Tibetan Royal Year of 2151 | Year of the Wood Dragon

བོད།

རོང་བོ་དགོན་ཆེན་དུ་མེ་སྐྱོན་ཤོར་བའི་ཁྲོད་མི་བཞི་རྐྱེན་འདས་སུ་ཕྱིན་འདུག

ཁ་སང་སྤྱི་ཟླ་དགུ་བའི་ཚེས་ཉེར་ལྔའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་པའི་ཐོ་རངས་ཙམ་ལ། བོད་མདོ་སྨད་རེབ་ཀོང་རོང་བོ་དགོན་ཆེན་གྱི་དྲུང་ཡིག་བླ་བྲང་ལ་མེ་སྐྱོན་བྱུང་ནས་གྲྭ་ཕྲུག་གཉིས་དང་མི་སྐྱ་གཉིས་མེ་སྐྱོན་གྱི་དོན་རྐྱེན་གྱི་ཁྲོད་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག   ད་ལྟའི་ཆར་གློག་ལམ་ལ་སྐྱོན་ཤོར་ནས་མེ་སྐྱོན་བྱུང་ཡོད་པར་དོགས་པ་བྱེད་བཞིན་པ་ལས་རྒྱུ་རྐྱེན་གསལ་བོ་ཤེས་རྟོགས་བྱུང་མི་འདུག ཐེངས་འདིའི་མེ་སྐྱོན་དང་འབྲེལ་ནས་རེབ་ཀོང་རོང་བོ་དགོན་ནས་ཡིན་པའི་མདོ་སྨད་ཀྱི་སྤྱི་ཟུར།  དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་སུ་བཀའ་འདྲི་ཞུར་པར་ཁོང་གིས། ཐེངས་འདིའི་མེ་སྐྱོན་བྱུང་ས་དེ་དགོན་པའི་འདུ་ཁང་སོགས་མ་ཡིན་པར་དྲུང་ཡིག་བླ་བྲང་ཞིག་ཡིན་པ་དང་། དྲུང་ཡིག་བླ་བྲང་དེ་དུས་འགྱུར་གྱི་ཁྲོད་དུ་ལྷག་ཡོད་པའི་གནའ་ཤུལ་ཞིག་ཡིན་པར་ངོ་སྤྲོད་ཀྱིས།  མེ་སྐྱོན་གྱི་ཁྲོད་ནས་མི་བཞི་འདས་གྲོངས་སུ་ཕྱིན་ཡོད་པར་གསུངས་སོང་། དེ་བཞིན་ཐེངས་འདིའི་མེ་སྐྱོན་གྱི་ཁྲོད་དུ་དངུལ་དངོས་ཀྱི་གྱོང་གུད་ག་ཚད་ཅིག་ཐེབས་ཡོད་པར་བཀའ་འདྲི་ཞུས་པར་ཁོང་གིས།  རྩ་བའི་བླ་བྲང་དེ་རིག་གནས་གསར་བརྗེ་ཡི་ཤུལ་དུ་ལས་ཡོད་པའི་དགོན་རྙིང་ཞིག་ཡིན་པར་བརྟེན་རིན་ཐང་ཆེན་པོ་ཡིན་པ་དང་། དེ་བཞིན་ཉ་ཆར་རང་བླ་བྲང་དེར་ཞིག་གསོ་བྱས་ཏེ་བསྐྱར་བཞེངས་བྱས་སྟབས་འགྲོ་སོང་ཆེན་པོ་བཏང་ཡོད་པ་སོགས་ཀྱི་ཐད་ནས་ངོ་སྤྲོད་ཞུས་སོང་། རྩ་བའི་རོང་བོ་དགོན་པ་ནི་སྤྱི་ལོ་ ༡༣༤༢ ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཐོག་མར་ཕྱག་བཏབ་པ་ཞིག་ཡིན་པ་དང་།  རྗེས་སུ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་མཆོག་བོད་དབུས་ཁུལ་དུ་ཕེབས་ནས་སློབ་སྦྱོང་གནང་སྟེ་ཕྱིར་རེབ་ཀོང་དུ་ཕེབས་པ་དང་བསྟུན། སྥྱི་ལོ་ ༡༦༣༠ ལོར་རོང་བོ་དགོན་དུ་ཐོས་བསམ་རྣམ་པར་རྒྱལ་བའི་གྲྭ་ཚང་བཙུགས་ཏེ་གྲྭ་མང་གིས་བསླབ་པ་སློབ་གཉེར་འགོ་ཚུགས་འདུག   རིག་གནས་གསར་བརྗེ་ཡི་སྐབས་སུ་བོད་ཁུལ་གྱི་དགོན་པ་སྤྱི་ལྟར་རོང་བོ་དགོན་ཆེན་དུ་ཡང་གཏོར་བཤིག་ཆེན་པོ་ཐེབས་ཡོད་ནའང་།    རྗེས་སུ་རྒྱ་ནག་གིས་ཆོས་སྒོ་ཏོག་ཙམ་ཕྱེས་མཚམས་སུ་རོང་བོ་སྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་འགོ་ཁྲིད་པའི་ཐོག་དགོན་མ་ལག་ཡོངས་སུ་བསྐྱར་བཞེངས་བྱས་ཏེ།   མདོ་སྨད་ཀྱི་ཕྱོགས་སུ་བསླབ་པ་སློབ་གཉེར་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཆགས་པ་མ་ཟད།  ཡོངས་གྲགས་སུ་རེབ་ཀོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་འབོད་པའི་རྩ་བ་ཡང་དོན་དུ་རོང་བོ་དགོན་ཆེན་གྱི་བསླབ་པ་སློབ་གཉེར་ལ་རྟེན་ནས་བཏགས་པ་ཞིག་རེད་འདུག

བོད་ཀྱི་དགོན་སྡེ་ཁག་ལ་རྒྱལ་ཡོངས་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བྱེད་སྒོ་ཁག་ཅིག་སྤེལ་བཞིན་འདུག

