Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱ་གཞུང་གིས་བླ་རུང་སྒར་ནས་ཕྱིར་འབུད་བཏང་པའི་བཙུན་མའི་གནས་སྟངས་ངོ་སྤྲོད་གནང་དང་འབྲེལ་གཏོར་བཤིག་གི་ལས་དོན་འགོ་བཙུགས་ནས་ལོ་གཅིག་འཁོར་བར་རྗེས་དྲན་ཞུས་པ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ Prayers to Chinese Pop: The Story of Larung Gar Nuns ཞེས་གསེར་རྟ་བླ་རུང་སྒར་ནས་ཕྱིར་འབུད་བཏང་པའི་བཙུན་མའི་སྐོར་ལ་སྐར་མ་ ༢ ཅན་གྱི་བརྙན་ཐུང་ཕྱོགས་སྒྲིག་ཞུས་པ་ཞིག་འདོན་སྤེལ་གནང་པའི་བརྒྱུད། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་ཆེས་གཙོ་གྲས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་འབུད་བཏང་པའི་གནས་སྟངས་ཁག་ངོ་སྤྲོད་དང་། དེ་བཞིན་དེ་རིང་ཟླ་ ༧ ཚེས་ ༢༠ ཉིན་མོ་སྟེ་རྒྱ་གཞུང་གི་ངོས་ནས་བླ་རུང་ཆོས་སྒར་དུ་གཏོར་བཤིག་གི་ལས་དོན་འགོ་བཙུགས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་བོད་གསེར་རྟ་བླ་རུང་ཆོས་སྒར་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་དང་སློབ་གཉེར་བའི་གྲངས་འབོར་ ༥༠༠༠ བར་ཚད་འཛིན་བྱ་རྒྱུ་ཡིན་ཟེར་ནས་བླ་རུང་ཆོས་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་དོན་འགོ་བཙུགས་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ལོ་གཅིག་ཧྲིལ་པོ་འཁོར་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཚོགས་ཚན་པའི་ངོས་ནས་སྐར་མ་ ༢ ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་པའི་ནང་། བླ་རུང་ཆོས་སྒར་གྱི་བཙུན་མ་རྣམས་ཞི་བདེ་ངང་མི་ཚེ་སྐྱེལ་བཞིན་ཡོད་པ་དེ་ལྟར་ཡང་། སྔ་ལོ་ནང་རྒྱ་གཞུང་གིས་བླ་རུང་སྒར་དུ་གཏོར་བཤིག་གི་ལས་དོན་སྤེལ་རྒྱུ་མགོ་བཙུགས་པ་ནས་བཟུང་གྲྭ་བཙུན་གྱི་གྲྭ་ཤག་ཕོན་ཆེ་ཞིག་གཏོར་བཤིག་བཏང་པ་དང་། ཕྱིར་འབུད་བཏང་པའི་བཙུན་མ་རྣམས་ལ་རྒྱ་གཞུང་གི་དམག་ཆས་གྱོན་བཅུག་པ་དང་ཁོང་རྣམས་ལ་བོད་སྐད་ཐོག་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་པའི་གླུ་གཞས་བཏང་བཅུག་པ་མ་ཟད། བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་བརྒྱུད་དམག་གི་སྦྱོང་བརྡར་གནང་བཅུག་ཡོད་པ་གཙོས་གཏོང་བཤིག་གི་ལས་དོན་སྤེལ་མུས་ཡིན་པ་སོགས་མངོན་གསལ་གནང་པ་དང་སྦྲགས། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གྲྭ་བཙུན་ཕྱིར་འབུད་དང་དགོན་པ་གཏོར་བཤིག་གི་ལས་དོན་དེ་དག་མཚམས་འཇོག་ཡོང་ཕྱིར་བརྙན་ཐུང་དེ་ཁྱབ་སྤེལ་རྒྱ་གང་ཆེ་གནང་སྐྱོང་ཡོང་བར་འབོད་སྐུལ་གནང་འདུག མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བླ་རུང་སྒར་གྱི་གནད་དོན་འདི་ནི་དེ་སྔ་བོད་ནང་ཆེས་སྡུག་རྩུབ་ཆེ་བའི་རིག་གནས་གསར་བརྗེའི་དོན་རྐྱེན་དང་གཅིག་མཚུངས་ཡིན་པ་གསུངས་པ་དང་སྦྲགས། བོད་ནང་རིག་གནས་གསར་བརྗེ་བསྐྱར་ལོག་བྱེད་བཞིན་པའི་ཉེན་ཁ་ཡོད་པས་དེར་དངངས་སྐྲག་ཧ་ཅང་སྐྱེ་བཞིན་འདུག་ཅེས་གསུངས་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ཀྱིས་བླ་རུང་སྒར་གྱི་གནད་དོན་ཐོག་འདས་ལོའི་ཕྱི་ཟླ་ ༡༢ ནང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཆེད་གྲོས་ཆོད་བཞག་པ་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་མགྱོགས་མྱུར་གསལ་ཐབས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོག་ལ་ཉེ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ཆེད་ལས་མཁས་པ་དྲུག་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་ཛ་དྲག་འབོད་སྐུལ་གནང་ཡོད་པ་མ་ཟད། མཁས་པ་དྲུག་གིས་རྒྱ་ནག་གཞུང་ལ་ཞུ་ཡིག་གཅིག་ཕུལ་བ་དེའི་ནང་གསེར་རྟ་བླ་རུང་སྒར་ནི་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡོངས་སུ་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་ཡུལ་གྱི་བསྟི་གནས་ཁང་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་པ་དང་། ལྷག་དོན་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་སོགས་འཛིན་སྐྱོང་སྤེལ་གསུམ་གནང་སའི་བསྟི་གནས་ཁང་གྲགས་ཆེ་ཤོས་ཤིག་ཡིན་པའི་ཁར། རྒྱ་རིགས་ནང་ཆོས་དོན་གཉེར་བ་དང་གནས་སྐོར་བ་སོགས་ལ་བསྟི་གནས་ཁང་དེ་ཆེས་གལ་འགངས་ཆེ་བ་ཞིག་ཆགས་ཡོད་པ་སོགས་མངོན་གསལ་དང་སྦྲགས་ཏེ་འབོད་སྐུལ་ཞུས་འདུག