལྷ་མོ་ཚོགས་པ་ཁག་བཞི་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཞེས་སླར་གསོ་གནང་ཐུབ་པ་བྱུང་ཡོད་པ་ལྟར། དུས་དེ་ནས་བཟུང་ལོ་རེ་བཞིན་བཙན་བྱོལ་ནང་ལྷ་མོ་ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འདི་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པ་འདིའི་ཐོག་བཙན་བྱོལ་ནང་གི་ལྷ་མོ་ཚོགས་ཁག་བཅིུས་ནས་སྐྱེས་པ་སྒྱུ་རྩལ་བ་ ༣༤༡ དང་བེུད་སྒྱུ་རྩལ་བ་ ༡༨༤ བཅས་ཁྱོན་ཕོ་མོ་སྒྱུ་རྩལ་བ་ ༤༢༦ ནས་མཉམ་ཞུགས་གནང་ཡོད་པ་རེད། དེ་རིང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པའི་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་ནང་གི་ལྷ་མོ་ཚོགས་ཁག་ ༡༢ ནས་བཀྲིས་པའི་ཚུལ་དུ་རྔོན་པའི་འདོན་ནས་དབུ་འཛུགས་ཀྱིས་ཉིན་འཁྱོངས་རིང་ལྷ་མོའི་གཞུང་ཁག་གི་གཟིགས་ཕུད་རྣམས་སྐུ་མགྲོན་གཙོ་བོ་དབུས་པའི་གཟིགས་མོ་བ་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་པ་རེད། ཐོག་མའི་འཆར་འདི་ལོའི་བོད་ཀྱི་ཞོ་སྟོན་རྒྱས་པ་དེ་ཟླ་ ༤ ཚེས་ ༡༨ ཉིན་དབུ་འཛུགས་ཀྱིས་སྲུང་བརྩི་ཞུ་རྒྱུ་ཡིན་ཀྱང་། ཟླ་བ་འདིའི་རེས་གཟའ་ཟླ་བའི་ཉིན་ Nurpur ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་བརྡབ་སྐྱོན་ཁྲོད་སློབ་ཕྲུག་གཙོ་བོར་གྱུར་པའི་མི་ ༢༧ འདས་གྲོངས་སུ་གྱུར་བའི་ཡིད་སྐྱོོའི་གནས་ཚུལ་ཐོན་པར་བརྟེན་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཉིན་གཉིས་རིང་ཕར་འགྱང་གནང་སྟེ་དེ་རིང་ཕྱི་ཚེས་ ༢༠ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༤ བར་ཚོགས་ཀྱི་ཡོད་པ་རེད། སང་ཟླ་ ༤ ཚེས་ ༢༡ ཉིན་ནས་བཞུགས་སྒར་ཙམ་མ་ཡིན་པར་ཉེ་འཁོར་གྱི་ཅོན་ཏཱ་ར་བོད་མིའི་གཞི་སྒར་དང། ནོར་བུ་གླིང་ཁ་བཅས་བོད་མི་གནས་ཡུལ་ཁག་ཏུ་ལྷ་མོ་ཚོགས་པ་འཆར་འགོད་ཀྱིས་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་བརྒྱུད་ཞོ་སྟོན་སྲུང་བརྩི་ཞུས་གནང་གི་ཡོད་པ་རེད། བོད་ཀྱི་ཞོ་སྟོན་རྒྱས་པའི་ལས་རིམ་ལ་གཞིགས་ཚེ་སང་ཟླ་ ༤ ཚེས་ ༢༡ ཉིན་ལྷ་མོ་ཚོགས་པ་ཁག་གི་ཚོགས་མི་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་ཀྱི་འདུག

Brisbane བོད་ཀྱི་དུས་སྟོན་ཐེངས་ ༡༠ པ་ཚོགས་ཀྱི་འདུག

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Brisbane ཁུལ་དུ་ཟླ་བཞི་པའི་ནང་བོད་ཀྱི་དུས་སྟོན་ཐེངས་ ༡༠ པ་དེ་ཚོགས་ཀྱི་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Brisbane ནང་ལོ་ལྟར་འཚོགས་བཞིན་པའི་ Brisbane