རིང་མིན་ཕྱི་ཟླ་བཅུ་པའི་ཚེས་ ༡ ཉིན་རྒྱ་ནག་ཁྱོན་ཡོངས་སུ་རྒྱ་ནག་རྒྱལ་ཡོངས་ཉིན་མོ་ཞེས་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་འཆར་དང་བསྟུན། འདས་པའི་ཉིན་ཤས་ཁྲོད་རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེ་ཁག་ལ་དེ་འབྲེལ་བྱེད་སྒོ་ཁག་ཅིག་སྤེལ་བཞིན་འདུག དེ་ཡང་དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་དགོན་སྡེ་གྲ་ཚང་ཁག་གི་སྐུ་ཚབ་འདུ་སྐོང་ཐོག་འདས་པའི་ལོ་བདུན་ཅུའི་ནང་རྒྱ་ནག་དམར་ཤོག་གི་བཀའ་དྲིན་འོག་ནང་པའི་ཆོས་ལ་ཕན་ཐོག་བྱུང་ཡོད་སྐོར་དང་། མ་འོངས་རྒྱ་ནག་གི་ནང་ཆོས་ཡར་རྒྱས་གཏང་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ་དང་། ལྷག་པར་དུ་བོད་ཁུལ་གྱི་དགོན་སྡེ་གྲ་ཚང་ཁག་ཅིག་ཏུ་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་གླུ་གཏོང་བཅུག་པ་སོགས་ཀྱི་བྱེད་སྒོ་སྤེལ་འདུག འདི་ག་རླུང་འཕྲིན་ཁང་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་སྐབས། རྒྱ་གཞུང་གི་བྱེད་སྒོ་དེ་དག་བོད་མིའི་ཐུན་མོངས་མ་ཡིན་པའི་ངོ་བོ་དང་། མི་མང་གི་བློ་ཁ་རྣམས་རྒྱ་རིགས་ཀྱི་ངོ་བོ་དང་འདུ་ཤེས་ཅན་དུ་འགྱུར་རྒྱུའི་བྱ་ཐབས་ཤིག་ཡིན་པ་དང་། ལྷག་པར་དུ་དགོན་སྡེ་ཁག་ཏུ་བྱེད་སྒོ་སྤེལ་བཞིན་པ་དེ་ནི་ཞི་ཅིང་ཕིང་གི་འདས་པའི་ལོ་ཤས་ནས་ཆོས་ལུགས་ཚང་མ་རྒྱ་ནག་གི་ཁྱད་ཆོས་ལྡན་པ་བཟོ་དགོས་ཞེས་བརྗོད་པའི་སྲིད་བྱུས་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་ཅེས་གསུངས་སོང་། རྒྱ་ནག་རྒྱལ་ཡོངས་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་གཞི་དང་འབྲེལ་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་གི་རྒྱལ་སྒོའི་ཐོག་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པ་ཤོག་ཞེས་འཁོད་པའི་འཕྲེད་དར་སྦྱར་བ་དང་། བོད་ཆབ་མདོ་བྱམས་པ་གླིང་དགོན་དུ་དགེ་འདུན་པ་རྣམས་གར་ཆམ་འཁྲབ་བཅུག་པ་དང་། རྒྱ་ནག་གི་རྒྱལ་གླུ་བླངས་བཅུག་པ་སོགས་ཀྱི་བརྙན་པར་ཁག་ཅིག་སྤྱི་ཚོགས་དྲ་ལམ་ Tweeter དང་ Instagram ཐོག་དངོས་སུ་མཇལ་རྒྱུ་འདུག གཞི་རྩའི་རྒྱ་ནག་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་སྲུང་བརྩི་དང་འབྲེལ་བོད་ནང་ཙམ་མ་ཟད། ཉེ་འཆར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་ཡི་ཤུའི་ཆོས་ལུགས་རྗེས་འབྲངས་པ་དང་། ཁ་ཆེའི་ཆོས་དད་པ་ས་ཡ་ལྷག་འདུ་སྐོང་ཐོག་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་གླུ་བླངས་བཅུག་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱ་ནག་ནང་ཡོད་པའི་ཆོས་ལུགས་ཚང་མར་གཅིག་མཚུངས་ཀྱི་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཀྱི་གཏམ་བཤད་ཀྱང་བྱས་ཡོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་གསར་པ་ཆེད་འདོན།

ཁ་སང་ཕྱི་ཚེས་ ༢༤ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཉེ་ཆར་ཚོགས་ཆུང་དེའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་ཆེད་འདོན་གནང་བའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་མར་ཆེད་འདོན་གནང་འདུག སྐབས་དེར་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་གཞུང་གི་བོད་མིའི་ཐོག་འགོག་རྐྱེན་འདྲ་མིན་བཟོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་སྲིད་གཞུང་ནས་བོད་ཐོག་ཐོག་འཛིན་པའི་སྲིད་བྱུས་དེ་དུས་ཚོད་དང་མཐུན་པའི་ཁ་གསབ་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས། བོད་དོན་ཁྲིམས་འཆར་གསར་པ་ཆེད་འདོན་གནང་བ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག དུས་རྒྱུན་དུ་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་གནས་སྟངས་ཐེར་འདོན་གནང་དགོས་པ་མ་ཟད་བོད་ཕྱི་ནང་གཉིས་སུ་བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་ཐབས་བྱུས་འདྲ་མིན་ཆེད་འདོན་གནང་གལ་ཆེན་པོ་རེད་ཅེས་གསུངས་འདུག སྐུ་ཞབས་ Marco Rubio ལགས་ནས་ཆེད་འདོན་གནང་བའི་བོད་དོན་ཁྲིམས་འཆར་གསར་པ་དེར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་དང་སྐུ་ཞབས་ Tom Cotton ལགས། ལྕམ་སྐུ་  Dianne Feinstein ལགས། སྐུ་ཞབས་ Lindsey Graham ལགས།  དེ་བཞིན་སྐུ་ཞབས་ Ed Markey ལགས་བཅས་ཁྱོན་གྲོས་ཚོགས་གོང་མའི་འཐུས་མི་ལྔས་རྒྱབ་སྐྱོར་གནང་ཡོད་པ་དང་། སྐུ་ཞབས་ Ben Cardin ལགས་ཀྱིས་བོད་དོན་ཁྲིམས་འཆར་གསར་པ་འདིས་ཨ་རིའི་ངོས་ནས་བོད་མིའི་གཞི་རྩའི་གྲོ་བ་མིའི་ཐོབ་ཐང་དང་རང་སྲིད་རང་སྐྱོང་གི་གནས་བབས་སོགས་ཀྱི་ཐོག་རྒྱབ་སྐྱོར་མཚོན་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་༸གོང་ས་མཆོག་གིས་དབུས་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པར་ཨ་རིའི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོར་བཞུགས་ཀྱི་མ་རེད་ཅེས་གསུངས་འདུག དེ་བཞིན་སྐུ་ཞབས་ Lindsey Graham ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པར་ངོས་ལེན་ནམ་ཡང་ཞུ་ཐབས་མེད་སྐོར་གསུངས་འདུག་པ་མ་ཟད། ལྕམ་སྐུ་  Dianne Feinstein ལགས་ཀྱིས་ཀྱང་ཨ་རི་བོད་ཐོག་གཏན་འབེབས་གནང་བའི་ Tibetan Policy Act of 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་གཏན་འབེབས་གནང་སྟེ་ད་ཆ་ལོ་ངོ་ ༡༧ ལྷག་འགྲོ་བཞིན་ཡོད་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར་ལོ་རེ་བཞིན་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པར་འགྲེལ་བརྗོད་གནང་བ་འབྲེལ་ཏེ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ངེས་པར་དུ་བསྐྱར་བཅོས་གནང་དགོས་པ་དང་། ད་རེས་བོད་དོན་ཁྲིམས་འཆར་གསར་དེར་གདེང་སྤོབས་ཆེན་པོས་རྒྱབ་སྐྱོར་ཞུ་ཡི་ཡིན་ཞེས་གསུངས་འདུག སྐུ་ཞབས་ Tom Cotton ལགས་ཀྱིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དག་བཙན་ཁྲིད་བྱས་པ་མ་ཟད་ད་ཆ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་སྐབས་འདིར་ཨ་རིའི་བོད་དོན་ཁྲིམས་འཆར་འདི་གཏན་འབེབས་བརྒྱུད་རྒྱ་གཞུང་གི་ཐེ་བྱུས་ཅན་གྱི་ལས་དོན་རྣམས་འགོག་ཐུབ་ངེས་ཡིན་སྐོར་གསུངས་འདུག སྐུ་ཞབས་ Ed Markey ལགས་ནས་ཨ་རིའི་གྲོས་ཚོགས་ནང་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་གཏན་འབེབས་གནང་སྟེ་རྒྱ་ནག་གཞུང་ལ་ཨ་མི་རི་ཀའི་སྲིད་གཞུང་འདི་དབང་ཆ་གཅིག་བསྡུས་ཀྱི་རིང་ལུགས་ལ་རྒྱབ་སྐྱོར་མེད་པར་རང་དབང་ལ་དགའ་ཞེན་ཆེ་བའི་མི་མང་ཚོར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་པོ་ཞིག་གནང་དགོས་ཞེས་གསུངས་འདུག གཞི་རྩའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་ཟླ་ ༩ ཚེས་ ༡༣ ཉིན་སྐུ་ཞབས་ Jim McGovern ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཆེད་འདོན་གནང་སྟེ་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་བདུན་ནས་རྒྱབ་སྐྱོར་གནང་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཁྲིམས་འཆར་གྱི་དོན་ཚན་ཁག་ལ་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་དང་། སྐབས་དེར་རླུང་འཕྲིན་ཁང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་གཅིག་ཞུས་པར་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཆེད་འདོན་གནང་བ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་མཚོན་ཐུབ་ཀྱི་ཡོད་པ་གསུངས་ཡོད། གཞི་རྩའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་འཁོད་འདུག ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་འདོན་འཇོག་གནང་བ་དང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁྲིམས་འཆར་དེའི་ཐོག་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཁྲིམས་འཆར་དེ་ཁྲིམས་ཆགས་པར་བོད་མི་རྣམས་ནས་ཞུ་གཏུག་གནང་དགོས་པའི་ཞུ་སྐུལ་གནང་སོང་།