རྩ་བའི་སྔ་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ནས་འགོ་བཙུགས་ཏེ་ད་བར་བཙུན་མ་ ༡༠༠༠ ལྷག་ཙམ་ཞིག་ཕྱིར་འབུད་བཏང་ཟིན་ཡོད་པ་དང་། བླ་རུང་སྒར་ནས་གྲྭ་བཙུན་ཁྱོན་ ༤༦༠༠ ཙམ་ཕྱིར་འབུད་བཏང་ཡོད། གྲྭ་ཤག་ ༡༥༠༠ ཙམ་གཏོར་བཤིག་བཏང་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་རྒྱ་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་ ༣༢༢༥ ཙམ་ད་དུང་གཏོར་བཤིག་གཏང་རྒྱུར་གསལ་བསྒྲགས་སྤེལ་བ་བཞིན་ གཏོར་བཤིག་གི་ལས་དོན་སྤེལ་མུས་ཡིན་པ་རེད། ལས་དོན་དེའི་རྐྱེན་པས་ཆོས་སྒར་དེའི་བཙུན་མ་གསུམ་གྱིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ནང་ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ཁུངས་ལྡན་གནས་ཚུལ་སྤེལ་བར་བླ་རུང་སྒར་དུ་གནས་བཞུགས་ཚོའི་ངོས་ནས་མ་འོངས་པའི་འཚོ་གནས་ལ་བློ་འཚབས་ཆེན་པོ་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་མེ་སྐྱོན་དགོག་ཐབས་དང་སྒར་མང་ཚོགས་ཀྱི་བདེ་འཇགས་ཆེད་དུ་ལས་གཞི་དེ་དག་སྤེལ་ཀྱི་ཡོད་སྐོར་བརྗོད་ཡོད་ཀྱང་། ལས་གཞི་དེར་ཕན་ཐོགས་གང་ཡང་བྱུང་མེད་པ་རེད། ཉེ་ཆར་ཟླ་བ་འདིའི་ཟླ་མགོར་སིངྒ་པུ་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ལྐོག་ལ་བླ་རུང་སྒར་ནང་གི་པར་ལེན་གནང་པ་ཁག་ཅིག་ Free Tibet ཚོགས་པར་ལག་སོན་བྱུང་བའི་ནང་བླ་རུང་སྒར་གྱི་གཡས་ཡོན་དུ་མགྲོན་ཁང་སོགས་ཀྱི་འཛུགས་སྐྲུན་རྒྱ་ཆེ་འགྲོ་བཞིན་ཡོད་པ་དང་། དེ་དག་ལས་སྒར་མང་ཚོགས་ཀྱི་ངོས་ནས་བློ་འཚབས་ཆེན་པོ་གནང་བཞིན་་ཡོད་པ་དང་ཡོངས་སུ་མཐུན་གྱི་ཡོད་པ་ཆེས་གསལ་སྟོན་གནང་ཡོད་པ་རེད།

བསྟན་འཛིན་ཆོས་དབྱིངས་ལགས་གནམ་ཐོག་ནས་ལྡི་ལིར་འཁྱེར་རྒྱུ།

ཝཱ་རཱ་ཎ་སཱི་ Heirtage སྨན་ཁང་དུ་མེས་འཚིག་སྐྱོན་ཕོགས་པའི་ནད་པར་སྨན་བཅོས་ཀྱི་ཐུན་རྐྱེན་ཆ་ཚང་བ་ཞིག་མེད་སྟབས། དེ་རིང་ཕྱི་དྲོ་ཝཱ་རཱ་ཎ་སཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་རང་ལུས་མེར་སྲེག་གནང་མཁན་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ནད་པ་བོར་འདྲེན་བྱ་རྒྱུའི་དམིགས་བསལ་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་འཁྱེར་རྒྱུར་ཐག་གཅོད་གནང་འདུག རྩ་བའི་བསྟན་འཛིན་ཆོས་དབྱིངས་ལགས་ནས་ཟླ་བ་འདིའི་ཚེས་ ༡༤ ཉིན་ཝཱར་ན་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་ཆེད་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཁོང་གི་ལུས་པོ་བརྒྱ་ཆ་ ༦༦ ལྷག་མེས་ཚིགས་རྐྱེན་ད་བར་ཝཱ་རཱ་ཎ་སཱི་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Heritage སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་པ་རེད།

ཡུ་རོབ་བོད་རིགས་ནང་ཁུལ་རྐང་སྤོལ་རྩེད་འགྲན་ཐེངས་ ༩ འགོ་འཛུགས་གནང་འདུག

དེ་རིང་ཟླ་ ༧ ཚེས་ ༡༧ ཉིན་ཡུ་རོབ་བྷེལ་ཇམ་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཁུལ་དེའི་ Antwerpen ས་གནས་སུ་ཡུ་རོབ་བོད་རིགས་ནང་ཁུལ་དབར་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་དགུ་པ་དེ་འགོ་འཛུགས་འདུག འདི་ག་རླུང་འཕྲིན་ཁང་ནས་བྷེལ་ཇམ་ས་གནས་གཞོན་ནུའི་ཚོགས་གཙོ་སྒྲོལ་མ་ཆོས་འཛོམས་ལགས་སུ་ལས་རིམ་དེའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ས་གནས་བོད་རིགས་ཚོས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེར་དོ་སྣང་ཆེན་པོ་གནང་གི་ཡོད་པ་གསུངས་སོང་། འདི་ལོ་ཕ་རན་སི་དང་བྷེལ་ཇམ། སུད་སི། ཧོ་ལེན་ཌི་བཅས་རྒྱལ་ཁབ་བཞི་ནས་བོད་པའི་རྐང་སྤོལ་རུ་ཁག་མི་འདྲ་བ་ ༡༣ ནས་མཉམ་ཞུགས་འདུག་པ་དང་། དེ་རིང་ཚེས་ ༡༧ ནས་འགོ་འཛུགས་ཀྱིས་ཚེས་ ༢༢ བར་རྩེད་འགྲན་གནང་མཐར་རྒྱལ་ཁ་ཐོབ་མཁན་ཨང་དང་པོར་ཡུ་སྒོར་ ༢༢༠༠ དང་གཉིས་པར་ཡུ་སྒོར་ ༡༥༠༠ སོགས་ཀྱི་བྱ་དགའ་གནང་ཡོད་པ་རེད་འདུག

བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྲོག་ལ་ཉེན་ཁ་དེ་ཙམ་མི་འདུག

ཁ་སང་ཟླ་ ༧ ཚེས་ ༡༤ ཉིན་སྔ་ཐོག་ཚོུད་ ༩།༠༠ ཡོལ་ཙམ་ལ་རྒྱ་གར་གྱི་མངའ་སྡེ་ཨུཏྲཔྲདེཤ་ནང་རྟེན་གཞི་བྱས་པའི་ཝཱ་རཱ་ཎ་སཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་རང་ལུས་མེར་སྲེག་གནང་མཁན་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྲོག་ལ་ཉེན་ཁ་དེ་ཙམ་མི་འདུག་ཅེས་གསུངས་སོང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཝཱ་རཱ་ཎ་སཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་དང་སྦྲགས། དགེ་ལས་སློབ་གཉེར་བ་རྣམས་ལ་གསུང་བཤད་ གནང་སྐབས་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བུའི་སྡོད་ཁང་གི་ཉེ་འཁྲིས་ནས་རང་གི་ལུས་མེར་སྒྲོན་ཏེ་བོད་ལ་རང་དབང་སོགས་ཀྱི་སྐད་འབོད་གནང་པ་དང་ཆབས་ཅིག་ཏུ་ཚོགས་ཁང་ཕྱོགས་སུ་རྒྱུག་ཡོད་པ་རེད་འདུག བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ཉིད་ཀྱི་གྲོགས་པོ་ནོར་བུ་འམ་དངོས་མིང་ལ་དཀོན་མཆོག་མཐར་ཕྱིན་ལགས་ཀྱི་མཚན་ཐོག་ཏུ་ཞལ་ཆེམས་ཤིག་ཀྱང་བཞག་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཁོང་གི་གྲོགས་པོ་ནོར་བུ་ལགས་ལ་རང་སྲེག་གནང་མཁན་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ད་ལྟའི་གནས་སྟངས་ཇི་ཆགས་གཙོས་པའི་རྣམ་ཀུན་གྱི་གཤིས་སྤྱོད་ཐོག་ལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་གཟུགས་པོ་བརྒྱ་ཆ་དྲུག་ཅུ་ཙམ་འཚིགས་ཡོད་ཀྱང་ད་ལྟའི་ཆར་སྲོག་ལ་ཉེན་ཁ་དེ་ཙམ་མི་འདུག་ཅེས་གསུངས་སོང་། རྩ་བའི་ཁ་སང་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་བཞག་པའི་ཞལ་ཆེམས་ནང་། ངའི་ལུས་པོ་འདི་བོད་ཀྱི་རང་དབང་ཆེད་དུ་ཙམ་མ་ཟད། བོད་རིགས་གཞོན་སྐྱེས་རྣམས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་གནང་དགོས་སྐོར་སོགས་འཁོད་ཡོད་པ་རེད། གཞི་རྩའི་བསྟན་འཛིན་ཆོས་དབྱིངས་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་གནས་སྡོད་ཕ་མཁས་གྲུབ་ལགས་དང་མ་བཀྲིས་དབྱངས་འཛོམས་ལགས་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༢༠ སོན་ཡོད་པ་དང་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་མ་གོང་མ་ལོ་རིམ་དང་པོའི་ནང་སློབ་སྦྱོང་གནང་མུས་ཡིན་པ་མ་ཟད། ཝཱར་ཎ་བོད་ཀྱི་ནང་ཆོས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཆགས་ཀྱི་འདུག ད་ལྟའི་ཆར་ཁོང་ཁུལ་དེར་རྟེན་གཞི་བྱས་པའི་ Heritage སྨན་ཁང་དུ་སྨན་བཅོས་གནང་བཞིན་ཡོད་པ་དང་། ཁོང་གི་ནང་མི་གཙོས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་ཅིག་དེ་རིང་སྨན་ཁང་དུ་གནས་སྟངས་ཇི་ཆགས་གཟིགས་ཞིབ་དང་གདུང་སེམས་མཉམ་བསྐྱེད་ཆེད་ཞུ་ཕྱིར་འབྱོར་ཡོད་པ་རེད། ཁ་སང་བཞུགས་སྒར་དུ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་སྐུ་ཞབས་ Liu Xiaobo ལགས་དམ་པ་ཁོང་ལ་མྱ་ངན་གྱི་མར་མེ་ཁྲོམ་སྐོར་གནང་པ་དང་བསྟུན། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་སྲེག་གནང་པར་གདུང་སེམས་མཉམ་བསྐྱེད་དང་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་གསུང་འདོན་གནང་སོང་། རྩ་བའི་ད་བར་རྒྱ་གར་ནང་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་གཙོས་པའི་བོད་རིགས་ཁག་ཅིག་ནས་བོད་མི་རིགས་དང་རང་དབང་ཆེད་དུ་སྐུ་ལུས་མེར་སྲེག་གནང་ཡོད་པ་མ་ཟད། ཉེ་ཤོས་སུ་ཕྱི་ལོ་༢༠༡༦ ལོ་ཟླ་ ༢ ཚེས་ ༢༩ ཉིན་རང་ལོ་ ༡༦ སོན་པའི་སློབ་མ་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མཐར་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐབས་དེར་ཁོང་གི་ཨ་མ་ཉི་མ་དབྱངས་འཛོམས་ལགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་སེམས་ཚོར་ཆེན་པོས་བོད་རིགས་གཞོན་སྐྱེས་རྣམས་ནས་རང་ལུས་མེར་སྲེག་མ་གནང་པར་ཤེས་ཡོན་སོགས་ཀྱི་ཐོག་ནས་བོད་ཀྱི་འཐབ་རྩོད་ཁྲོད་མཉམ་ཞུགས་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ལྷན་པར་དུ་ཉེ་དུས་སུ་བོད་པའི་གློག་བརྙན་བཟོ་སྐྲུན་པ་ཨན་ཇ་ཚང་བསོད་ནམས་ལགས་ཀྱིས་རྡོ་རྗེ་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཨ་མའི་བུ་ཞེས་པ་ཞིག་བཟོ་སྐྲུན་གནང་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་གཞོན་སྐྱེས་ཚོའི་ངོས་ནས་རང་ལུས་མེར་སྲེག་གནང་རྒྱུ་མེད་པའི་གོ་རྟོགས་ཤིག་ཀྱང་སྤེལ་ཡོད་པ་རེད།

དྷ་ས་གཙོས་པའི་རྒྱ་གར་གི་ས་གནས་ཁག་ཏུ་མང་གཙོ་གོ་རྟོགས་ཀྱི་ལས་རིམ་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོ་ནས་བཞུགས་སྒར་དྷ་རམ་ས་ལ་གཙོས་པའི་རྒྱ་གར་ནང་གི་བོད་མི་གནས་ཡུལ་ཁག་བདུན་ནང་མང་གཙོ་གོ་རྟོགས་ཀྱི་ལས་རིམ་ཞིག་དབུ་འཛུགས་གནང་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་ཚེས་ ༡༤ ཉིན་རྒྱབ་བཞུག་སྒར་ཉེ་འཁྲིས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཚོུད་གསུམ་ཙམ་རིང་སློབ་མ་རྣམས་དང་གྲོས་བསྡུར་གྱི་ལས་རིམ་ཞིག་དབུ་འཛུགས་གནང་སྟེ། རིམ་བཞིན་ཚེས་ ༡༨ ཉིན་རྒྱ་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དང་། དེ་རྗེས་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལི། ཚེས་ ༢༢ ཉིན་བྷེང་ལོར་གཞོན་ནུའི་སྡོད་ཁང་དང་ཏཱ་ལའི་བླ་མ་མཐོ་སློབ་སོགས་སུ་སློབ་མ་ཚོ་དང་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག དེ་མཚུངས་སུ་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་མོན་གྷོ། ཨོ་རི་ས་བཅས་བཙན་བྱོལ་བོད་མི་གནས་ཡུལ་ཆེ་གྲས་ཁག་ཏུ་མང་གཙོ་གོ་རྟོགས་ཀྱི་ལས་རིམ་སྤེལ་གཏན་འཁེལ་ཡོད་པ་རེད། ལྟེ་གནས་ཁང་གིས་ས་གནས་དེ་དག་ནང་གི་མང་ཚོགས་དང་དགེ་བཙུན་རྣམ་པ། དེ་བཞིན་སློབ་ཕྲུག་བཅས་ཀྱི་ལྷན་དུ་མང་གཙོ་དང་འབྲེལ་བའི་གྲོས་བསྡུར་གནང་རྒྱུ་དང་། གྲོས་བསྡུར་གནང་ཁག་གི་དགོངས་ཚུལ་དང་འབོད་སྐུལ་རྣམས། འདི་ལོའི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མ་ཚོགས་པའི་སྔོན་དུ་སྤྱི་འཐུས་ལྷན་ཚོགས་ལ་འབུལ་འཆར་ཡོད་པ་རེད་འདུག རྩ་བའི་ལྟེ་གནས་ཁང་གི་ལས་རིམ་དེ་བོད་པའི་སྤྱི་ཚོགས་ནང་མང་གཙོའི་འགྲོ་ལུགས་ཐོག་གོ་རྟོགས་སྤེལ་རྒྱུ་དང། མང་གཙོ་སྲ་བརྟན་ཡོང་ཆེད་མང་ཚོགས་ཀྱི་དགོངས་ཚུལ་ཤེས་ཐུབ་པ་གནང་ཕྱིར་ཆེད་དམིགས་གནང་པ་ཞིག་ཡིན་པ་དང་། ས་གནས་ཁག་ཏུ་ལས་རིམ་འགྲོ་བཞིན་པའི་སྐབས་སུ་བོད་པའི་མང་ཚོགས་སུ་རུང་ནས་ཆ་ཤས་བླང་ཆོག་གི་ཡོད་པ་རེད།

བོད་པའི་སྤྱི་ཚོགས་ཁྲོད་ཚན་རིག་པ་སོགས་ཀྱི་ཁྱད་ལས་པ་གང་མང་ཐོན་དགོས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཟླ་ ༧ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ཤོད་བོད་ཁྱིམ་སློབ་གྲྭར་ཚན་རིག་དང་ཨང་རྩིས། ཁོར་ཡུག་གསུམ་གྱི་ཐོག་འགྲེམས་སྟོན་ཞིག་ཚོགས་པ་དང། ལས་རིམ་དེའི་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལྔ་ནས་སྣེ་ཁྲིད་དགེ་རྒན་དང་སློབ་ཕྲུག་ཁྱོན་ ༣༨ དང་། དེ་བཞིན་རྡ་ཤོད་བོད་ཁྱིམ་གྱི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་འགྲེམས་སྟོན་དེ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་གཞོན་སྐྱེས་སློབ་མ་ཚོ་ཚན་རྩིས་དང་ཁོར་གསུམ་གྱི་ཐོག་ལ་དོ་སྣང་དང་གོ་རྟོགས་རྒྱ་སྐྱེད་ཡོང་ཐབས་དང་།  