Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་རེད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ནས་ཉིན་གཉིས་སོང་མཚམས་སུ་ཨ་རི་གཞུང་ནས་ཡུ་གུར་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུགཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ Department of the Treasury ཞེས་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གཉིས་ཀྱིས་དེ་སྔ་ ༢༠༡༦ ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་དངོས་སུ་ཕྱག་བསྟར་བརྒྱུད་དེ་ཡུ་གུར་གྱི་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁག་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་བཞི་དང་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་བཅས་དངོས་སུ་མིང་མངོན་གསལ་གྱིས་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་དང་ཨ་རིར་འགྲོ་ཆོག་པའི་མཐོང་མཆན་ལ་དམ་དྲག་གནང་རྒྱུ་ཡིན་པ་གསུངས་འདུག མིང་མངོན་གསལ་གནང་བའི་རྒྱ་ནག་གི་དཔོན་རིགས་བཞི་པོ་ནི་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་ཡོད་པ་ད་ལྟ་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Zhu Hailun དེ་བཞིན་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ Wang Mingshan ལས་ཁུངས་དེའི་དམར་ཤོག་དྲུང་ཆེ་ཟུར་པ་ Huo Liujun བཅས་ཡིན་པ་རེད།ཨ་རིའི་ཐག་གཅོད་དེའི་འོག་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་དང་དཔོན་རིགས་བཞི་པོ་རྣམས་ཀྱི་ས་ཁང་དང་། དཔལ་འབྱོར་སོགས་ཨ་རི་ནང་ཡོད་པ་རྣམས་བེད་སྤྱོད་བྱེད་མི་ཆོག་པ་དང་། ཁོང་རྣམ་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་དང་ཚོང་སོགས་ཀྱི་འབྲེལ་བ་ཡོད་པའི་ཨ་རིའི་གཞུང་འབྲེལ་ལས་ཁུངས་དང་གང་ཟག་སྒེར་རྣམས་ནས་ཀྱང་དེ་དག་དང་འབྲེལ་བ་གནང་མི་ཆོག་པ་བཟོས་འདུག།དེ་རྣམས་ཀྱིས་གཙོས་པའི་ནང་མི་ཉེ་འབྲེལ་རྣམས་ཨ་རིར་ཡོང་རྒྱུའི་མཐོང་མཆན་ལ་དམ་དྲག་གནང་གཏན་ཁལེ་འདུག གནད་དོན་དེ་དང་འབྲེལ་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་ཤིང་ཅང་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཐད་ནམ་ཡང་ཁ་ཁུ་སིམ་པོ་བཞུགས་རྒྱུ་མིན་པ་དང་ལྷག་པར་དུ་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཡིས་ད་ལྟ་ཤིན་ཅང་ནང་ཙམ་མ་ཟད་དེ་སྔ་བོད་ནང་དྲག་པོའི་སྲིད་བྱུས་མང་དག་ཅིག་ལག་བསྟར་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་མང་པོ་བཏང་མྱོང་མཁན་ཞིག་རེད་ཅེས་གསུངས་འདུགཨ་རིའི་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Steven Mnuchin ལགས་ནས་ཨ་རིའི་ངོས་ནས་དཔལ་འབྱོར་གྱི་ནུས་ཤུགས་ཡོད་ཚད་ཆེད་འདོན་གྱིས་ཤིན་ཅང་གཙོས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོག་གཏང་མཁན་རྣམས་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག གཞི་རྩའི་ད་རེས་ཨ་རི་གཞུང་ནས་རྒྱ་ནག་གི་དཔོན་རིགས་ཐོག་ཕྱག་བསྟར་གནང་བའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་ཀྱིས་གྲོས་ཚོགས་སུ་འདོན་སྤེལ་གནང་རྗེས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ནང་གྲོས་ཚོགས་སུ་གཏན་འབེབས་དང་། དེ་ནས་ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོད་ནས་ཁྲིམས་སུ་བཅད་པ་ཞིག་ཡིན་པ་དང་། ཁྲིམས་གཞི་དེའི་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཅིག་མིང་མངོན་གསལ་གྱིས་ཉེས་ཆད་བཅད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བཞིན་འདུག

  ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་སྒོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་ ༢༥༠ ཙམ་གྱི་དབར་ལ་གདོང་ཐུག་གི་གནད་དོན་བྱུང་སྟེ་དམག་མི་༡༠༠ ལྷག་ལ་རྨས་སྐྱོན་བྱུང་པའི་གནད་དོན་ཀྱི་རྐྱེན་གྱིས་ད་ཆ་ལ་དྭགས་ཁུལ་གྱི་རྒྱ་དཀར་ནག་གི་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་འདུག དེ་ཡང་ཁ་སང་རྒྱ་གར་དང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་ ༥ ཉིན་བྱུང་བའི་གདོང་ཐུག་གི་གནད་དོན་དེའི་རྐྱེན་གྱིས་ད་ཆ་ལ་དྭགས་གྷལ་ཝན་ལུང་གཤོངས་དང་། ཊེམ་ཆོག་དང་དེ་བཞིན་ Daulat Beg Oldie