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་དབང་ཐོག་མཉམ་ལས་གནང་དགོས་པའི་ཞུ་སྐུལ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༧༤ པ་འཚོགས་བཞིན་པ་དང་བསྟུན་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲིད་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཚོགས་འདུ་ཞིག་ཆེད་བསྐོང་གནང་བའི་ཁྲོད་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་སྲིད་འཛིན་གཞོན་པ Mike Pence མཆོག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ Sam Brownback ལགས་དང་ཕྱི་སྲིད་བློན་ཆེན་ Mike Pompeo སོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་དབུ་ཁྲིད་མང་དག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཆོས་ལུགས་དད་མོས་རྐྱེན་པས་སྡུག་སྦྱོང་མནར་གཅོད་མྱོང་མཁན་མང་པོ་གདན་འདྲེན་བྱས་ཡོད་པ་ལྟར་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་མ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་གདན་ཞུ་གནང་འདུག  རྒྱལ་སྤྱིའི་ཆོས་རང་དབང་གི་ལྷན་ཚོགས་དེ་གྲོལ་མཚམས་སུ་ཨ་རིའི་སྲིད་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་བའི་ཁྲོད་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་ཆོས་དད་རང་མོས་ཀྱི་གནས་སྟངས་སྐོར་ལ་གསུང་བཤད་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་མོས་ཀྱི་གནད་དོན་ཐོག་མཉམ་ལས་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་། ཨ་རིའི་གཞུང་ ནས་ད་རེས་ཀྱི་ལྷན་ཚོགས་བརྒྱུད་ནས་གོ་སྐབས་འདི་བསྐྲུན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་བོད་མི་རྣམས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་པའི་ཁར་གནས་ཚུལ་དེར་ཕྱི་ལ་བསྒྲགས་རྒྱུའི་ཐོབ་ཐང་ཡང་མེད་པར་བརྟེན་ད་རེས་ཁོང་གིས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་ནང་གི་ཆོས་དད་རང་དབང་སྤྱི་དང་རང་ལུས་མེར་བསྲེགས་ཀྱི་གནད་དོན། དེ་བཞིན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐོར་སོགས་སྙན་གསེང་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་ངོ་སྤྲོད་གནང་སོང་། ཨ་རིའི་གཞུང་ནས་ཐེངས་འདིའི་ལྷན་ཚོགས་ཐོག་ཉི་མ་ལྷ་མོ་ལགས་དང་ལྷན་དུ་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱི་བོུ་གཙོས་པའི་ཆོས་ལུགས་དད་མོས་དང་འབྲེལ་བའི་མནར་གཅོད་མྱངས་དང་མྱོང་མཁན་གྱི་མི་སྣ་ཁག་གཅིག་གདན་ཞུ་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཐེངས་འདིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་ཏུ་དམིགས་བསལ་གྱིས་ཁོང་གདན་འདྲེན་ཞུས་པ་དེར་གཟིགས་ཕྱོགས་ཇི་བྱུང་བཀའ་འདྲི་ཞུས་པར་གཙོ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་གི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་སྟེ་མཐར་རྒྱ་ནག་གིས་ཁོང་ལ་མ་ཉེས་ཁ་གཡོགས་ཀྱིས་སྐུ་ཚེ་མ་ཟིན་པའི་གནས་སྟངས་ཤིག་བྱུང་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གསལ་པོ་ཡོད་པ་ཞིག་ཡིན་སྟབས་ཁོང་ལ་ཆ་མཚོན་ན་རིན་པོ་ཆེའི་གནད་དོན་དེ་དངོས་སུ་མཐོང་མྱོང་མཁན་གྱི་བདེན་དཔང་ལྟ་བུ་ཞིག་ཡིན་པས་ཐེངས་འདིའི་ལྷན་ཚོགས་ཐོག་གདན་འདྲེན་ཞུས་པ་ཞིག་ཆགས་ཡོད་པར་གསུངས་སོང་། རྩ་བའི་ཨ་རིའི་གཞུང་གིས་གོ་སྒྲིག་གནང་བའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཁོང་ནི་འཛམ་གླིང་ནང་གི་ཆོས་ལུགས་རང་དབང་ཐད་ཚོགས་ཆེན་བསྡུ་བསྐོང་གནང་མཁན་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཡིན་པ་གསུངས་པ་དང་འབྲེལ། ཨ་རིའི་ངོས་ནས་ཨ་སྒོར་ས་ཡ་ ༢༥ ལྷག་ཆེད་གཏོང་གིས་ཆོས་ལུགས་དད་མོས་རང་དབང་དང་ཆོལ་ལུགས་ཀྱི་གནའ་ཤུལ་སྲུང་སྐྱོབ་གནང་རྒྱུ་ཡིན་པ་མ་ཟད། ཆོས་ལུགས་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་ཀྱང་གསར་དུ་འཛུགས་རྒྱུ་ཡིན་པ་གསུངས་ཏེ་ཆོས་ལུགས་སྲུང་སྐྱོབ་གནང་རྒྱུ་ནི་ཨ་རིའི་དམིགས་འབེན་དང་པོ་ཡིན་པ་གསུངས་འདུག   འཛམ་གླིང་དབུ་ཁྲིད་ཚོས་ཆོས་དད་རང་དབང་ལ་དམ་དྲག་གི་ལས་དོན་ཡོངས་སུ་མཚམས་འཇོག་དགོས་པ་དང་ཆོས་ལུགས་དད་མོས་དང་འབྲེལ་བའི་བཙོན་པ་ཡོད་ཚད་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཆོས་དད་རང་དབང་ལ་དམ་དྲག་བྱས་པའི་ཁྲིམས་སྒྲིག་ཡོངས་ལ་བསྒྱུར་བཅོས་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། ཨ་རིའི་ངོས་ནས་ཐེངས་དང་པོར་དམིབས་བསལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་སུ་ཆོས་ལུགས་དད་མོས་ཀྱི་རང་དབང་གི་སྐོར་ཚོགས་འདུ་བསྐོང་བ་དེའི་གལ་གནད་དང་འབྲེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་  ད་ལྟའི་གཞུང་འཛིན་གྱི་ཆབ་སྲིད་ཚོགས་པའི་ངོས་ནས་ཆོས་དད་དབང་དེ་གཙོ་ཆེར་འཛིན་བཞིན་པ་མ་ཟད་ཨ་རིའི་འཛིན་གཞོན་པ་སྐུ་ཞབས་ Mike Pence ལགས་དུས་རྒྱུན་ནས་ཆོས་དད་རང་དབང་གི་ཐོག་ཐུགས་སྣང་ཆེས་ཆེར་ཡོད་པའི་མི་སྣ་ཞིག་ཡིན་པ་བཤད་སྲོལ་ཡོད་པ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་སོགས་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག་ཏུ་ཨ་རིའི་ངོས་ནས་ཆོས་དད་རང་དབང་གི་གནད་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ཨ་རིའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན་རྒྱལ་སྤྱིའི་ཆོས་དད་རང་མོས་ལ་འབོད་སྐུལ་ཞེས་པའི་བརྗོད་གཞིའི་འོག་ཉིན་གཉིས་ཀྱི་རིང་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་ལྟར་ཁ་སང་ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ John Sullivan ལགས་ཀྱིས་རྒྱ་ནག་ནང་གི་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཞེས་པའི་བརྗོད་གཞི་ཐོག་དམིགས་བསལ་ཚོགས་འདུ་ཞིག་ཀྱང་བསྡུ་བསྐོང་གནང་བའི་ཁྲོད་འཇར་མན་དང་དབྱིན་ཡུལ་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་ ༢༡ ནས་ཚོགས་ཞུགས་གནང་འདུག རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་ཀྱི་ངོས་ནས་རྒྱ་ནག་ལ་གནོད་ཤུགས་སྤྲད་ཐོག་རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ཁུལ་དུ་མི་སྤྱོད་ལས་འདས་པའི་དམ་དྲག་བྱེད་བཞིན་པའི་གནས་བབ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བལ་གཞུང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཞི་ཅིན་ཕིང་གི་ལྟ་གྲུབ་གཙོར་བཟུང་གིས་སྦྱོང་བརྡར།

བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པས་ཡུལ་དེའི་འགོ་ཁྲིད་རྣམ་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་གྲུབ་གཙོར་བཟུང་གིས་སྦྱོང་བརྡར་སྤྲད་འདུག་པ་དང་དེས་བལ་ཡུལ་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲོད་སེམས་འཚབ་སློང་བཞིན་པར་ཆེས་མངོན་གསལ་གནང་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་རྗེས་མར་བལ་ཡུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཆེད་སླེབས་ཀྱི་ཡོད་པ་དང་བསྟུན་བལ་ཡུལ་དམར་ཤོག་ཚོགས་པའི་སློབ་གྲྭ་སྡེ་ཚན་ནས་ཡུལ་དེའི་འགོ་ཁྲིད་རྣམ་པར་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་གྲུབ་གཙོ་བཟུང་གིས་སྦྱོང་བརྡར་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པའི་ཆ་ཤས་སུ་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལྷན་ཁང་གི་འགོ་གཙོ་ Song Tao ཡིས་སྣེ་ཁྲིད་པའི་དམར་ཤོག་གི་འགོ་ཁྲིདམི་སྣ་ ༥༠ སྐོར་ཞིག་རྒྱལ་ས་ Kathmandu ནང་འབྱོར་ཡོད་པ་དང་། རུ་ཁག་དེའི་ངོས་ནས་བལ་ཡུལ་དང་རྒྱ་ནག་གི་གྲོགས་འདྲིས་ཆེད་དོན་བགྲོ་གླེང་ཞེས་པའི་མིང་སྦྱང་འོག་བལ་ཡུལ་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་དང་ཚོགས་མི་ཁག་གཅིག་ལ་སྦྱོང་བརྡར་སྤྲད་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་པ་མ་ཟད། བལ་ཡུལ་གྱི་སྲིད་བློན་ KP Sharma Oli དང་ཐུག་འཕྲད་ཀྱིས་རྒྱ་གཞུང་ནས་བལ་ཡུལ་རྒྱལ་ཁབ་དེ་ཡར་རྒྱས་གོང་འཕེལ་ཡོང་བར་མཐུན་འགྱུར་སྦྱར་ངེས་ཡིན་པའི་ཁས་ལེན་ཡང་བྱས་འདུག སྦྱོང་བརྡར་སྒོ་འབྱེད་ཀྱི་གཏམ་བཤད་ནང་དམར་ཤོག་ཚོགས་པའི་སློབ་གྲྭའི་སྡེ་ཚན་གྱི་གཙོ་འཛིན་སྐུ་ཞབས་ Ishwar Pokhrel ཡིས་སྤྱིར་བལ་ཡུལ་དང་རྒྱ་ནག་གཉིས་ལ་དཔལ་འབྱོར་དང་སྤྱི་ཚོགས། ཆབ་སྲིད་དང་ས་བབས་གནས་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་ཆ་ནས་ཁྱད་པར་ཡོད་ཀྱང་མཐའ་མའི་དམིགས་ཡུལ་དེ་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཡུལ་དེའི་ཕྱོགས་འགལ་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Bimalendra Nidhi ཡིས་བལ་ཡུལ་དང་རྒྱ་ནག་གི་སྤྱི་ཚོགས་དབར་ལ་རྩ་ཁྲིམས་དང་ཆབ་སྲིད་ཀྱི་གནས་སྟངས། དབང་འཛིན་ལམ་ལུགས་སོགས་ཀྱི་ཁྱད་པར་ཡོད་པ་དང་ལྷག་དོན་བལ་ཡུལ་གྱི་རྩ་ཁྲིམས་དང་ཆབ་སྲིད་ཀྱི་ཁྲིམས་ལུགས་རྣམས་མང་གཙོ་དང་སྤྱི་མཐུན་རིང་ལུགས། གུ་ཡངས་ལྡན་པའི་སྤྱི་ཚོགས་དང་མང་གཙོའི་གྲོས་ཚོགས་བཅས་ལ་གཞིར་བཞག་ཡོད་པ་དེ་ལྟར་ཡང་། ཆ་རྐྱེན་དེ་དག་ཐམས་ཅད་རྒྱ་ནག་གི་ལམ་ལུགས་ནང་ཚང་མེད་པ་དང་གལ་ཏེ་རྒྱ་ནག་གིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་དང་ལས་བྱེད་རྣམས་རྒྱ་ནག་གི་དཔོན་རིགས་འདྲ་མཚུངས་ཡོང་སླད་བཀོད་བྱུས་བྱ་ཚེ་དེ་ནི་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་ཅེས་ནན་བརྗོད་བྱས་འདུག བལ་ཡུལ་ཀོང་རེ་སི་འགོ་ཁྲིད་སྐུ་ཞབས་ NP Saud ལགས་ཀྱིས་ཀྱང་རྒྱ་གར་གྱི་སྲིད་བློན་ནརེནྡྲ་མོ་དཱི་མཆོག་བལ་ཡུལ་ནང་ཕེབས་འབྱོར་གནང་སྐབས་སྲིད་བློན་མཆོག་གིས་ཡུལ་དེའི་ཕྱི་འབྲེལ་སྲིད་བྱུས་དེ་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པར་ཉེ་ཕྱོགས་འཛིན་མཁན་ཞིག་ཆགས་ཀྱི་ཡོད་པ་དང་། ནམ་ཞིག་རྒྱ་ནག་ནས་གཞུང་འབྲེལ་མི་སྣ་སླེབས་སྐབས་བལ་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་དེ་གློ་བུར་དུ་རྒྱ་ནག་དམར་ཤོག་ལ་ཉེ་ཕྱོགས་འཛིན་མཁན་གྱི་ངོ་བོར་སྒྱུར་བཞིན་ཡོད་པ་ཟུར་ཟ་གནང་བ་མ་ཟད། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Bal Krishna Khand ལགས་ཀྱིས་འཛན་གླིང་གི་རྒྱལ་ཁབ་སུ་ཞིག་ཡིན་རུང་རྒྱལ་ཁབ་གཞན་དང་ལྷན་དུ་མཛའ་མཐུན་གྱི་འབྲེལ་བ་ཞིག་ཡོད་ཆོག་ཀྱང་དེ་འབྲེལ་རྒྱལ་ཁབ་ནང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལམ་ལུགས་ཐོག་ནས་བསླུ་ཐབས་བྱེད་པ་དང་ཡང་ན་ལྟ་གྲུབ་གྱི་སྦྱོང་བརྡར་སྤྲད་རྒྱུའི་ཐབས་ཤེས་དེ་ནི་སེམས་འཚབ་བྱ་རྒྱུའི་གནད་དོན་ཞིག་ཡིན་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག ད་ཆ་བལ་ཡུལ་གཞུང་འཛིན་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པར་ཉེ་ཕྱོགས་ཀྱིས་མདུན་སྐྱོད་བྱེད་བཞིན་པ་ནི་བལ་ཡུལ་གྱི་བདག་དབང་ལ་ཉེན་འཚབས་ཆགས་རྒྱུ་ཡིན་པ་བརྗོད་འདུག བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་བརྗོད་པར་ད་ཆ་བལ་ཡུལ་ནང་སླེབས་པའི་རྒྱ་ནག་གི་རུ་ཁག་དེའི་ངོས་ནས་ཉིན་གཉིས་ཀྱི་སྦྱོར་བརྡར་ལས་རིམ་ཁྲོད་གུ་ཡངས་ལྡན་པའི་སྤྱི་ཚོགས་བསྐྲུན་རྒྱུའི་ལས་གཞི་མཇུག་སྐྱོང་བྱས་པ་དང་དམར་ཤོག་གི་སྒྲིག་ཁྲིམས་ལག་ལེན་བསྟར་ཕྱོགས་བཅས་ཀྱི་བརྗོད་གཞི་ཁག་ཅིག་གི་ཐོག་ཡིག་ཆ་ངོ་སྤྲོད་བྱས་པ་མ་ཟད་ཕྱོགས་གཉིས་ཀྱི་ཆབ་སྲིད་འགོ་ཁྲིད་དབར་རྒྱུད་གཅིག་ལམ་གཅིག་ལ་སོགས་པའི་གནད་དོན་ཁག་ཅིག་དང་འབྲེལ་བར་གྲོས་བསྡུར་བྱས་ཡོད་པ་དང་ཁྱད་པར་དུ་སྦྱོང་བརྡར་གྱི་མཐའ་མཇུག་ཏུ་དམར་ཤོག་ཚོགས་པ་གཉིས་ནས་རྒྱལ་ཁབ་ཕན་ཚུན་གྱི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་དང་སྒྲིག་གྲས་ལས་བྱེད་དབར་ལྟ་བའི་ཆེད་དོན་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་གཙོས་ཕན་ཚུན་འབྲེལ་ལམ་དང་སྲིང་མོའི་འདུ་ཤེས་འཛིན་ཕྱོགས་བཅས་ཀྱི་ཐད་ལ་ཁས་ལེན་དམ་བཅའ་བྱས་ནས་གན་རྒྱར་མིང་རྟགས་བཀོད་ཡོད་པ་རེད་འདུག