ལྷག་དོན་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྒྱུ་རྩལ་གྱི་ནུས་པ་ཡར་རྒྱས་ཇི་ལྟར་གཏང་དགོས་པ་གཙོས་མ་འོངས་པར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཤེས་ཡོན་ཉམས་ཞིག་བསྟི་གནས་ཁང་ NCERT གྱི་རྒྱལ་ཡོངས་ཚན་རྩིས་འགྲེམས་སྟོན་ལས་རིམ་ནང་མཉམ་ཞུགས་གནང་ཐུབ་ཐབས་བཅས་ལ་ཆེད་དམིགས་ཀྱིས་གོ་སྒྲིག་གནང་པ་ཞིག་ཡིན་པ་རེད། ཁ་ས་ཕྱི་ཚེས་ ༡༣ ཉིན་རྒྱབ་ཚོུད་ ༢།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཐེངས་འདིའི་འགྲེམས་སྟོན་མཇུག་སྒྲིལ་གནང་སྐབས། སྐུ་མགྲོན་གཙོ་བོ་མཆོག་གིས་འགྲེམས་སྟོན་དཔེ་གཟུགས་རྩེ་ཕུད་ ༦ ལ་ཕྱག་འཁྱེར་དང་བྱ་དགའ་གནང་པ་དང་འབྲེལ། ང་རང་ཚོའི་འཚོ་བའི་ཁྲོད་དུ་ཚན་རིག་དང་ཨང་རྩིས་ནི་གལ་ཆེའི་རང་བཞིན་ཆགས་ཡོད་སྐོར་དཔེ་མཚོན་དང་བཅས་གསུངས་པ་དང་འབྲེལ། ཚན་རིག་ཐོག་གདོང་ལེན་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་བོད་པའི་ཚན་རིག་པ་སོགས་ཀྱི་ཁྱད་ལས་པ་དང། འབུམ་རམས་པ་གང་མང་ཐོན་དགོས་གལ་ཡིན་པ་གསུངས་སོང་། བཀའ་བློན་མཆོག་གིས་ད་དུང་བོད་པའི་སློབ་མ་ཚོས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཁོ་ན་བྱེད་མི་དགོས་པར་རང་གི་རྣམ་དཔྱོད་ཀྱི་རྩལ་ཆེད་བཏོན་གྱིས་བོད་ཀྱི་གནད་དོན་ལ་དོན་ཕན་སོན་པའི་ཕྱག་ལས་གནང་དགོས་པར་སྐུལ་མ་གནང་སོང། དེ་བཞིན་ལྡི་ལི་གྷར་གྷི་མཐོ་སློབ་ཀྱི་སློབ་དཔོན་ལས་རོགས་ཌོག་ཊར་བསྟན་འཛིན་ཉི་འབུམ་ལགས་ཀྱིས་འགྲེམས་སྟོན་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གཟིགས་ཚུལ་དང་། སླད་མར་ཡར་རྒྱས་གཏོང་ཕྱོགས་སྐོར་ལམ་སྟོན་དང་འབྲེལ། འདི་ལྟ་བུའི་གོ་སྐབས་སློབ་ཕྲུག་ཀུན་ལ་ཐོབ་དཀའ་བ་ཡིན་པས་ད་རེས་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་མཁན་སློབ་གྲྭ་ཁག་གི་སློབ་མ་ཚོས་རང་ཉིད་དཔེ་གཟུགས་འགྲན་བསྡུར་ཁྲོད་ཚུད་མིན་གང་བྱུང་ཡང་དེར་ལྟོས་མེད་ཀྱིས་སོ་སོའི་སློབ་གྲྭ་ལ་ཕར་ལོག་རྗེས་དེ་ལྟར་ཤེས་འདོད་དང་སྦྱང་བརྩོན་ཡོད་པའི་སློབ་གྲོགས་རྣམས་ལ་མྱོང་ཚོར་ཇི་བྱུང་འགྲེལ་བརྗོད་བྱེད་དགོས་གལ་ཡིན་པ་གསུངས་སོང་། ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་སྤྱིར་བོད་པའི་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོའི་ངོས་ནས་ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་དཀའ་ལས་ཁག་པོ་ཞིག་དང་ཚན་རྩིས་སློབ་ཚན་བདམས་མཁན་དཀོན་པོ་ཆགས་ཡོད་ཀྱ་ང། ད་ལན་སློབ་མ་ཚོས་ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་དགའ་མོས་ཐོག་བདམས་པ་དེར་ཧ་ཅང་དགའ་པོ་བྱུང་ཞེས་དང་། ལྷག་དོན་ཨང་རྩིས་དང་ཚན་རིག་གི་སློབ་ཚན་དེ་བདམས་པ་ཙམ་མིན་པར་སློབ་ཕྲུག་ཚོས་རྣམ་ཀུན་ནས་སློབ་ཚན་དེ་དག་སོ་སོའི་མི་ཚེའི་མདུན་ལམ་ཐོག་བསམ་བློ་གཏོང་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིགས་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སྔ་ལོའི་ནང་མ་སུ་རི་བོད་ཁྱིམ་དང་མོན་གྷོ་གཏན་སློབ། སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་བཅས་གསུམ་ལ་མགྲོན་བརྡ་གནང་པ་བཞིན། མ་སུ་རི་བོད་ཁྱིམ་ལ་རྒྱལ་ཡོངས་སློབ་ཕྲུག་ཤེས་ཡོན་ཉམས་ཞིག་བསྟི་གནས་ཁང་ NCERT ནང་ལ་ཚན་རིག་དང་ཨང་རྩིས། ཁོར་ཡུག་ཐོག་འགྲེམས་སྟོན་གྱི་གོ་སྐབས་ཐོབ་ཡོད་པ་དང། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཐེངས་འདིའི་འགྲེམས་སྟོན་བརྒྱུད་སློབ་གྲྭ་རྩེཕུད་ཁག་ཅིག་འདེམས་སྒྲུག་གནང་སྟེ་རྒྱ་གར་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁོངས་སུ་ཞུགས་ཐབས་གནང་རྒྱུ་རེད་འདུག དེའང་གསར་འགོད་པས་ཁ་སང་འགྲེམས་སྟོན་མཇུག་སྒྲིལ་དང་བསྟུན་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་ཡོད། ཐེངས་འདིའི་ཚན་རྩིས་དང་ཁོར་གསུམ་གྱི་འགྲེམས་སྟོན་དེ་ཨ་རིའི་རོགས་ཚོགས་ USAID མཐུན་འགྱུར་གནང་པ་ཞིག་རེད་འདུག