བོད་ཀྱི་དུས་སྟོན་ནི། ཁུལ་དེའི་ནང་གནས་སྡོད་བོད་མི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་ཨོ་ལེམ་པིག་རྩེད་འགྲན་ཆེན་མོ་ཚོགས་པ་དང་བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན། སྐབས་དེར་ས་གནས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཞུ་སླད་བོད་ཀྱི་དུས་སྟོན་དེ་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། དུས་སྟོན་དེའི་སྐབས་ལོ་ལྟར་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག བོད་ཀྱི་ཆབ་སྲིད་གནད་དོན། ཁོར་ཡུག་གི་གནས་བབ་སོགས་ས་གནས་མང་ཚོགས་ལ་ངོ་སྤྲོད་གནང་གི་ཡོད་པ་རེད། རྩ་བའི་འདི་ལོའི་ Brisbane བོད་ཀྱི་དུས་སྟོན་དེ་ཕྱི་ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་ཚོགས་ཀྱི་འདུག་པ་དང་། དུས་སྟོན་དེའི་སྐབས་སུ་བོད་ཀྱི་ནང་ཆོས་ལས་སྒོམ་ཁྲིད་དང་བོད་ཀྱི་ཆབ་སྲིད་གནད་དོན་ཐོག་བགྲོ་གླེང་། བོད་ཀྱི་སྲོལ་རྒྱུན་དབུགས་སྦྱོང་། ཟས་རིགས་སློབ་ཁྲིད། དཀྱིལ་འཁོར་བཞེང་སྐྲུན། བོད་ཀྱི་གླུ་གཞས་མཚན་ཚོགས་བཅས་གཉེར་རྒྱུ་རེད་འདུག

༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་ཁེ་ན་ཌར་ཆོས་འབྲེལ་བསྐྱང་རྒྱུ་རེད་འདུག

༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྲས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་སོགས་ཆོས་འབྲེལ་ཁག་ཅིག་བསྐྱང་རྒྱུ་རེད་འདུག དེའང་ཁེ་ན་ཌར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་དང་༸དཔལ་ས་སྐྱ་ཆོས་འཁོར་གླིང་གཉིས་ཟུང་འབྲེལ་ཐོག་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཟླ་ ༤ ཚེས་ ༢༡ ཉིན་གངས་ལྗོངས་ཆོས་ལྡན་གླིང་དུ་དད་ལྡན་བོད་མི་སེར་སྐྱ་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་རིན་པོ་ཆེ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་མཎྡྲལ་འདེགས་འབུལ་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག  དེ་བཞིན་རིན་པོ་ཆེ་མཆོག་གིས་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ནས་རྒྱུད་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་དང་བླང་དོར་བཀའ་སློབ་བཅས་བསྩལ་གཏན་ཁེལ་ཡོད་པ་རེད་འདུག རྩ་བའི་༸དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྲས་རཏྣ་བཛྲ་མཆོག་ནི་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་༸དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ས་སྐྱ་ཁྲི་འཛིན་ ༤༢ པར་ཁྲི་འདོན་གནང་ཡོད་པ་རེད།

བོད་ཀྱི་རྒྱལ་དར་བཙན་འཕྲོག་གནང་རྐྱེན་ཌེན་མག་གི་སྒོར་མོ་ཁྲི་ ༢ སྤྲད་དགོས་བྱུང་འདུག