སོགས་རྩོད་གཞི་ཅན་གྱི་རྒྱ་དཀར་ནག་གི་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཛ་དྲགས་ཏུ་ཕྱིན་ཏེ། རྒྱ་ནག་ཕྱོགས་ནས་ས་ཁུལ་དེ་དག་ཏུ་དམག་མི་ ༢༥༠༠ ལྷག་ཁ་སྣོན་བྱས་པ་མ་ཟད། དམག་མི་སྡོད་སའི་སྡོད་གུར་ ༡༠༠ ལྷག་ཆེད་འཛུགས་དང་དམག་དང་འབྲེལ་བའི་གོ་མཚོན་མང་དག་ཅིག་འབོར་འདྲེན་བྱས་ཡོད་འདུག གནད་དོན་དེའི་ཐད་རྒྱ་གར་བྱང་པྱོགས་ཁུལ་གི་དམག་སྤྱི་ཟུར་པ་ DS Hooda ལགས་ཀྱིས། གྷལ་ཝན་ལུང་གཤོང་དུ་རྒྱ་ནག་དམག་མིས་སིམ་འཛུལ་བྱས་པ་དེ་ནི་ད་རེས་ཐེངས་དང་པོ་ཡིན་སྟབས། གནད་དོན་འདི་ནི་སེམས་འཚབ་བྱ་ཡུལ་ཞིག་རེད་ཅེས་གསུངས་འདུག་པ་མ་ཟད། རྒྱ་གར་གྱི་དམག་ཇུས་ལྷན་ཁང་གི་སྐུ་ཚབ་ Ashok Kantha ལགས་ཀྱིས།  ཐེངས་འདིའི་གདོང་ཐུག་གི་གནད་དོན་དེ་ནི་དེ་སྔར་ལས་ཛ་དྲག་ཏུ་ངོས་འཛིན་ཞུས་པའི་ཐོག་ད་ཆ་ས་ཁུལ་དེ་དག་ཏུ་རྒྱ་གར་གི་དམག་མི་རྣམས་ནས་ལྟ་སྲུང་ནན་པོ་བྱེད་བཞིན་པ་གསུངས་འདུག འོན་ཀྱང་ཁྲིན་ཏོ་རྒྱལ་སྤྱིའི་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་ Long Xingchun གྱི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་Global Times བརྒྱུད། རྒྱ་གར་གཞུང་ནས་གྷལ་ཝན་ལུང་གཤོངས་དེ་རྒྱ་ནག་གི་ས་ཁུལ་ཡིན་པ་ཤེས་བཞིན་དུ་དམག་མི་བཏང་པ་དེ་ནི་རྒྱ་གར་གྱི་ནོར་འཁྲུལ་ཡིན་པ་དང་། གལ་ཏེ་རྒྱ་གར་གྱི་མུ་མཐུད་ཕྱོགས་གཉིས་ཀྱི་ས་མཚམས་ས་ཁུལ་དུ་འཁྲུག་རྐྱེན་བསླངས་བ་ཡིན་ན།  ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་རེད་ཅེས་བརྗོད་འདུག ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེའི་ཁྲོད་ཁ་སང་རྒྱ་ནག་གཞུང་ནས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་རྒྱ་གར་ནང་ཡོད་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག དེ་བཞིན་ཚོང་པ་དང་གནས་མཇལ་སོགས་ལ་ཕེབས་པ་རྣམས་ཕྱིར་རྒྱ་ནག་ལ་ལོག་རྒྱུའི་གནམ་གྲུ་གྲ་སྒྲིག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེ་ཆར་ཐེ་ཝན་གྱི་སྲིད་འཛིན་ལྕམ་  Tsai Ing-wen ལགས་ཀྱི་ལས་ཡུན་གཉིས་པ་དབུ་འཛུགས་ཀྱི་དམ་འབུལ་མཛད་སྒོའི་ཐོག་རྒྱ་གར་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ Meenakshi Lekhi ལགས་དང་ Rahul Kaswan ལགས་གཉིས་དྲ་ཐོག་ནས་མཉམ་ཞུགས་གནང་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་མ་ཞུས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག འོན་ཀྱང་རྒྱ་གྱི་གྲོས་ཚོགས་འཐུས་མི་ Rahul Kaswan ལགས་ནས། ཐེ་ཝན་གྱི་སྲིད་འཛིན་ལ་འཚམས་འདྲི་ཞུས་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བ་མེད་པ་དང་། རྒྱ་ནག་གཞུང་ཚབ་པས་གནད་དོན་དེ་དང་འབྲེལ་བ་བཏངས་སྟེ་གནས་ཚུལ་འཁྱོག་བཤད་བྱེད་ཀྱི་འདུག་ཅེས་ལན་འདེབས་བྱས་འདུག གཞི་རྩའི་ཉེ་བའི་ཆ་ལ་དྭགས་ཁུལ་དུ་ཆགས་པའི་རྒྱ་དཀར་ནག་དབར་གྱི་ས་མཚམས་ཁུལ་ཙམ་མ་ཟད། ཉིན་ཤས་གོང་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆགས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་མཐའ་སྲུང་དམག་མིའི་བར་ལ་འཁྲུག་འཛིང་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོགས་པའི་གནས་སྟངས་བྱུང་ཡོད་པ་རེད།  

  རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་ཁྲོད་ཧོང་ཀོང་གི་ཞི་རྒོལ་བསྐྱར་ལོག་བྱུང་བ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གི་འདི་ལོའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པ་འགོ་འཛུགས་ཀྱིས།   ཚོགས་ཐོག་ཏུ་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་ཡིག་བཏོན་པར་བརྟེན། ཁེ་ཉིན་ཕྱི་ཚེས་ ༢༤ ཉིན་ཧོང་ཀོང་གི་གྲོང་ཁྱེར་ལྟེ་བར་དམངས་གཙོ་དོན་གཉེར་བ་དང་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲིམས་འཆར་དེར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང་། སྐབས་དེར་ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བར་དྲག་རྡུང་བྱས་ཏེ་ལས་འགུལ་བ་༡༨༠ ལྷག་འཛིན་བཟུང་དང་ཁག་ཅིག་ཛ་དྲག་གི་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག ཐེངས་འདིའི་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཆར་དེ་དང་འབྲེལ་ནས། རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ ༢༠༠ ལྷག་གིས་མཉམ་རུབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ནི་ཕྱོགས་ཡོངས་ནས་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་དང་ཁྲིམས་སྒྲིག  ད་དུང་གཞི་རྩའི་ཐོབ་ཐང་སོགས་ལ་རྒོལ་རྡུང་གཏོང་བྱེད་ཅིག་ཡིན་པར་ཡོངས་གྲགས་གནང་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Robert O’brien ལགས་ཀྱིས་ཁྲིམས་ཡིག་དང་འབྲེལ་ནས་ NBC གསར་ཁང་ལ་འགྲེལ་བརྗོད་བྱེད་དོན།  ཐེངས་འདིའི་ཧོང་ཀོང་དང་འབྲེལ་བའི་རྒྱ་ནག་གི་བདེའཇགས་ཀྱི་ཁྲིམས་ཡིག་དེ་ཧོང་ཀོང་རྒྱ་ནག་གི་གི་སྟངས་འཛིན་འོག་སླེབས་ཆེད་བཟོས་པ་ཞིག་རེད། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཚེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Mike Pompeo ཡིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་ཡོད་པར་ངོས་འཛིན་བྱེད་ཐབས་མེད་སྟབས།  ཨ་རིས་རྒྱ་ནག་དང་ཧོང་ཀོང་གཉིས་ལ་བཀག་སྡོམ་བྱེད་སྲིད་པར་བསྒྲགས་འདུག ལོ་ན་ ༣༠ ཡིན་པའི་ཞི་རྒོལ་བ་  Chan ཟེར་བ་ཞིག་གིས།  ལས་འགུལ་གྱི་ཁྲོད་ནས་ཁོང་ཧོང་ཀོང་གི་ཉེན་རྟོག་པའི་འཛིན་བཟུང་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་ནའང་། ཁོང་ད་དུང་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་ཀྱི་ཡོད། དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་མུ་མཐུད་ནས་རྒྱ་ནག་གི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་དང་།  དེ་བཞིན་མིང་བརྗོད་འདོད་མེད་པའི་ལོ་ ༡༦ ཅན་གྱི་སློབ་ཕྲུག་ཅིག་གིས།   རྒྱ་ནག་གིས་ཁྲིམས་འཆར་དེ་གཏན་འབེབས་བྱས་བ་བརྒྱུད་ནས་སྔོན་ཆད་ཞུ་གཏུག་བྱས་པའི་མི་དག་རྗེས་འདེད་གཏོང་ངེས་ཡིན་པ་དང་། སྐབས་དེར་ཉེན་རྟོག་པས་བཀག་འགོག་མི་ཐུབ་པའི་གནས་སྟངས་ཤིག་ཤར་སྲིད་པར་སེམས་འཚབ་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཧོང་ཀོང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ།  ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ཚོགས་ཁག་ཅིག་གིས་ངོ་རྒོལ་བྱས་ཏེ། རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་འཛིན་དེ་འཕྲོ་བརླགས་སུ་གཏོང་གི་འདུག་ཅེས་སྐད་འབོད་བྱས་ཡོད་པ་མ་ཟད།  ངོ་རྒོལ་བ་ཞིག་གིས་རྒྱ་ནག་གིས་མ་འོངས་པར།  ཁྲིམས་འཆར་དེའི་མིང་ཐོག་ནས་དམར་ཤོག་ཚོགས་པའི་འདོད་མོས་ལྟར་མི་མང་འཛིན་བཟུང་དང་བཀག་སྡོམ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཟེར་བ་ཞིག་གཏན་འབེབས་བྱེད་འཆར་དང་བསྟུན་ནས་ཧོང་ཀོང་གི་ནང་དུ་ཡུལ་མི་ས་ཡ་མང་པོས་དུས་གཅིག་ལ་ཞི་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན་གནས་ཚུལ་དེ་རེ་ཞིག་ལྷིང་འཇགས་ཀྱི་ངང་གནས་ཡོད་ནའང་།   ད་ཆ་རྒྱ་ནག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་སླར་ཡང་གནད་དོན་དེ་གླེང་སློང་བྱུང་བ་བརྒྱུད་ནས་ཧོང་ཀོང་གི་ཞི་རྒོལ་ལ་བསྐྱར་ལོག་བྱུང་ཡོད་པ་ཞིག་རེད།    

རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སློབ་མཐར་སོན་ཏེ་ལས་གནས་ལ་ཞུགས་ཡོད་པར་བརྗོད་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིག་དང་བསྟུན། བོད་མིའི་སྒྲིག་འཛུགས་དབུས་པའི་བོད་མི་མང་ཚོགས་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གི་དབུས་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཅིག་གིས་ཡིག་ངག་གཉིས་ཐོག་ནས་ཆུང་སྲིད་རིན་པོ་ཆེའི་གནས་བབ་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ད་ལྟའི་གནས་བབ་གང་ཡིན་མངོན་གསལ་གནང་དགོས་པའི་ནན་སྐུལ་ཤུགས་ཆེར་གནང་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆུང་བྱིས་པའི་དུས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་མ་ཟད། ད་ཆ་ཆུང་སྲིད་རིན་པོ་ཆེ་མཆོག་སློབ་མཐར་སོན་ཏེ་ལས་གནས་ལ་ཞུགས་ཡོད་པར་བརྗོད་འདུག མ་ཟད་ཁོང་གིས་དེ་སྔ་རིན་པོ་ཆེ་མཆོག་ད་ལྟ་ས་གནས་གང་དུ་བཞུགས་ཡོད་མེད་དང་། རིན་པོ་ཆེའི་ནང་མི་རྣམས་ཀྱི་གནས་སྟངས་གང་ཡིན་སོགས་ཀྱི་ཐོག་ལ་གསལ་བཤད་ཅུང་ཙམ་ཡང་མ་བྱས་པར། ཆུང་སྲིད་རིན་པོ་ཆེ་དབུས་པའི་ནང་མི་རྣམས་ཀྱིས་ཕྱི་ཕྱོགས་ནས་སུན་པོ་བཟོས་པར་ཐུགས་མཉེས་པོ་གནང་གི་མི་འདུག་ཅེས་བརྗོད་ཡོད་པ་རེད། རྒྱ་གཞུང་གི་གསལ་བཤད་དེ་བྱས་མ་ཐག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཡོངས་ཁྱབ་སྒྲགས་གཏམ་ཞིན་སྤེལ་ཏེ། རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༣ ནས་ ༣༩ བར་གསལ་བའི་སྨྲ་བརྗོད་སོགས་ཀྱི་ཐོབ་ཐང་ཁག་ཕུལ་བའི་ཐོག རིན་པོ་ཆེའི་ད་ལྟ་གནས་བབ་གང་ཡིན་སོགས་ཀྱི་ཐད་ལ་རིན་པོ་སྐུ་སྒེར་ངོས་ནས་གསལ་བཤད་གནང་་རྒྱུའི་གོ་སྐབས་འབུལ་དགོས་པ་དང་། ལྷག་པར་དུ་ད་ལྟའི་རྒྱ་གཞུང་གི་གསལ་བཤད་དེ་དང་འབྲེལ་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་དཔྱད་ཞིབ་ཚོགས་ཆུང་ལ་རིན་པོ་ཆེ་མཆོག་ད་བར་གར་སོང་ཆ་མེད་ངང་ཞུགས་དགོས་བྱུང་བའི་གནས་སྟངས་ཐོག་ལ་ཞིབ་འཇུག་གནང་དུ་འཇུག་དགོས་པ་གསུངས་འདུག ལྷག་པར་དུ་ལས་འགུལ་ཁང་དེའི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་ད་རེས་རྒྱ་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་གནད་དོན་ཐོག་གསལ་བཤད་བྱས་པ་དེ་གསལ་བཤད་ཡང་དག་པ་ཞིག་མ་རེད་ཅེས་གསུངས་འདུག་པ་མ་ཟད། ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་སྐོར་ཁ་ནས་བཤད་པ་ཙམ་མིན་པར། བདེན་དཔང་དང་སྦྲགས་ཏེ་རྒྱལ་སྤྱིའི་ཐོག་གསལ་བཤད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག རྩ་བའི་ད་རེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཆུང་སྲིད་རིན་པོ་ཆེའི་གནས་བབ་ཐོག་གསལ་བཤད་བྱས་པ་དེའི་ནང་གནས་ཚུལ་གསར་བ་གང་ཡང་མེད་པ་དང་། གསལ་བཤད་དེ་མཚུངས་ཤིག་སྔར་ལོའི་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་བའི་ཐོག་རྟོག་ཞིབ་གནང་མཁན་གྱི་མཁས་བའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ སྐབས།   རྒྱ་ནག་གཞུང་གི་སྐུ་ཚབ་ཀྱི་ངོས་ནས་། ༸པཎ་ཆེན་རིན་པོ་མཆོག་རྒྱུན་ལྡན་གྱི་འཚོ་བར་རོལ་བཞིན་ཡོད་པ་མ་ཟད། གཙུག་ལག་སློབ་མཐར་སོན་ཏེ་ཕྱག་ལས་གནང་གི་ཡོད་ཅེས་བརྗོད་ཡོད་པ་རེད།  

 རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ཁྲོད་དུ་ནང་པའི་སྐུ་བརྙན་ལ་གཏོར་བཅོམ་ཐེབས་རྒྱུར་སེམས་འཚབ།

དེ་རིང་རྒྱ་གར་གྱི་ The Stateman ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་པཱ་ཀི་སཱི་ཐཱན་ནང་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་པའི་ཁྲོད།   ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ནང་པའི་རྡོ་བརྐོས་ཀྱི་སྐུ་བརྙན་མང་པོ་རྩ་གཏོར་ཐེབས་རྒྱུ་ཡིན་པ་མ་ཟད།  ཁུལ་དེར་རྟེན་གཞི་བྱས་པའི་གྲོང་ཚོ་ལྔ་བཅུ་ལྷག་ཅིག་འཕྲལ་དུ་གནས་སྤོར་བྱེད་དགོས་བར་འཁེལ་གྱི་ཡོད་པ་རེད། གསར་ཁང་གིས། པཱ་ཀི་སུ་ཐཱན་སྲིད་གཞུང་གིས་ཟླ་འདིའི་ཚེས་༡༣ ཉིན་རྒྱ་ནག་དང་ལྷན་དུ་ཧིན་སྒོར་ཐེར་འབུམ་ ༤༤༢ ལྷག་གི་གན་ཡིག་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལ་མཚན་རྟགས་བཀོད་ཡོད་པའི་ཁྲོད་དུ།  པཱ་ཀི་སུ་ཐཱན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ Kashmir མངའ་ཁུལ་གྱི་ Baltistan ནང་དུ་ཡང་ཆུ་མཛོད་གསར་རྒྱག་བྱ་རྩིས་ཡོད་པའི་ཁྲོད།   ཁུལ་དེར་སྔ་མོ་ནས་ཡོད་པའི་ནང་པའི་རྡོ་བརྐོས་ཀྱི་སྐུ་བརྙན་ཁག་མང་པོ་གཏོར་བཅོམ་ཐེབས་ངེས་ཡིན་པ་དང་། དེ་བཞིན་ཁུལ་དེའི་དུད་ཁྱིམ་མང་པོ་གནས་སྤོར་བྱེད་དགོས་བར་འཁེལ་གྱི་ཡོད་སྟབས།  ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་བཞག་པའི་གན་ཡིག་དེར་སྡང་སྡུག་སྟོན་བཞིན་པ་མ་ཟད།  ནང་པའི་སྐུ་བརྙན་ལ་གཏོར་བཤིག་ཐེབས་པ་ཡིན་ན།  དེ་ནི་ཆོས་ལུགས་ཤིག་གི་གནད་དོན་ཙམ་ཞིག་མིན་པར།  ཁུལ་དེར་ཡུལ་སྐོར་སྤྲོ་འཁྱམ་པ་ས་ཡ་མང་པོ་འདྲེན་རྒྱུའི་གནའ་ཤུལ་ལ་གཏོར་བཅོམ་ཐེབས་པ་ཞིག་ཡིན་སྐོར་བརྗོད་མཁན་བྱུང་སྟེ། ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་སྐུ་བརྙན་དེ་དག་སྲུང་སྐྱོབ་བྱེད་དགོས་བར་བརྗོད་བཞིན་ཡོད་སྟབས། ད་ཆ་སྲིད་གཞུང་གི་ཐག་གཅོད་དེ་ནི་རྙོག་གླེང་གི་གཞི་རྩ་ཞིག་ཏུ་གྱུར་འདུག