Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

Leica ཞེས་པའི་པར་ཆས་བཟོ་ལས་ཁང་གི་དྭངས་ཤེལ་ཁྱབ་བརྡ་རྒྱ་ནག་ཏུ་བཀག་སྡོམ།

ཁ་སང་ BBC གཙོ་གྱུར་རྒྱལ་སྤྱིའི་གསར་ཁང་ཁག་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཡོ་རོབ་ Germany པར་ཆས་བཟོ་ལས་ཁང་ Leica ཞེས་པས་བཟོ་སྐྲུན་ཞུས་པའི་པར་ཆས་ཀྱི་དྭངས་ཤེལ་གསར་པ་ཞིག་གི་ཁྱབ་བསྒྲགས་ནང་ལ་ཚོར་བ་རྣོ་བའི་རྒྱ་ནག་གི་པར་རིས་སྤྱོད་པ་དང་འབྲེལ་རྒྱ་རིགས་མང་ཚོགས་ནས་བརྡ་ཁྱབ་དེར་སྐྱོན་བརྗོད་དང་རྒྱ་ནག་ནང་དུ་བཀག་སྡོམ་བྱེད་བཞིན་ཡོད་པ་བཀོད་འདུགLeica པར་ཆས་བཟོ་ལས་ཁང་གི་དྭངས་ཤེལ་གསར་པའི་ཁྱབ་བསྒྲགས་ནང་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སྐབས་སུ་རྒྱ་ནག་གི་དྲག་པོའི་མེ་སྒྱོགས་མདུན་དུ་ངོ་རྒོལ་གནང་མཁན་ Tank Man ཞེས་པའི་པར་དང་། སྐབས་དེར་རྒྱ་ནག་གིས་ཕྱིའི་གསར་འགོད་པར་དམ་དྲག་བྱས་པའི་གནས་སྟངས་སོགས་ཆེད་བཏོན་གནང་ཡོད་སྟབས། ད་ལྟའི་ཆར་དྭགས་ཤེལ་གྱི་ཁྱབ་བསྒྲགས་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ Weibo གཙོས་པའི་དྲྭ་ཐོག་གི་བརྒྱུད་ལམ་ཁག་ཏུ་བཀག་སྡོམ་བྱས་པ་དང་འབྲེལ་ཏེ་ Leica པར་ཆས་བཟོ་ལས་ཁང་གི་བརྡ་ཁྱབ་དེ་ནི་དྲྭ་རྒྱའི་སྒྲིག་སྲོལ་དང་མི་མཐུན་པའི་ཁྲིམས་འགལ་ཞིག་ཡིན་པར་བརྗོད་འདུགརྒྱ་རིགས་ཚོས་ Weibo དྲྭ་གནས་ཐོག་རྒྱ་ནག་མི་སེར་ཚོས་ Leica པར་ཆས་བཟོ་ལས་ཁང་གིས་པར་ཆས་དེ་སྤྱོད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། Leica པར་ཆས་བཟོ་ལས་ཁང་དང་རྒྱ་ནག་གི་ལག་ཐོགས་ཁ་པར་བཟོ་ལས་ཁང་ Huawei དབར་གྱི་ཚོང་འབྲེལ་མཚམས་གཞོག་དགོས་ཞེས་མི་འདོད་པའི་རྣམ་པ་མཚོན་པའི་མཆན་འགྲེལ་ ༤༠༠༠ ལྷག་ཆེད་བཀོད་བྱས་འདུགརྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ་དེ་དག་དང་འབྲེལ་ Leica པར་ཆས་བཟོ་ལས་ཁང་གི་མགྲིན་ཚབ་པས་ཁྱབ་བསྒྲགས་གསར་པ་དེར་ Leica པར་ཆས་བཟོ་ལས་ཁང་གི་ཚོང་རྟགས་འཁོད་མེད་པར་འགྲེལ་བརྗོད་དང་འབྲེལ་ཁྱབ་བསྒྲགས་དེ་དང་ཚོང་ལས་ཁང་དབར་འབྲེལ་བ་མེད་སྐོར་གསུངས་འདུག འོན་ཏང་ད་རེས་ཀྱི་ཁྱབ་བསྒྲགས་གསར་པ་འདི་བཟོ་མཁན་ F/Nazca Saatchi & Saatchi ལགས་ཀྱིས་དེ་སྔ་ཡང་ Leica པར་ཆས་བཟོ་ལས་ཁང་གི་ངོས་ནས་བརྙན་ཐུང་ཁྱབ་བསྒྲགས་མང་པོ་བཟོ་མྱོང་ཡོད་པ་མ་ཟད། ཁོང་ནས་བཟོས་པའི་ཁྱབ་བསྒྲགས་མང་པོ་ཞིག་ལ་རྒྱལ་སྤྱིའི་ཁྲོད་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད།ད་རེས་ཁོང་གི་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་གཞི་རྩར་བཞག་པའི་ཐོག་ནས་སྐར་མ་ལྔ་ཅན་གྱི་ཁྱབ་བསྒྲགས་བརྙན་ཐུང་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་དང་། ལྷག་པར་དུ་དེ་སྔ་རྒྱ་ནག་གི་གནམ་སྡེ་སྒོར་མོ་ཆེའི་ལས་འགུལ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Zhou Fengsuo ལགས་ཀྱིས་དྭངས་སེལ་གྱི་བརྡ་ཁྱབ་གསར་པ་འདིས་ལོ་ངོ་ ༣༠ གོང་གི་རྒྱ་རིགས་ལས་འགུལ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད་ཅེས་དགའ་བསུ་ཞུས་པ་དང་ཆབས་ཅིག ཁྱབ་བརྡ་དེའི་རྐྱེན་པས་རྒྱ་ནག་གི་ Leica པར་ཆས་བཟོ་ལས་ཁང་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་རིགས་སྤྲད་རྒྱུ་ཡིན་སྟབས། རྒྱལ་སྤྱིའི་ཚོང་ལས་ཁང་རྣམས་ནས་ Leica པར་ཆས་བཟོ་ལས་ཁང་ལ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་གསུངས་འདུག