Rochester སློབ་གཉེར་ཁང་དུ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་གསར་པ་ཆེད་འཛུགས་གནང་རྒྱུའི་ཐག་གཅོད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Rochester མཐོ་རིམ་སློབ་གཉེར་ཁང་གི་སྤྱི་མཐུན་སློབ་ཕྲུག་ཚོགས་པས་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་བོད་དོན་གྲོས་མོལ། བཙན་བྱོལ་ནང་མ་འོངས་བོད་ཀྱི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སླད་གདན་ཞུ་གནང་བ་དང་འབྲེལ་ཏེ་བོད་རྒྱ་སློབ་ཕྲུག་མཛའ་འབྲེལ་མཐུན་ཚོགས་གསར་པ་ཆེད་འཛུགས་གནང་རྒྱུའི་ཐག་གཅོད་གནང་འདུག ཟླ་ ༩ ཚེས་ ༢༡ ཉིན་མཐོ་རིམ་སློབ་གཉེར་ཁང་དུ་མཐོ་སློབ་ཀྱི་གཙོ་འཛིན་མཆོག་དང་། སློབ་དཔོན་རྣམ་པ། དེ་བཞིན་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་གཙོས་སློབ་ཕྲུག་གཞན་རྣམས་སོགས་ཚང་འཛོམས་གནང་སྟེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༥༩ སྔ་རོལ་གྱི་བོད་དང་བོད་ལ་དུས་འགྱུར་བྱུང་རྗེས་ཀྱི་བརྒྱུད་རིམ། མང་གཙོའི་ལམ་ལུགས་འཕེལ་རིམ། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་བཅས་གནང་བ་དང་ཆབས་ཅིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། དཀའ་ངལ་དུ་མར་གདོང་ལེན་གྱིས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་།  དེ་བཞིན་སྐད་ཡིག་སོགས་འཛིན་སྐྱོང་གནང་ཐུབ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རང་ཉིད་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་བའི་མྱོང་བ་དང་། ༸གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་བ། སྒོས་སྲིད་བྱུས་དེའི་རྐྱེན་གྱིས་བོད་རྒྱ་གཉིས་དབར་གྲོས་མོལ་བྱུང་སྐོར། དེ་བཞིན་རྒྱ་རིགས་འབྲེལ་མཐུད་པའི་ལས་དོན་གྱི་རྒྱབ་ལྗོངས་དང་ལས་དོན་གཉེར་སྐབས་གདོང་ལེན་གནང་དགོས་པའི་གནད་དོན་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག གསུང་བཤད་གྲུབ་མཚམས་སུ་དྲི་བ་དྲིས་ལན་སྐབས་སུ་རྒྱ་རིགས་སློབ་ཕྲུག་ཁག་གཅིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་བོད་མི་ཁག་གཅིག་ནས་དྲག་སྤྱོད་ཀྱི་བྱ་བ་སྤེལ་བར་སྐྱོན་འཛུགས་བྱས་པ་ལྟར། གསུང་བཤད་གནང་མཁན་རྣམ་གཉིས་ནས་དེའི་ཐོག་ལན་འདེབས་གསལ་བཤད་གནང་བ་དང་རྒྱ་གཞུང་གི་དྲག་གནོན་དང་མནར་གཅོད་འོག་རང་ལུས་མེར་བསྲེགས་གནང་བའི་གནད་དོན་གཙོས་པའི་བོད་ནང་ཆོས་དད་རང་དབང་མེད་པ་མ་ཟད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་གཞུང་གིས་ཐེ་བྱུས་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག སྐབས་དེར་རྒྱ་རིགས་སློབ་ཕྲུག་ལ་ལས་རྒྱ་ནག་གཞུང་གི་འགོ་ཁྲིད་འོག་བོད་ནང་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ཡོད་སྐོར་གྱི་གནས་ཚུལ་ཁག་གཅིག་ལུང་འདྲེན་གྱིས་དགག་པ་བྱས་འདུག་པ་དང་། ཡང་ཁག་གཅིག་གིས་བོད་དོན་ཐད་དངོས་ཡོད་གནད་དོན་མང་པོ་ཞིག་ད་ཆ་མཁྱེན་རྟོགས་བྱུང་བར་གསུང་བཤད་གནང་མཁན་གཉིས་ལ་བསྔགས་བརྗོད་ཞུས་འདུག བོད་རྒྱ་སློབ་ཕྲུག་མཛའ་འབྲེལ་མཐུན་ཚོགས་ཆེད་འཛུགས་གནང་རྒྱུར་ཐག་གཅོད་བྱུང་བ་དང་ཆབས་ཅིག ད་རེས་ཀྱི་ལས་རིམ་གཙོ་སྐྱོང་གནང་མཁན་ཀོ་རི་ཡ་ཨ་རིའི་མི་སེར་ཡིན་པ་  Se Hoon Kim ལགས་ཀྱིས་མཐུན་ཚོགས་དེར་འབྲེལ་མཐུད་ཀྱི་ཕྱག་རོགས་གནང་རྒྱུར་ཞལ་བཞེས་གནང་བ་མ་ཟད་ཕྱོགས་གཉིས་ཕན་ཚུན་ངོ་ཤེས་ཡོང་སླད་ཡང་ཡང་ཐུག་འཕྲད་བརྒྱུད་དགོངས་ཚུལ་བརྗེ་ལེན་སོགས་གནང་རྒྱུ་རེད་འདུག