སློབ་གྲྭ་ཁག་ཏུ་མྱོས་རྫས་རིགས་སྤྱོད་མཁན་ཚོ་ཕྱིར་ཕུད་ཀྱི་ཉེས་ཆད་གཏང་རྒྱུ་མེད་པ་གསུངས་སོང་།

དེ་རིང་ཟླ་ ༧ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས་པའི་ཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་ ༢༧ གྱི་སྐུ་ཚབ་བཅས་མཉམ་ཞུགས་ཀྱིས་མྱོས་རྫས་ངན་གོམས་ཀྱི་བསྐྱར་ཞིབ་ཚོགས་འདུ་དང་ཟབ་སྦྱོང་གི་ལས་རིམ་ཞིག་དབུ་འཛུགས་གནང་སོང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟའི་དུས་སུའང་བོད་པའི་སློབ་གྲྭ་ཁག་ཏུ་མྱོས་རྫས་རིགས་སྤྱོད་མཁན་ཁག་ཅིག་བྱུང་སྐབས། སློབ་གྲྭའི་ངོས་ནས་ཉེས་ཆད་ཚུལ་དུ་སློབ་མ་དེ་དག་སློབ་གྲྭ་ནས་འཕྲལ་དུ་ཕྱིར་ཕུད་གཏོང་བཞིན་ཡོད་པ་དེས་དོན་དངོས་ཐོག་སློབ་མའི་ནང་ངན་གོམས་རིགས་མི་སྤྱོད་པར་ཕན་ཐོགས་མེད་པ་མ་ཟད། མ་འོངས་པར་སློབ་གྲྭ་ཙམ་མིན་པར་སྤྱི་ཚོགས་ཁྱོན་ལ་དཀའ་ངལ་འཕར་མ་བཟོ་མཁན་ཞིག་ཏུ་འགྱུར་ཉེས་ཡོད་པར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག དེ་ལྟར་སྤྱོད་མཁན་ཚོ་སློབ་གྲྭ་ཁག་ནས་ཕྱིར་ཕུད་མ་གཏང་པར་ཤ་ཚའི་ཐོག་སྔོན་ཚུད་ནས་སློབ་གསོ་གནང་དགོས་གལ་ཡིན་པ་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་འཛིན་སྐྱོང་གི་ངོས་ནས་སློབ་གྲྭ་ཁག་ཙམ་མིན་པར་བོད་མི་སྤྱིའི་འཕྲོད་བསྟེན་བདེ་ཐབས་སོགས་ལ་དམིགས་ཏེ་འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་ལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞོན་སྐྱེས་ཚོར་རྐང་སྤོལ་དང་བསིལ་སྤོལ་གྱི་རྩེད་ཐང་། རྒན་གཞོན་དབྱེ་མེད་ཀྱི་ལུས་སྦྱོང་གནང་ས་སོགས་མཐུན་རྐྱེན་གང་མང་སྐྲུན་བཞིན་པ་ཡོད་པ་དང་། ལྷག་པར་དུ་འདི་ལོ་ནང་བོད་པའི་གཞིས་ཆགས་སོ་སོའི་ནང་ཡོད་པའི་གཞོན་སྐྱེས་ཚོའི་དབར་ལ་བསིལ་སྤོལ་འགྲན་སྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་དོན་ལྟར། རྩེད་འགྲན་མཐའ་མ་དེ་བཞུགས་སྒར་དུ་ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༢ བར་རྩེད་འགྲན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། སློབ་ཕྲུག་གི་ཕ་མ་ཚོའི་ངོས་ཀྱང་རང་ཉིད་ཀྱི་བུ་ཕྲུག་ལ་བརྩེ་བ་དང་བྱམས་སྐྱོང་གནང་སྟངས་མ་ནོར་བའི་ཐོག་ནས་རྒྱུན་དུ་བུ་ཕྲུག་གི་གཤིས་སྤྱོད་དང་བསམ་བློའི་འཚར་ལོངས་སོགས་ལ་དོ་སྣང་གནང་སྟེ་སློབ་གསོ་བསྐྱོན་དགོས་པའི་རེ་སྐུལ་ཡང་གནང་སོང་། གཞི་རྩའི་དེ་རིང་ནས་དབུ་འཛུགས་ཀྱིས་སང་ཉིན་བར་ཚོགས་རྒྱུའི་མྱོས་རྫས་ངན་གོམས་ཀྱི་བསྐྱར་ཞིབ་ཚོགས་འདུ་དང་ཟབ་སྦྱོང་ཐོག་གཙོ་བོ་དེ་སྔ་ ༢༠༡༤ ལོར་བཞུགས་སྒར་དབུས་སྣེ་ལན་ཁང་དུ་ཚོགས་འདུ་ཚོགས་སྐབས་སློབ་གྲྭ་ཁག་གི་སྐུ་ཚབ་རྣམས་ནས་སློབ་གྲྭ་སོ་སོའི་ནང་འཕྲོད་བསྟེན་ཚོགས་ཆུང་ཟུར་འཛུགས་གནང་རྒྱུ་དང་། མྱོས་རྫས་སྤྱོད་མཁན་གྱི་རྒྱུ་རྐྱེན། མྱོ་རྫས་གང་ཞིག་མང་བ་སྤྱོད་ཀྱི་ཡོད་མེད་ཤེས་རྟོགས་བྱེད་དགོས་པ་སོགས་གྲོས་ཆོད་ཁག་ ༡༥ བཞག་པ་དེ་ག་ལས་ལག་བསྟར་གང་གནང་ཡོད་མེད། མྱོས་རྫས་རིགས་སྤྱོད་མཁན་ཚོར་སློབ་གྲྭ་སོ་སོ་ནས་ཉེས་ཆད་གང་བཏང་ཡོད་མེད་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་གི་ཡོད་པ་མ་ཟད། མ་དང་བྱིས་པའི་འཕྲོད་བསྟེན་སྡེ་ཚན་གྱི་ལས་བྱེད་ངག་དབང་བསྟན་འཛིན་ལགས་དང་། དྷ་ས་ཀུན་ཕན་ཚོགས་པའི་ངེས་སྟོན་པ་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། དེ་བཞིན་ལྡེ་ར་ལྡུན་རཛ་པུར་ཁུལ་དུ་ཡོད་པའི་ཞི་བདེ་ཁང་གསར་བཅོས་ཐབས་ཁང་དུ་མྱོ་རྫས་བཅོས་ཐབས་གནང་བཞིན་པའི་སློབ་མ་ཁག་ཅིག་བཅས་ནས་མྱོས་རྫས་ངན་གོམས་དང་འབྲེལ་བའི་གཏམ་བཤད་དང་མྱོང་ཚོར་བརྗེ་རེས་གནང་གི་ཡོད་པ་རེད། གསར་འགོད་པས་ལྡེ་ར་ལྡུན་རཛ་པུར་ཁུལ་དུ་ཡོད་པའི་ཞི་བདེ་ཁང་གསར་བཅོས་ཐབས་ཁང་དུ་ལོ་ངོ་བཞིའི་གོང་མྱོས་རྫས་བཅོས་ཐབས་གནང་བཞིན་པའི་བོད་ཕྲུག་རང་ལོ་ ༢༢ ཡིན་པ་བཀྲ་ཤིས་དོན་གྲུབ་ལགས་སུ་ཁོང་ནས་མྱོས་རྫས་ངན་གོམས་ཐོག་ལང་ཤོར་ཚུལ་སྐོར་བཅར་འདྲི་ཁག་ཅིག་ཞུས་ཡོད།