དེ་བཞིན་ས་གནས་མང་ཚོགས་ཀྱིས་གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེར་གླེང་བཞིན་པའི་ཁྲོད་དུ། ནང་པའི་རྡོ་བརྐོས་ཀྱི་སྐུ་བརྙན་དེ་དག་ནི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའིི་རྡོ་བཟོ་སྒྱུ་རྩལ་རིགས་ཤིག་ཡིན་ནའང་།་སྲིད་གཞུང་གི་ཁ་ཕྱོགས་མ་ངེས་བའི་འཕེལ་རྒྱས་ཀྱི་འཆར་འགོད་དང་དེང་རབས་ཀྱི་ཚོང་ལས་ཁྲོད་ཀྱི་རི་མོ་གསར་བཟོ། དེ་བཞིན་ས་གནས་ཀྱི་ཡུལ་མིའི་ཁྲོད་ཀྱི་ཁ་ཆེ་མ་དར་བའི་སྔོན་གྱི་ནང་པའི་སྐུ་བརྙན་ལ་སྡང་སྡུག་སྟོན་མཁན་སོགས་ཀྱི་བྱེད་བབ་ཀྱིས་སྒྱུ་རྩལ་རང་བཞིན་ལྡན་པའི་གནའ་ཤུལ་འདི་དག་རྩ་གཏོར་ཐེབས་ངེས་ཡིན་པར་བརྗོད་འདུག ཁུལ་དེར་རྟེན་གཞི་བྱས་པའི་གཤའ་དངོས་རྟོག་དཔྱོད་པ། སྐུ་ཞབས་ Ahmad Hasan Dani ཟེར་བ་ཞིག་གིས།  ཁུལ་དེའི་ནང་པའི་རྡོ་བརྐོས་ཀྱི་སྐུ་བརྙན་དེ་དག་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྩ་ཆེན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས།  སྐུ་བརྙན་དེ་དག་རིགས་བཞིར་དབྱེ་བ་བྱས་ཡོད་པར་ལུང་འདྲེན་གནང་པ་དང་འབྲེལ།  སྔོན་ཆད་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་ཀྱང་། མགོན་པོ་གང་གིས་ལ་དྭགས་ཁུལ་གཙོ་བྱས་པའི་  Indus གཙང་བོའི་རྒྱུད་དུ་ཆགས་པའི་ནང་པའི་གནའ་ཤུལ་རྣམས་ལ་སྲུང་སྐྱོབ་བྱེད་དགོས་བའི་ལམ་སྟོན་གནང་བ་དྲན་གསོ་གནང་འདུག  

ནག་སེལ་གཤེད་བཅོམ་གྱི་ཁ་གཡང་འོག་བོད་མི་རྣམས་བཙོན་འཇུག་བྱེད་བཞིན་པ།

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་བརྒྱུད། བོད་ནང་དུ་ཞི་བའི་སྒོ་ནས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བོད་མི་རྣམས་ལ་དྲགས་གནོན་བྱེད་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༡༨ ལོར་ལས་གཞི་དེ་སྤེལ་འགོ་བཙུགས་པ་ནས་ད་བར་བོད་མི་ ༥༡ ཙམ་ལ་ལོ་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་མྱོས་རྫས་ནག་ཚོང་དང་། ཁྲིམས་འགལ་གྱིས་རྒྱན་རའཇོག་བྱེད་མཁན།  དེ་བཞིན་ནག་ཉེས་གྱི་བྱ་སྤྱོད་གཞན་འགོག་ཆེད་དུ་ཡིན་ཟེར་བས་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་དེ་འགོ་བཙུགས་ཡོད་པ་དེ་ལྟར་ཡང་། བོད་ནང་དུ་ཆ་མཚོན་ན་ཆོས་དད་རང་དབང་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ས་གནས་ཁག་ཏུ་རྒྱ་གཞུང་གི་དཔོན་རིགས་ཀྱི་ལྐོག་རྔན་ལེན་མཁན་རྣམས་ཐེར་འདོན་གནང་སྟེ་ས་གནས་སྲིད་གཞུང་ལ་ཞུ་གཏུགས་བྱེད་མཁན་ལ་ནག་སེལ་གཤེད་བཅོམ་གྱི་ཁྲིམས་གཞི་ལག་བསྟར་་འོག་ནས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་སྐོར་དང་འབྲེལ། བོད་མི་དེ་དག་ལས་ཉུང་མཐར་ ༥༡ ཙམ་ལ་ལོ་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མངོན་གསལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་མང་ནས་བོད་ནང་ཞི་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་ཐོག་ལ། ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་ལག་བསྟར་ཐོག་ནས་བོད་ནང་རྒྱ་ནག་དམར་པོའི་གཞུང་ལ་དགའ་ཞེན་མི་བྱེད་མཁན་རྣམས་་ཉེས་ཅན་པར་ངོས་འཛིན་གྱིས་ནག་ཚོགས་ཁྲིམས་ཆད་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལས་གཞི་དེ་བརྒྱུད་རྒྱ་གཞུང་གི་སྲིད་བྱུས་དང་མི་མཐུན་པའི་བསམ་བློ་ཁྱེར་མཁན་དང་བྱ་སྤྱོད་སྤེལ་མཁན་བོད་མི་རྣམས་ལོགས་སུ་བཀར་ཏེ།  ཉེས་ཅན་པ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེ་མཚམས་འཇོག་གིས་དྲང་བདེན་མ་ཡིན་པའི་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག རྩ་བའི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་འགོ་བཙུགས་ཏེ་ལོ་གསུམ་རིང་སྤེལ་འཆར་ཡོད་པའི་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་དེ་བཞིན་མྱོས་རྫས་ནག་ཚོང་སོགས་ཀྱི་ནག་ཉེས་འགོག་ཐབས་ཆེད་དུ་ཡིན་ཟེར་ཡོད་ཀྱང་། དེ་སྔ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབས་ཚོགས་པའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། བོད་ནང་ལས་གཞི་དེ་ལག་བསྟར་དང་འབྲེལ། བོད་རང་སྐྱོང་ལྗོང་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཁྱབ་བཏང་བའི་ནང་དུ་བོད་ནང་དུ་ལས་གཞི་དེའི་འོག   ཁོར་ཡུག་སྲུང་སྐྱོབ་དང་། སྐད་ཡིག་རང་དབང་། དེ་བཞིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་མང་ཚོགས་ཀྱི་སྐུ་ཚབ་ཡིན་ཟེར་མཁན་ཚོགས་སྒེར་ཚང་མ་ནག་ཚོགས་སུ་ངོས་འཛིན་བྱེད་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་སོགས་ཀྱི་ནང་དུ། ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ། རྒྱ་ནག་དབུས་གཞུང་གི་དཔོན་རིག་ཁག་ཅིག་ལས་གཞི་དེ་ལག་བསྟར་ཇི་ལྟར་བྱས་མིན་ཆེད་རྟོག་ཞིབ་སྐོར་བསྐྱོད་སྐབས། ས་གནས་མགོ་ཁྲིད་རྣམས་ལ་ལས་གཞི་དེའི་ནང་དུ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་ཡང་རྒྱུག་པ་ལེབ་རྡུང་བྱེད་དགོས་སྐོར་བཤད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༡ ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་ཀྱང་འགྲེལ་བརྗོད་གཅིག་མཚུངས་བྱས་ཡོད་པ་སོགས་འཁོད་ཡོད་པ་རེད། དེ་བཞིན་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུའང་ནག་སེལ་གཤེད་བཅོམ་གྱི་ལས་གཞིའི་འོག་བོད་མིར་དམིགས་གསལ་གྱི་དམ་དྲག་གཅིག་མཚུངས་བྱེད་བཞིན་པའི་ཁྲོད། བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲོད་ལ་ལས་གཞི་དེའི་སྐོར་དྲིལ་བསྒྲགས་ཀྱི་ཚོགས་འདུ་འཚོགས་པའི་སྐབས་སུ། དཔེར་ན་ཁམས་སྡེ་དགེ་ནང་དུ་ས་གནས་བོད་མི་སྐྱ་སེར་རྣམས་ལ་མེ་མདའ་ཁྱེར་བའི་དམག་མིས་མཐའ་སྐོར་ཏེ་བཙན་དབང་གིས་མང་ཚོགས་རྣམས་ཚོགས་འདུར་ཞུགས་དུ་བཅུག་ཡོད་པ་ཡོངས་གྲགས་གནང་འདུག དེ་བཞིན་ཉིན་ཤས་སྔོན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་སྤེལ་བའི་ནང་དུ། ཉེ་ཆར་བོད་དིང་རི་དང་གཞིས་ཀ་རྩེ་སོགས་ཀྱི་ས་ཁུལ་ནང་དུ་ནག་སེལ་གཤེད་བཅོམ་ཞེས་པའི་ལས་བཞི་ལག་བསྟར་བྱེད་མུས་ཁྲོད། རྒྱ་གར་དང་བལ་ཡུལ་སོགས་ཕྱིའི་རྒྱལ་ཁབ་ནང་དུ་ནང་མི་ཉེ་འབྲེལ་ཡོད་མཁན་བོད་མིའི་ཁྱིམ་ཚང་ ༤༠༠༠ ནས་ ༥༠༠༠ ཙམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་དང་། རྩ་བའི་ད་བར་ལས་གཞི་དེའི་འོག་བོད་མི་ཁྱོན་ ༤༠༠ ཙམ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཟིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཁྲོད་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་རྒྱལ་ཁབ་ ༢༡༣ ཙམ་གྱི་ནང་ཁྱབ་བརྡལ་ཕྱིན་པའི་འོག་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་གཅིག་དང་སྟོང་ཕྲག་བརྒྱད་ཅུ་ལྷག་རྐྱེན་འདས་སུ་གྱུར་བ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད།དོན་རྐྱེན་འདི་འོག་ད་ལྟའི་ཆར་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡོ་རོབ་མཐུན་ཚོགས། དབྱིན་ཡུལ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་རྒྱ་གཞུང་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གཞུང་ཚོགས་དང་ཉམས་ཞིབ་པ་མང་པོས་ཏོག་དབྱིབས་ནད་དུག་གསར་པ་དེ་རྒྱ་ནག་གིས་ཆེད་བསྐྲུན་བྱས་པ་ཞིག་ཡིན་སྐོར་གསུང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོར་ནས་ཨ་རི་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་རྒྱལ་ཁབ་ནས་ཕྱིར་འཐེན་གནང་རྗེས་ཡོ་རོབ་མཐུན་ཚོགས་ནི་འཛམ་གླིང་ཁྲོད་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ཁྲིམས་ལུགས་དབང་འཛིན་བཅས་ཀྱི་ཐོག་རྒྱ་ནག་ཁ་གཏད་གཅོག་མཁན་གཙོ་བོ་ཆགས་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པ་རེད། ནད་ཡམས་འདིའི་རྐྱེན་པས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་མ་འོངས་པའི་འབྲེལ་ལམ་ལ་ཤུགས་རྐྱེན་དང་བོད་དོན་འཐབ་རྩོད་ལ་རེ་བ་ཞེས་པའི་བརྗོད་གཞི་ཐོག་རླུང་འཕྲིན་ཁང་གིས་སུད་སི་གནས་བཞུགས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐལ་བཟང་རྒྱལ་མཚན་ལགས་དང་དམིགས་བསལ་གླེང་མོལ་ཞུས་ཡོད།

རྒྱ་ནག་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ཐེངས་ ༢༡ པ་དེ་ཁ་སང་འདོན་སྤེལ་གནང་བ་དང་སྦྲགས་ཏེ་རྒྱ་ནག་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་འདུག ད་ལན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོ་ནང་ཆོས་དད་རང་དབང་རྡོག་རོལ་ཐད་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གཅིག་དང་དེ་བཞིན་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་བཅས་སྡེ་ཚན་གཉིས་ལ་འབྱེ་ཡོད་པ་རེད། སྙན་ཐོ་བརྒྱུད་ནས་ཨ་རི་ཕྱི་སྲིད་ལས་ཁུངས་ནས་བྷར་མ་དང་རྒྱ་ནག དེ་བཞིན་ཨི་རན། བྱང་ཀོ་རི་ཡ། ཨུ་རུ་སུ། པ་ཀིས་ཏན། སཱའུ་ཌན་ཨ་ར་བྷི་ཡ་སོགས་ཆོས་དད་རང་དབང་རྡོག་རོལ་ཐད་བྱེ་བྲག་ཏུ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་དང་། དེ་བཞིན་སུ་ཌན་དང་ཊར་ཀི། ཨི་རག