རྒྱ་ནག་གིས་ལོ་ངོ་ ༧༠ ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་རྩ་བ་ནས་བཏང་མེད།

རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་གི་སྲིད་གཞུང་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་སྟོན་སླེབས་ལ་ཉེ་བའི་སྐབས་ཐོག་འདིར་རྒྱ་ནག་གཞུང་གིས་འདས་པའི་མི་ལོ་བདུན་ཅུའི་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་དང་། མི་མང་ལ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་འོག་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་སྐོར་གྱི་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་འདུག དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་སྡེ་ཚན་གྱིས་གཞུང་འབྲེལ་གྱི་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་གྱིས་འདས་པའི་མི་ལོ་བདུན་ཅུའི་རིང་ལ་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་པ་མ་ཟད་རྒྱ་ནག་མི་མང་གིས་མང་གཙོར་ཡོངས་སུ་ལོངས་སྤྱོད་བྱེད་བཞིན་པར་བརྗོད་ཡོད་པར་ཕྱི་ཕྱོགས་ཀྱི་གསར་ཁང་མང་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་ཁང་རྣམས་སྐྱོན་བརྗོད་བྱས་ཏེ་རྒྱ་ནག་གིས་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་བབ་དང་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་བཏང་འཛིན་བྱེད་སྟངས་དང་། རྒྱ་ནག་གི་ཉེན་རྟོག་པས་ཧོང་ཀོང་གི་མི་མང་གི་ངོ་རྒོལ་ལ་རྡུང་རྡེག་བཏང་བ་སོགས་ཀྱི་གནས་ཚུལ་ལ་སྐྱོན་བརྗོད་གནང་འདུག རྒྱ་ནག་གི་འགྲོ་བ་ཐོབ་ཐང་གི་ཡིག་ཆ་དཀར་པོ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་ནག་གིས་དུས་རྒྱུན་ནས་དྲིལ་བསྒྲགས་རང་གི་ཆེད་དུ་ཡིག་ཆ་འདོན་སྤེལ་བྱེད་བཞིན་པ་ཞིག་ལས་རྒྱ་ནག་སྲིད་གཞུང་གིས་རིག་གནས་གསར་བརྗེ་དང་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སོགས་ཀྱི་ཁྲོད་ནས་མི་ས་ཡ་ ༤༠ ཙམ་དམར་གསོད་བཏང་ཡོད་པར་རྒྱལ་སྤྱིའི་ཐོག་གསལ་པོ་ཆགས་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་བཤིག་བཏང་ཡོད་པ་མ་གཏོགས་རྩ་བ་ཉིད་ནས་ཡར་རྒྱས་ཕྱིན་མེད་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གིས་ངག་ནས་བརྗོད་པ་དང་ཡིག་ཐོག་ལ་ཇི་ལྟར་བྲིས་ནའང་རྩ་བའི་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྩ་བ་ཉིད་ནས་ཡར་རྒྱས་ཕྱིན་མེད་པ་མ་ཟད། བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་བཞིན་པ་བཅས་ཕྱོགས་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་བརྗོད་གནང་བ་དང་འབྲེལ། དེ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ པ་ཐོག་རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གནས་བབ་དེ་སྲིད་གཞུང་ཁག་ལ་ཞུ་སྐུལ་བྱས་ཡོད་པ་གསུངས་སོང་། རྩ་བའི་སུད་སིའི་གྲོང་ཁྱེར་ Geneva ནང་ཟླ་འདིའི་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ཐེངས་ ༤༢ པའི་ཁྲོད་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་། དེ་བཞིན་སྐད་ཡིག་རང་དབང་། སྤྱི་འབངས་ཐོབ་ཐང་བཅས་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་དང་། འཛུགས་སྐྲུན་དང་དཔལ་འབྱོར།  ཁོར་ཡུག་དང་མང་ཚོགས་བཅས་ལ་དོ་ཕོག་ཆེན་པོ་དང་གཏོར་སྐྱོན་གཏོང་བཞིན་ཡོད་པ་ཐེར་འདོན་གྱིས་རྒྱ་གཞུང་གིས་བོད་དང་ཡུ་གུར་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་གསུངས་འདུག