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོས་ས་གནས་བོད་མིར་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གྱིས་ཆོས་འབྲེལ་སོགས་ཀྱི་མཛད་འཆར་སྐྱོང་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ལ་དྭགས་ནང་གཞུང་འབྲེལ་སྐོར་བསྐྱོད་གནང་སྐབས་ལ་དྭགས་གཞུང་མང་ཡོངས་ནས་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ས་གནས་བོད་མི་རྣམས་ལ་ཕྱོགས་གང་ས་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་རྣམ་པ་མངོན་གསལ་གནང་འདུག དེའང་ཟླ་ ༧ ཚེས་ ༨ ཉིན་ལ་དྭགས་བོད་རིགས་ཚོགས་པའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག དམིགས་བསལ་སྐུ་མགྲོན་དུ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཟླ་བ་ལྷུན་གྲུབ་ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་དོན་གྲུབ་བཀྲིས་ལགས། ལ་སྤྱི་ཚེ་བརྟེན་དབང་ཕྱུག་ལགས། ལ་དྭགས་བོད་མིའི་ས་གནས་གྲོས་འཐུས། གཞན་ཡང་ས་གནས་ཁྲིམས་དྲུང་དང་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་སོགས་ལྷན་འཛོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཞུ་རྒྱུའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་སྐུ་ཞབས་བསོད་ནམས་ཟླ་བ་ལྷུན་གྲུབ་ལགས་ཀྱིས་ཚོགས་པ་དེའི་ངོས་ནས་བོད་ཀྱི་རང་དབང་འཐབ་རྩོད་དང་བོད་མིར་རྒྱབ་སྐྱོར་གནང་རྒྱུ་དང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེ་དེ་གའི་ནང་དུ་གནས་སྡོད་བོད་མི་རྣམས་ལ་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་པའི་ Tibetan Rehabilitation 2014 ཞེས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུ་གཙོས་ལ་དྭགས་ཀྱི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་འཐུས་ཚང་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་སྐབས་དེར་བོད་དང་ལ་དྭགས་གཉིས་པོའི་དབར་ལ་ལོ་ངོ་བརྒྱ་ཕྲག་རིང་ནས་ཤིན་ཏུ་ཕྱུག་པའི་ཆོས་དང་རིག་གཞུང་། ལོ་རྒྱུས་གང་གི་ཆ་ནས་འབྲེལ་བ་དམ་ཟབ་ཡོད་པ་སོགས་ངོ་སྤྲོད་གནང་འདུག ལྷག་པར་དུ་ཁོང་གིས་བོད་མིའི་སྒྲིགས་འཛགས་ཀྱི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ལ་ངོ་སྤྲོད་གནང་པ་དང་འབྲེལ། ལ་དྭགས་ས་གནས་གཞུང་གི་ངོས་ནས་ས་གནས་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་མགྱོགས་མྱུར་ལག་བསྟར་དགོས་པ་དང་། དེ་ལྟ་བུའི་སྲིད་བྱུས་ཀྱིས་ས་གནས་བོད་མི་ཚོའི་འཚོ་བའི་གནས་སྟངས་དོན་ཕན་སོན་པའི་ཐོག་ནས་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག གཞན་ཡང་མཛད་སྒོའི་ཐོག་ལ་སྤྱི་ཚེ་བརྟེན་དབང་ཕྱུག་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྫོང་ཀྱི་ས་ཞིང་དང་འབྲེལ་བའི་ཁ་མཆུ་ཁག་ཅིག་དང་དེ་བཞིན་ལས་འཆར་འགྲོ་མུས་གཞན་ཁག་གི་སྐོར་སྙན་གསེང་ཞུས་པ་དང་འབྲེལ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་ཁུལ་དེའི་བོད་མི་ཚོའི་བདེ་དོན་སླད་ཕྱག་རོགས་གནང་རྒྱུར་ཞལ་བཞེས་གནང་པར་ཐུགས་རྗེ་ཆེ་ཞུས་འདུག རྩ་བའི་སྲིད་སྐྱོང་མཆོག་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་རྗེས་ལ་དྭགས་ནས་ཕེབས་ཐོན་གྱིས་པཌ་ནཱ་དང་རྡོར་གདན་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཞུ་རྒྱུ་དང་། དེ་རྗེས་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བ་ཚོར་གསུང་བཤད་གནང་རྒྱུ་རེད་འདུག

རྒྱ་གར་ནང་དུ་ཕ་མ་གཉིས་དང་ཐུག་འཕྲད་མ་བྱུང་ཡང་ཕྱི་རྒྱལ་གྱི་ས་གནས་གཞན་ཞིག་ཏུ་བྱུང་ན་འགྲིག་ས་རེད།