ཡོ་རོབ་རྒྱལ་ཁབ་ཌེན་མག་གི་ཉེན་རྟོག་པས་བོད་དོན་ལས་འགུལ་བའི་ལག་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པར་བརྟེན་ཉེན་རྟོག་པ་དེ་དག་ནས་བོད་དོན་ལས་འགུལ་བར་ Denmark རྒྱལ་ཁབ་ཀྱི་སྒོར་མོ་ཁྲི་ ༢ སྤྲད་དགོས་བྱུང་འདུག དེ་སྔ་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ Hu jintao ཡོ་རོབ་རྒྱལ་ཁབ་ཌེན་མག་གི་གྲོང་ཁྱེར་ Copenhagen ནང་འབྱོར་བསྟུན། ས་གནས་ཀྱི་བོད་དོན་ལས་འགུལ་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་གནང་སྐབས་ཌེན་མག་ས་གནས་ཀྱི་ཉེན་རྟོག་པས་ལས་འགུལ་བ་དེ་དག་གི་ལག་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་།  སྐབས་དེར་བོད་དོན་ལས་འགུལ་བ་མི་སྣ་བརྒྱད་ནས་ས་གནས་ཀྱི་ཁྲིམས་ཁང་དུ་རྒྱལ་དར་བཙན་འཕྲོག་གནང་མཁན་ཉེན་རྟོག་པ་དེ་དག་ཁྲིམས་གཏུགས་བྱས་ཡོད་པ་རེད། ད་རེས་ Denmark politken ཞེས་པའི་ཐོག་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ལྷག་པ་ཉིན་ས་གནས་ཁྲིམས་ཁང་ནས་དེ་སྔོན་ Denmark ས་གནས་ཉེན་རྟོག་པས་བོད་དོན་ལས་འགུལ་བའི་ཐོག་སྤེལ་བའི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་པའི་བཅད་ཁྲ་བཏང་བ་དང་འབྲེལ། བོད་དོན་ལས་འགུལ་བ་མི་སྣ་བརྒྱད་པོ་དེ་དག་ལ་ས་གནས་ཀྱི་ཉེན་རྟོག་ལས་ཁང་ནས་ཌེན་མག་གི་སྒོར་མོ་ཁྲི་ ༢ རེ་གུན་གསབ་སྤྲོད་དགོས་པའི་བཀོད་ཁྱབ་བཏང་འདུག དེ་བཞིན་ཉེན་རྟོག་དཔོན་  Anne Tonnes ལགས་ཀྱིས་བོད་དོན་ལས་འགུལ་བའི་ཐོག་སྤེལ་བའི་བྱ་སྤྱོད་དེ་ནོར་འཁྲུལ་ཞིག་ཡིན་པར་ངོས་ལེན་གནང་འདུག་པ་མ་ཟད། མང་གཙོའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་བཅས་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པ་དེ་ལྟར་ཡང་། ང་ཚོའི་ངོས་ནས་སྐབས་དེའི་མང་ཚོགས་ཀྱི་ལས་འགུལ་སྔ་རྗེས་སུ་སྟངས་འཛིན་ལེགས་པོ་གནང་མ་ཐུབ་པར་བརྟེན་ནོར་འཁྲུལ་ཆེན་པོ་དེ་བཟོས་པ་རེད་ཅེས་གསུངས་འདུག རྩ་བའི་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་སྲིད་འཛིན་ཌེན་མག་ནང་དུ་འབྱོར་སྐབས་ས་གནས་ཉེན་རྟོག་པས་བོད་དོན་ལས་འགུལ་བའི་ཁྲོད་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་བ་ཙམ་མ་ཟད། དེ་རྗེས་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ YU Zhengshang ཡུལ་དེར་འབྱོར་སྐབས་ཉེན་རྟོག་པས་ལས་འགུལ་བའི་ཐོག་གཅིག་མཚུངས་འགོག་རྐྱེན་བཟོས་པ་དང་། ལས་འགུལ་བ་ཁག་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་༸པཎ་ཆེན་རིན་པོ་ཆེ་སྐོར་གླེང་བ།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་ནང་གི་བོད་མི་མང་ཚོགས་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་ཆབ་སྲིད་བཙོན་པའི་གནས་སྟངས་སྤྱི་དང་སྒོས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐོག་གླེང་སློང་གནང་འདུག ཁ་སང་ཟླ་ ༤ ཚེས་ ༡༨ ཉིན་སྔ་དྲོ་ཨ་རིའི་རྒྱལ་ས་ Washington DC ནང་དུ་ཨ་རི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཤིག་ཚོགས་འདུག་པ་དང་། སྐབས་དེར་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གི་བཙོན་འཇུག་འོག་ལོ་ངོ་ ༢༠ ལྷག་གི་རིང་གར་སོང་ཆ་མེད་དུ་འགྱུར་བའི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་ཡུ་གུར་ཆབ་སྲིད་བཙོན་པ་ Gulmira Imin ལགས་ཀྱི་གནས་སྟངས་སྐོར་གླེང་གནང་བ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་མི་རིགས་ངོ་བོ་མཚོན་པའི་རིག་གཞུང་དང་། ཆོས་དད་རང་དབང་ཐོག་བརྩི་མེད་རྡོག་རོལ་གཏོང་མུས་ཡིན་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་ནས་རྒྱ་ནག་རྒྱལ་ཁབ་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་འཚབ་ཆེན་གཏོང་མཁན་དང་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཆགས་ཡོད་པ་གསུངས་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ངོས་འཛིན་གནང་བ་དང་བོད་མི་ཚོས་དད་གུས་ཞུ་ཡུལ་གྱི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་བོད་མི་མང་ཚོགས་ཀྱི་འདོད་མུས་དང་དད་མུས་མེད་པའི་རྒྱ་གཞུང་རང་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་རྫུན་མ་ངོས་འཛིན་བྱས་སྐོར་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་ཡོད་མེད་དང་ཁོང་གི་༸སྐུ་ཁམས་གསལ་ཐང་ཡིན་མིན་ར་སྤྲོད་བྱེད་དགོས་པར་ནན་སྐུལ་གནང་བ་མ་ཟད། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་ལ་རང་དབང་ཐོག་ནས་ནང་པའི་ཆོས་ཕྱོགས་ཀྱི་ཐུགས་འགན་ཕུལ་ནས་བོད་མི་མང་ཚོགས་ཀྱི་མངོན་འདོད་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་དང་གང་མགྱོགས་ཞལ་མཇལ་ཞུ་རྒྱུ་ཡོང་བ་བྱེད་དགོས་ཞེས་རེ་སྐུལ་གནང་འདུག གཞན་ཡང་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་སྟངས་འཛིན་ནན་པོ་བྱེད་རྒྱུར་དམིགས་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་གནང་སྒོ་ཁག་ལ་དམ་དྲག་དང་། འབྲེལ་ཡོད་མི་སྣ་ཁག་འཛིན་བཟུང་བྱས་པ་མ་ཟད་བོད་བརྒྱུད་ནང་བསྟན་སློབ་གླིང་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་མཚོན་པའི་བོད་ཀྱི་དགོན་སྡེ་དང་སློབ་གཉེར་ཁང་ལ་ཚོད་འཛིན་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཁྱད་པར་དུ་གཞིས་བཞུགས་བོད་མིའི་ཁྲོད་ནས་ད་བར་བོད་མི་སེར་སྐྱ་ཕོ་མོ་ ༡༥༠ ལྷག་གིས་ཆོས་དད་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་འོག་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་གསུངས་པ་དང་ཆབས་ཅིག ད་ལྟའི་ཆར་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བཀྲིས་དབང་ཕྱུག་ལགས། དེ་མིན་བོད་མི་ཆབ་སྲིད་བཙོན་པའི་ཐོག་མཉམ་རུབ་ཀྱིས་ཐུགས་སྣང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ནི། ཨ་རིའི་གྲོས་ཚོགས་སུ་ཕྱི་ལོ་ ༡༩༩༨ ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བཅའ་ཁྲིམས་གཏན་འབེབས་བྱས་ནས་ལོ་ངོ་ ༢༠ འཁོར་བའི་དུས་ཚིགས་དང་བསྟུན་ཐོག་ཚོགས་པ་ཞིག་ཡིན་རེད་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ Robbie George ལགས་དང། Kartrina lantos Swett ལགས། ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ Frank wolf ལགས། དེ་བཞིན་ Tom Lantos འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་སོགས་གནད་ཡོད་མི་ཁག་ཅིག་ཕེབས་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ལྡི་ལིའི་ IP གཙུག་ལག་སློབ་གཉེར་ཁང་གི་མཛད་སྒོར་ལྷན་ཞུགས་གནང་བ།

ཁ་སང་་ཟླ་ ༤ ཚེས་ ༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Dwarka   ཁུལ་དུ་རྟེན་གཞི་བྱས་པའི་  Guru Gobind Singh Indraprastha  གཙུག་ལག་སློབ་གཉེར་ཁང་གི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་ཕེབས་གནང་ཡོད་པ་དང་། གཙུག་ལག་སློབ་གཉེར་ཁང་གི་ཕྱི་རྒྱལ་སློབ་ཕྲུག་གི་མཛད་སྒོའི་ཐོག་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱལ་ཁབ་ཕན་ཚུན་གྱི་སློབ་ཕྲུག་ཚོའི་དབར་རིག་གཞུང་བརྗེ་ལེན་གྱི་ཐོག་ནས་ངོ་སྤྲོད་གནང་དགོས་གལ་ཡིན་པ་དང་། ཤེས་ཡོན་གྱི་ངོ་བོ་དེ་སོ་སོ་སྒེར་གྱི་མི་ཚེ་ཁོ་ནའི་ཆེད་མིན་པར་སྤྱི་ཚོགས་སྤྱི་དང་སྒོས་སོ་སོའི་རྒྱལ་ཁབ་དང་མི་རིགས། འཛམ་གླིང་སྤྱིའི་བདེ་དོན་སོགས་ལ་དགོངས་པ་བཞེས་པའི་ཐོག་ནས་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་སྤྲོད་ཐབས་གནང་གནད་ཡིན་པ་གསུངས་ཡོད། གཙུག་ལག་སློབ་གྲྭ་དེའི་འབྲེལ་ཡོད་རྣམས་ལ་བོད་རིགས་སློབ་མའི་སློབ་འཇུག་དང་འབྲེལ་བའི་གནད་དོན་ཁག་གི་སྐོར་ལའང་འབོད་སྐུལ་གནང་ཐུབ་པ་བྱུང་ཡོད་པ་རེད། Guru Gobind Singh Indraprastha གཙུག་ལག་སློབ་གཉེར་ཁང་ནི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་གཙུག་ལག་སློབ་གྲྭ་ཁག་ནས་རིམ་པ་ ༤ པའི་ཁོངས་དང་རྒྱ་གར་རྒྱལ་ཡོངས་ནང་རིམ་པ་ ༢༡ ལ་ངོས་འཛིན་གནང་གི་ཡོད་རེད།   ད་ལྟའི་ཆར་གཙུག་ལག་སློབ་གྲྭ་དེའི་ནང་བོད་རིགས་སློབ་མ་ ༢༤ ལྷག་ཙམ་ཞིག་ནས་སློབ་སྦྱོང་གནང་བཞིན་ཡོད་པ་རེད། གཙུག་ལག་སློབ་གྲྭ་དེའི་ཁྱབ་ཁོངས་སུ་མཐོ་སློབ་མི་འདྲ་བ་ཁྱོན་ ༡༠༥  ཙམ་ཞིག་ཡོད་པ་རེད། ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དེང་སྐབས་སྐུ་སྒེར་གྱི་གུང་སེང་སྐབས་ཤིག་ཁེལ་གྱི་ཡོད་ནའང་། བོད་དོན་རྒྱབ་སྐྱོར་བ་མཁས་དབང་སློབ་དཔོན་ Anand Kumar མཆོག་ལ་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་ཐོག་ཆེད་བཅར་ཞུས་པ་མ་ཟད། རྒྱ་གར་གྱི་ Samajwadi  ཆབ་སྲིད་ཚོགས་པའི་མཛད་སྒོར་ལྷན་ཞུགས་གནང་བ་དང་དེ་བཞིན་དེ་རིང་ཕྱི་དྲོ་བེུད་ཀྱི་རང་དབང་དང་འབྲེལ་བའི་ཆོས་ལུགས་རིས་མེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཐོག་ལྷན་ཞུགས་གནང་འཆར་ཡོད་པ་གསུངས་སོང་།

Latest news