ཚེ་རིང་བཀྲ་ཤིས་ལགས་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག

བོད་ལ་སྟོད་དིང་རི་རྫོང་བྲང་རྩེ་གྲོང་ཚོ་ནས་ཡིན་པའི་བོད་མི་ཚེ་རིང་བཀྲ་ཤིས་ལགས་ཟླ་བ་སྔོན་མའི་ཚེས་༢༠ གཡས་གཡོན་དུ་རྒྱ་ནག་གིས་ཁོང་ལ་བརྡ་ལན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་འདུག འདི་ག་རླུང་འཕྲིན་ཁང་དེ་རིང་ཚེ་རིང་བཀྲ་ཤེས་ལགས་ཀྱི་ཕ་ཡུལ་གཅིག་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་པཱ་ལགས་ཀྱི་མཚན་ལ་དབང་འདུས་དང་ཨ་མ་ལགས་ཀྱི་མཚན་ལ་རྣམ་གྲོལ་ཟེར་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་རྒྱ་ནག་གི་ཁང་ལས་གསར་རྒྱག་གི་འཛུགས་སྐྲུན་ལས་གཞིར་ལ་དགག་པ་གནང་སྟེ་སྲིད་གཞུང་གིས་ཁང་པ་གསར་པ་རྒྱག་ན་ངེས་པར་དུ་བོད་ལུགས་ཀྱི་སྲོལ་རྒྱུན་གྱི་ཁང་དབྱིབས་ལ་འགྱུར་བ་གཏང་མི་ཆོག་པ་བརྗོད་ཡོད་པར་བརྟེན་དེ་ནས་བཟུང་སྲིད་གཞུང་གིས་ཁོང་མིག་ལ་རན་གྱི་མེད་ཚུལ་བརྗོད་དེ་རྒྱ་ནག་གིས་ཁོང་ཟླ་བ་སྔོན་མའི་ནང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཡུལ་མི་དང་ནང་མི་རྣམས་ཀྱིས་རྒྱ་ནག་གིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་པ་དང་ས་གནས་གང་དུ་བཙན་ཁྲིད་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ལྟའི་ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། མི་མང་གིས་ཚེ་རིང་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ བར་ལ་གཞིས་ཀ་རྩེ་དང་ལྷ་སར་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཡོད་པར་དོགས་གཞིའི་འོག་ཐེངས་འདིར་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་གི་ཡོད་ཚུལ་གསུངས་སོང་། རྩ་བའི་སྔོན་ཆད་ཀྱང་རྒྱ་ནག་གཞུང་གིས་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་དུ་སྔོག་བཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་ཞིག་ལག་སོན་བྱུང་ཡོད་སྟབས། ཁོང་ཁ་བྲལ་རིང་ལུགས་དང་འབྲེལ་བ་ཡོད་པར་བསྙད་དེ་ཕྱི་ལོ་ ༢༠༡༡ བར་ལོ་གཉིས་ཀྱི་རིང་བཙོན་འཇུག་བྱས་ཡོད་པ་མ་ཟད། བཙོན་གྲོལ་ཐོབ་རྗེས་ཁོང་བཟང་བཙོན་འོག་ཏུ་དོ་དམ་གྱིས་ས་ཕྱོགས་གཞན་དུ་འགྲོ་རུ་བཅུག་མེད་པར་ནང་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་ལ་བུ་ཕྲུག་བཞི་དང་བཟའ་ཟླ། པཱ་ལགས་གཉིས་དང་ཨ་མ་བཅས་ནང་མི་དགུ་ཡོད་པ་རེད་འདུག