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རིན་པོ་ཆེའི་ཡབ་ཡུམ་གཉིས་པོ་དགོངས་པ་མ་རྫོགས་གོང་ཐེངས་གཅིག་མཇལ་འཕྲད་ཡོང་བའི་རེ་སྨོན་གནང་བཞིན་པ་དང། དེའང་རྒྱ་གར་ནང་དུ་ཕ་མ་གཉིས་དང་ཐུག་འཕྲད་མ་བྱུང་ཡང་ཕྱི་རྒྱལ་གྱི་ས་གནས་གཞན་ཞིག་ཏུ་བྱུང་ན་འགྲིག་ས་རེད་ཅེས་བཀའ་གནང་འདུག ཀརྨ་པ་རིན་པོ་ཆེ་མཆོག་དགུང་གྲངས་ ༡༤ སོན་སྐབས་གཞིས་ཀྱི་གདན་ས་ཚུར་བུ་བླ་བྲང་ནས་བྲོས་བྱོལ་གྱིས་ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༡ ནང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ད་ཆ་དགུང་གྲངས་ ༣༢ ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་ཞིག་བསྩལ་བའི་ནང་། ཀརྨ་རིན་པོ་ཆེ་མཆོག་ནས་ཡབ་ཡུམ་གཉིས་དང་མ་མཇལ་ནས་ད་ཆ་ལོ་ ༡༧ ཙམ་ཕྱིན་ཡོད་སྟབས། རིང་མིན་ལོ་གཉིས་གསུམ་ནང་ཕ་ཡུལ་དུ་ཐེངས་གཅིག་ཆེད་ཕེབས་ཀྱིས་ཡབ་ཡུམ་སྐུ་འཁོར་དང་བཅས་པ་ལྷན་འཛོམས་ཡོང་རྒྱུའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་སྐོར་བཀའ་གནང་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་པ་དང་བསྟུན། དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་དམ་དྲག་འོག་སྤྱིར་གཞིས་བྱེས་བོད་མི་རྣམས་རང་ཉིང་ཀྱི་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་བཞུགས་དགོས་པའི་གནས་སྟངས་དེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་པ་ཞིག་ཆགས་ཡོད་པས་དེ་ནི་ཧ་ཅང་སེམས་སྐྱོ་བའི་གནད་དོན་ཞིག་རེད་ཅེས་བཀའ་གནང་པ་མ་ཟད། རིན་པོ་ཆེ་མཆོག་ཀརྨ་པའི་མཚན་གནས་ཡོད་པ་དང་དེ་མཚུངས་སུ་འགྲོ་བ་མི་ཞིག་ཡིན་སྟབས། རང་ཉིད་ཀྱི་ཡབ་ཡུམ་གཉིས་ཀྱི་མཐའ་མའི་རེ་བ་བཞིན་ཁོང་གཉིས་དགོངས་པ་མ་རྫོགས་གོང་དུ་ཐེངས་གཅིག་མཇལ་འཕྲད་ཡོང་བའི་རེ་སྨོན་གནང་བཞིན་ཡོད་པ་དང་། རྒྱ་གཞུང་གི་ངོས་ནས་༸གང་ཉིད་མཆོག་གི་ཡབ་ཡུམ་དང་ལྷན་རྒྱས་བོད་དང་རྒྱ་གར་ནང་དུ་མིན་པར་ཕྱི་རྒྱལ་གྱི་ས་གནས་གཞན་ཞིག་ཏུ་མཇལ་འཕྲད་གནང་བཅུག་ན་འགྲིག་ས་རེད་ཅེས་འབོད་སྐུལ་གནང་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་སྐབས་དེར་གཞིས་བྱེས་བོད་མི་གཉིས་ཁ་བྲལ་ཆགས་པའི་དུས་སྐབས་འདིའི་ཁྲོད་ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ནས་བོད་ལ་དངོས་སུ་བསྐྱོད་ནས་གཞིས་ལུས་བོད་མི་ཚོར་སེམས་ ཁུར་དང་ཁོང་ཚོའི་མངོན་འདོད་ཇི་ཡོད་ཤེས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་འདུག ཡང་སྐབས་དེར་གསར་འགོད་པས་རིན་པོ་མཆོག་ལ་བོད་ཀྱི་གནད་དོན་གང་གི་ཐད་ལ་ཐུགས་ཚབས་ཆེ་ཤོས་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་ལྟ་བུ་སྐྱེས་ཆེན་དམ་པ་གཅིག་རང་ལ་བརྟེན་པའི་གནས་སྟངས་དེའི་ཁྲོད་མ་འོངས་པར་རྒྱ་གར་ནང་དུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཨ་མ་དེ་ཉམས་རྒུད་འགྲོ་ཉེན་ལ་ཐུགས་ཚོར་ཆེན་པོ་ཡོད་སྐོར་བཀའ་གནང་པ་དང་འབྲེལ། བོད་མི་རྣམས་ནས་དེའི་ཐོག་བསམ་ཤེས་དང་འབྲེལ་འགན་ཁུར་བཞེས་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་ལམ་སྟོན་གནང་ཡོད་པ་རེད། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཅར་འདྲིའི་ལས་རིམ་དེ་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ། ༸གོང་ས་མཆོག་ནི་བོད་མི་རྣམས་མུན་ནག་གི་ལོ་རྒྱུས་ཁྲོད་ཐིམ་པའི་སྐབས་སྒྲོན་མེ་ལྟ་བུ་ཞིག་ཆགས་ཡོད་པ་དང། བོད་གངས་ཅན་པ་ཟེར་བའི་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ད་ལྟ་ནང་བཞིན་དེ་སྔ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བོད་མི་རྣམས་ནས་༸གོང་ས་མཆོག་གིས་སྐུ་ངལ་ཁྱད་བསད་མཛད་པའི་བླ་ན་མེད་པའི་གྲུབ་འབྲས་དེ་སྲུང་སྐྱོབ་དང་ཆུད་ཟོས་སུ་མི་འགྲོ་བ་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། ༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་དང་། ནང་ཆོས་ཀྱི་རིག་གནས་ལ་སློབ་གཉེར་དཔྱིས་ཕྱིན་བྱེད་ནས་ནང་བསམ་པའི་དཔལ་ཡོན་གོང་འཕེལ་ཐད་ཤུགས་སྣོན་སྐྱོན་དགོས་པའི་ལམ་སྟོན་མཛད་འདུག

Latest news