ཁུ་བྷ། ཨུཛ་བྷེ་ཀིས་ཏན་སོགས་དམིགས་བསལ་དོ་སྣང་གནང་དགོས་པའི་རྒྱལ་ཁབ་ཀྱི་སྡེ་ཚན་ཁོངས་སུ་མིང་འདོན་དགོས་པ་བརྗོད་འདུག རྒྱལ་ཁབ་དེ་དག་ཁྲོད་རྒྱ་ནག་ལྟ་བུར་མཚོན་ན་འདས་ལོར་རྒྱ་གཞུང་གིས་དེས་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་ལ་གསང་མྱུལ་ལྟ་ཞིབ་དང་ངོ་གདོང་ངོས་འཛིན་གྱི་འཕྲུལ་ཆས་བེད་སྤྱོད་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད་ལྷག་པར་ཟླ་བ་ ༤ ཚེས་ ༡ ཉིན་ཁྲིམས་སྒྲིག་གསར་པ་ལག་བསྟར་འོག་ཆོས་ལུགས་ཀྱི་ལྟེ་གནས་ཁག་ཏུ་ཁྲིམས་ཐོག་ནས་སྐུ་ཚབ་དགོས་པ་སོགས་ཀྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག སྙན་ཐོ་ནང་རྒྱ་གཞུང་ནས་མུ་མཐུད་བོད་མི་ཚོར་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་ལག་བསྟར་ཐད་དམ་དྲག་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་འདེམས་ཕྱོགས་ལ་ཐེ་བྱུས་དང་སྟངས་འཛིན་བྱེད་པ་སྒོས་རྒྱ་གཞུང་གིས་སྲིད་བྱུས་ལ་དང་ལེན་མ་བྱེད་མཁན་གྱི་གྲྭ་བཙུན་ཚོར་དགོན་སྡེ་ནས་ཕྱིར་འབུད་དང་བཙོན་འཇུག་བྱས་ཡོད་པ་སོགས་གསལ་འདོན་བྱས་འདུག ཕྱི་ལོ་ ༢༠༡༩ ལོའི་དབྱར་དུས་སྐབས་ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཀྱི་ཤག་སྟོང་ཕྲག་མང་པོ་གཏོར་བཅོམ་བཏང་བ་དང་༸གོང་ས་མཆོག་གི་སྐུ་པར་ཉར་མཁན་ཚོར་འཛིན་བཟུང་སློབ་ཕྲུག་རྣམས་གུང་སེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་བྱས་པའི་གནས་ཚུལ་སོགས་ཐེར་འདོན་བྱས་འདུགཉེ་བའི་ལོ་ནང་རྒྱ་གཞུང་གིས་ཡེ་ཤུའི་ལྷ་ཁང་བཙན་དབང་གིས་སྒོ་བརྒྱབ་པ་དང་ཆོས་དཔོན་རྣམས་འཛིན་བཟུང་བྱས་པ། དེ་བཞིན་མཆོད་ཁང་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་སོགས་བཞག་དགོས་པ་སོགས་ཀྱི་གནད་དོན་དང་ལྷག་པར་ཧྥ་ལུན་གྷོང་ཉམས་ལེན་བྱེད་མཁན་ཚོར་གང་བྱུང་འཛིན་བཟུང་དང་དེ་བཞིན་ཡུ་གུར་དང་། ཀ་ཛཀ། ཀིར་གྷིཛ་དང་གཞན་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ཙམ་ཞིག་ཤིན་ཅང་གི་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ ༡༣༠༠ ལྷག་ནང་བཀག་ཉར་བྱས་ཡོད་པའི་གནད་དོན་སོགས་ཆེད་འདོན་གནང་འདུག རྒྱ་གཞུང་གིས་ཆོས་ལུགས་རང་དབང་ཐད་རྡོག་རོལ་མུ་མཐུད་གཏོང་བར་བརྟེན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་དེ་བྱེ་བྲག་ཏུ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཁོངས་སུ་བཞག་དགོས་པ་དང་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo དང་། Zhu Hailun སོགས་རྒྱ་གཞུང་གི་དཔོན་རིགས། གཞུང་ཚབ་ལས་ཁང་སོགས་ཨ་རི་ནང་འགྲུལ་བསྐྱོད་སླད་བཀག་སྡོམ་དང་རྒྱ་གཞུང་གིས་མུ་མཐུད་ཆོས་ལུགས་རང་དབང་ཐད་རྡོག་རོལ་གཏང་ཚེ་ཨ་རིའི་གཞུང་གི་ལས་བྱེད་ཚོས་ཨོ་རྩེད་འགྲན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མེད་པ་དང་དེ་འབྲེལ་གྱི་གནད་དོན་ཐད་ཡོངས་གྲགས་སྒོ་ནས་ཐུགས་འཚབ་གནང་དགོས་པ་བརྗོད་འདུགལྷག་པར་དུ་ཨ་རི་གྲོས་ཚོགས་ནས་ Tibetan Policy and Support Act of 2019 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དང་གཞན་ཆོས་ལུགས་རང་དབང་གོང་མཐོར་སླད་ཁྲིམས་འཆར་དེ་དག་དང་དེ་བཞིན་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་འདུག་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་ཟུར་དང་འགན་འཛིན་གྲས་སུ་ཡོད་པ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཉེ་ལམ་རང་དབང་ཁང་པའི་སྙན་ཐོ་ནང་བོད་དེ་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཆེས་ཞན་ཤོས་གཉིས་པའི་ཁོངས་སུ་ཆེད་འདོན་གནང་བ་དང་བོད་ནང་གི་གནས་སྟངས་དེ་བྱང་ཀོ་རི་ཡའི་གནས་སྟངས་ལས་ཆེས་ཞན་པ་ཡོད་པར་ལུང་འདྲེན་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་བྱ་སྤྱོད་ལ་དམ་དྲག་དང་སློབ་ཕྲུག་ཚོར་རང་གི་སྐད་ཡིག་དང་ཆོས་ཕྱོགས་སྐོར་སློབ་ཁྲིད་གནང་རྒྱུར་བཀག་སྡམ་བྱེད་བཞིན་ཡོད་སྟབས་ཨ་རི་སྲིད་གཞུང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ངེས་པར་དུ་ཕྱག་བསྟར་དང་ཨ་རིའི་ནང་བོད་གནས་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པར་འབོད་སྐུལ་ཞུས་གནང་འདུག གཞི་རྩའི་ཤོག་གྲངས་ ༡༠༤ ཡོད་པའི་སྙན་ཐོ་དེའི་ནང་འདས་ལོར་རྒྱལ་ཁབ་ ༢༩ ལྷག་གི་ནང་ཆོས་ལུགས་རང་དབང་རྡོག་རོལ་བཏང་བའི་གནད་དོན་ཞིབ་ཕྲ་འདོན་སྤེལ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་དེ་འབྲེལ་ཨ་རིའི་སྲིད་གཞུང་ལ་གནད་དོན་ཁག་གཅིག་ཀྱང་ཞུ་སྐུལ་གནང་འདུག རང་དབང་ཁང་པའི་སྙན་ཐོ་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་སྙན་ཐོ་ཁག་གི་ནང་མུ་མཐུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་ཤོས་ཁོངས་སུ་ཐོན་གྱི་ཡོད་པསའགྲོ་བ་མིའི་ཐོབ་ཐང་དཔྱད་ཞིབ་པ་ཚོས་དུས་ནས་དུས་སུ་དེ་འབྲེལ་གྱི་གནད་དོན་ཐད་ཐུགས་འཚབ་དང་སྦྲགས་ཏེ་ཞུ་གཏུག་གི་ལས་འགུལ་སོགས་སྤེལ་མུས་ཡིན་པ་རེད།

རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ནས་ཏོག་དབྱིབས་རིམས་ནད་ལ་ཞིབ་འཇུག་བྱ་རྒྱུར་འཇིགས་སྐུལ།

དེ་རིང་ཨ་རིར་རྟེན་གཞི་བྱས་པའི་ Dailywire གསར་ཁང་གིས་གནས་ཚུལ་སྤེལ་བར་ད་ཆ་རྒྱལ་སྤྱིའི་སྒང་དུ་ཨ་རི་དང་ཨོ་གླིང་གི་དབུ་ཁྲིད་པའི་ཐོག་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་པར་བརྟེན་རྒྱ་ནག་གིས་ཨོ་གླིང་གིས་ལས་གཞི་དེ་མཚམས་འཇོག་དགོས་པའི་འཇིགས་སྐུལ་བྱས་ཡོད་པར་འཁོད་འདུག ཨོ་གླིང་ནང་གི་རྒྱ་ནག་གི་གཞུང་ཚབ་པ་ Cheng Jingye ཡིས་ཨོ་གླིང་གི་རྒྱལ་ཁབ་ཀྱིས་ད་དུང་མུ་མཐུད་དུ་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་དེ་མཇུག་བསྐྱངས་བ་ཡིན་ཚེ་དེས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ལམ་སྤྱི་དང་སྒོས་སུ་ཨོ་གླིང་གི་དངོས་ཟོག་ཕྱིར་ཚོང་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་པ་ཨོ་གླིང་གི་ཁུལ་དུ་འགྲོ་རྒྱུ། དེ་བཞིན་རྒྱ་ནག་གི་སློབ་ཕྲུག་མང་པོ་ཨོ་གླིང་དུ་སློབ་སྦྱོང་བྱེད་དུ་གཏོང་རྒྱུ་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པར་བརྗོད་དེ་ཨོ་གླིང་གིས་ཨ་རི་དང་མཉམ་འབྲེལ་གྱིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་འདུག རྒྱ་ནག་གིས་ཨོ་གླིང་ལ་འཇིགས་སྐུལ་བྱེད་བཞིན་པའི་དུས་སྐབས་འདིར་ Sky News ཞེས་པའི་གསར་ཁང་གིས་ཨོ་གླིང་གི་ཆབ་སྲིད་པ་མང་པོས་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་རིམས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་བཞིན་གསར་ཁང་གིས་ Financial Review ཞེས་པའི་དཔལ་འབྱོར་བསྐྱར་ཞིབ་ཁང་གིས་ཨོ་གླིང་ནང་གི་རྒྱ་ནག་གི་སྐུ་ཚབ་ལ་བཅར་འདྲི་བྱས་པར་ཁོས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་ཕྱིར་བསྒྲགས་དེ་ཕྱོགས་ཡོངས་ནས་ཆ་ཚང་བ་ཞིག་མིན་པར་ཁས་ལེན་གྱིས་ཨོ་གླིང་གིས་རྒྱལ་སྤྱིའི་སྒང་ནས་རིམས་ནད་འདིའི་འབྱུང་ཁུངས་ལ་ཞིབ་འཇུག་དགོས་པའི་ལས་གཞི་དེ་ནི་རྒྱ་ནག་ལ་སྡང་སེམས་ཆེ་བའི་ཨ་རིའི་མི་ཁག་ཧཅིག་གིས་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་ལས་འགུལ་དེ་ནི་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཤིག་ཡིན་པར་བརྗོད་འདུག གཞན་ཡངཨོ་གླིང་ལས་གཞི་དེས་རྒྱ་ནག་གི་མི་སེར་མང་པོ་ཞིག་ལ་དངངས་འཚབ་དང་བློ་ཕམ་ཆེན་པོ་སྐྲུན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་པ་དང་སྦྲགས། ཨོ་གླིང་གིས་ད་དུང་ལས་གཞི་དེ་མུ་མཐུད་དུ་མཇུག་སྐྱོང་གནང་བྱས་པ་ཡིན་ན་རྒྱ་ནག་གི་མི་སེར་རྣམས་ཀྱིས་རྗེས་སུ་ཨོ་གླིང་ལ་སྤྲོ་འཁྱམ་དུ་འགྲོ་རྒྱུར་དོ་ཕོག་འགྲོ་ངེས་ཡིན་པར་བརྗོད་པ་མ་ཟད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པར་བརྗོད་འདུག གསར་འགོད་པས་གཞི་རྩའི་ཨ་རིའི་སྲིད་འཛིན་གྱི་འཛིན་སྐྱོང་གིས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་ཀྱང་། རྒྱ་ནག་གི་གནོད་ཤུགས་འོག་ཡོ་རོབ་རྒྱལ་ཁབ་རྣམས་ཀྱིས་ཐད་ཀར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གླེང་གཞི་དེར་མངོན་གསལ་དོད་པོའི་ཐོག་ནས་གླེང་མོལ་གནང་ཐུབ་ཀྱི་མེད་པར་ཡོངས་གྲགས་གནང་སྟེ་རྒྱ་ནག་གིས་རྒྱལ་ནང་གི་སྨན་པ་དང་གསར་འགོད་པ་རྣམས་ཀྱི་ཁ་འགོག་ཐབས་སུ་ཏོག་དབྱིབས་རིམས་ནད་དེ་དང་ཐོག་ཨ་རིའི་དམག་མི་ལས་བྱུང་བར་བརྗོད་པ་དང་དེ་བཞིན་རིམས་ནད་ཀྱི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ཕྱིར་བསྒྲགས་ལ་གསང་རྒྱ་བྱེད་བཞིན་པ། གཞན་ཡང་རྒྱ་ནག་གི་ནང་དུ་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པ་ཡོངས་གྲངས་གནང་འདུག

Latest news