   བོད་ཀྱི་སོན་རྩ་ཚོས་བོད་ཀྱི་ཁོར་ཡུག་གི་གནས་བབ་ཤེས་རྟོགས་བྱེད་དགོས།

སུད་ཌེན་རྒྱལ་ཁབ་ཀྱི་རང་ལོ་བཅུ་དྲུག་ཡིན་པའི་ཁོར་ཡུག་གི་ལས་འགུལ་བ་གྲགས་ཅན་བུ་མོ་ Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་འོག་ཁ་སང་རྒྱལ་སྤྱིའི་སློབ་ཕྲུག་ས་ཡ་མང་པོས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་རྒྱ་ཆེ་སྤེལ་བའི་ཁྲོད་བོད་མི་རྣམས་ནས་ཀྱང་རང་ཉིད་ཀྱི་གནས་ཡུལ་ས་གནས་སོ་སོའི་ལས་འགུལ་ནང་མཉམ་ཞུགས་དང་གོ་རྟོགས་ཀྱི་ཟབ་སྦྱོང་གོ་སྒྲིག དེ་བཞིན་བརྙན་པར་དང་བརྙན་ཐོག་སོགས་འདོན་སྤེལ་བརྒྱུད་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་ཛ་དྲག་གི་དཀའ་ངལ་གསལ་འདོན་གནང་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་ཁ་སང་སྐར་མ་གཅིག་ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བ་བརྒྱུད་ནས་བོད་མཐོ་སྒང་གི་ཚ་དྲོད་འཕར་ཚད་དེ་གོ་ལ་སྤྱི་ཡོངས་ལས་ལྡབ་གསུམ་མང་བ་འཕར་བཞིན་ཡོད་སྐོར་གསུངས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གནས་བོད་ནང་གི་ཛ་དྲག་གི་དཀའ་ངལ་དེ་སེལ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག  བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་ཁ་སང་ཉིན་རྒྱབ་ཏུ་དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་བརྒྱུད་བོད་ནང་གི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱི་པར་རིས་འགྲེམས་སྟོན་གནང་སྟེ་སློབ་ཕྲུག་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སོང་། ཟབ་སྦྱོང་ཐོག་ཏུ་དྷ་ཤོད་བོད་ཁྱིམ་གྱི་དབུ་འཛིན་མཆོག་གིས་གཙོས་པའི་ལས་བྱེད་ཡོངས་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔའི་སྐུ་ཚབ། འཛིན་གྲྭ་དྲུག་པ་ནས་བཅུ་པའི་བར་གྱི་སློབ་མ་ཚོ་ཟབ་སྦྱོང་དེར་མཉམ་ཞུགས་ཀྱིས་འཛམ་གླིང་གི་རང་བྱུང་ཁོར་ཡུག་ཉམས་ཉེས་ཀྱི་གློག་བརྙན་སྤྱི་དང་སྒོས་བོད་ནང་རྒྱ་ནག་གིས་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་གྱིས་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། གཙང་ཆུ་ཁ་བསྒྱུར་དང་ཆུ་མཛོད་གསར་རྒྱག་སོགས་ཀྱི་ཤུགས་རྐྱེན་ཇི་ཐེབས་ཀྱི་པར་རིས་འགྲེམས་སྟོན་དང་གཏམ་བཤད་གནང་སོང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྤེན་པ་ལགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བདུན་གཅིག་རིང་གི་ཁོར་ཡུག་གི་ལས་འགུལ་དེ་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་ཀྱི་གཞོན་ནུ་རྣམས་ནི་མ་འོངས་པའི་བོད་ཀྱི་སོན་རྩ་ཡིན་ཞེས་པ་ལྟར་ཆུང་དུས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་སྐོར་ལ་ཤེས་རྟོགས་ཐུབ་པར་འབད་དགོས་གལ་ཡིན་པ་གསུངས་སོང་། དེ་བཞིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་ཚབ་དབང་མོ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་དང་འབྲེལ་ཏེ་བོད་མཐོ་སྒང་ནི་ཨེ་ཤ་ཡིའི་ཁྱིམ་མཚེས་རྒྱལ་ཁབ་ཁག་བརྒྱད་ལྷག་གི་འཚོ་རྟེན་བཅོལ་སའི་ཆུ་བོ་ཀུན་གྱི་འགོ་ཁོངས་ཡིན་སྟབས་ཨེ་ཤ་ཡའི་རྒྱལ་ཁབ་ཀུན་གྱི་སྲོག་རྩ་ཡིན་ཚུལ་དང་། དེ་བཞིན་གངས་རི་ར་བས་ཡོངས་སུ་སྐོར་ཡོད་པའི་ཆ་ནས་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་པའི་འཛམ་གླིང་གི་འཁྱགས་རོམ་གྱི་ས་ཁུལ་དམིགས་བསལ་བ་ཞིག་ཆགས་ཡོད་པ་ངོ་སྤྲོད་གནང་སྟེ་ད་ཆ་རྒྱ་ནག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་བརྒལ་གྱིས་གཏོར་བཅོམ་གཏོང་གི་ཡོད་པའི་པར་རིས་སོགས་ཀྱང་འགྲེམས་སྟོན་གནང་ཡོད། སྐབས་དེར་གཞན་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འཐུས་ཚབ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་གསར་འགོད་པར་ཁ་སང་ནས་བཟུང་བདུན་གཅིག་གི་རིང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སློབ་ཕྲུག་རྣམས་ཀྱིས་འགོ་ཁྲིད་ཐོག་རང་བྱུང་ཁོར་ཡུག་གཅེས་སྲུང་དགོས་པའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་གི་ཡོད་སྟབས་བོད་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ལས་འགུལ་དེ་དང་འབྲེལ་ནས་བོད་ནང་གི་གནས་བབ་སོགས་གླེང་སློང་གནང་བ་བརྒྱུད་ནས་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་དེར་མཉམ་ཞུགས་ཡག་པོ་ཡོང་ཐབས་ལ་དམིགས་ཏེ་ཟབ་སྦྱོང་དེ་གོ་སྒྲིག་གནང་ཡོད་སྐོར་གསུངས་སོང་། རྩ་བའི་ཁ་ས་རེས་གཟའ་པ་སངས་ནས་དབུ་འཛུགས་ཀྱིས་བདུན་གཅིག་རིང་གི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་དེ་ནི་རྒྱལ་སྤྱིའི་ཁོར་ཡུག་གི་ལས་འགུལ་དེ་ནི་ Sweden རྒྱལ་ཁབ་ཀྱི་རང་ལོ་བཅུ་དྲུག་ཡིན་པའི་ཁོར་ཡུག་གི་ལས་འགུལ་བ་གྲགས་ཅན་བུ་མོ་ Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ Friday for future ཞེས་པའི་རེས་གཟའ་པ་སངས་ནི་མ་འོངས་པའི་ཆེད་དུ་ཡིན་པའི་འབོད་ཚིག་གི་འོག་ནས་འགོ་བརྩམས་པ་ཞིག་ཡིན་སྟབས་ཁ་སང་ནས་རྒྱལ་སྤྱིའི་སློབ་ཕྲུག་ས་ཡ་མང་པོས་ཁོར་ཡུག་གི་ལས་འགུལ་འདིར་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་མེག་གྷན་གྱི་བཞི་མདོར་ཡང་རྒྱ་གར་དང་དབྱིན་ཇི་སོགས་གཙོས་པའི་མི་མང་མཉམ་འཛོམས་ཀྱིས་ཁོར་ཡུག་སྲུང་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་བའི་ཁྲོད་དུ་ཡང་བོད་མི་མང་པོས་ཡང་མཉམ་ཞུགས་གནང་བ་མ་ཟད། རྒྱལ་ས་རྒྱ་གར་རྒྱལ་ས་ལྡི་ལི་དང་།  Australia ཨ་རི། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་གང་སར་གནས་སྡོད་བོད་མི་རྣམས་ནས་ས་གནས་སོ་སོའི་ལས་འགུལ་ནང་ཆ་ཤས་བླངས་ཡོད་པ་རེད། དེ་དང་ཕྱོགས་མཚུགས་སུ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ཉིན་མོ་དང་བསྟུན་བོད་ནང་གི་གཙང་ཆུ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་བོད་ཀྱི་ཁོར་ཡུག་གི་གལ་གནད་ཆེ་བའི་རང་བཞིན་དང་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་གསལ་འདོན་གནང་འདུག  

Latest news