བོད་མི་སྤྱི་ཚོགས་དཔྱད་བརྗོད་པ་བསོད་ནམས་ལྷུན་འགྲུབ་ལགས་འཛིན་བཟུང་བྱས་འདུག

ཉེ་སྔོན་ནས་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོའི་སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཀྱིས་བོད་རིགས་སློབ་མ་དག་སློབ་མཐར་སོན་ཡང་བོད་ཁུལ་ནས་ལས་ཀ་རག་གི་མེད་པའི་རྩོམ་ཡིག་ཅིག་སྤེལ་རྐྱེན་རྒྱ་ནག་སྲིད་གཞུང་གིས་ཁོང་འཕྲལ་དུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་བརྡལ་བྱུང་ཡོད་པ་ལྟར། རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་བསོད་ནམས་ལྷུན་འགྲུབ་ལགས་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སེམས་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་གནང་བཞིན་པའི་སློབ་མ་ཞིག་ཡིན་པ་དང་། ཁོང་གི་དངོས་ཡོད་གནས་ཚུལ་གྱི་བོད་རིགས་སློབ་མའི་བྱ་བའི་ལས་བགོས་དང་འབྲེལ་ནས་རྩོམ་ཡིག་ཅིག་བྲིས་པར་བརྟེན་སྲིད་གཞུང་གིས་འཛིན་བཟུང་བྱས་ཡོད་པར་ངོ་སྤྲོད་གནང་སོང་།ཁོང་གིས་བོད་རིགས་སློབ་མ་རྣམས་ལ་སྲིད་གཞུང་གིས་བྱ་བ་བགོ་ཡི་མེད་པའི་རྒྱབ་ལྗོངས་ནི་ཕྱི་ལོ་ ༢༠༡༡ ནས་བཟུང་གཏན་འབེབབ་དང་ལག་བསྟར་བྱེད་བཞིན་པའི་ནུབ་རྒྱུད་འཆར་གཞིའི་རྣམ་གྲགས་ཟེར་བར་ཐུག་ཡོད་པ་དང་། སྲིད་བྱུས་དེ་བརྒྱུད་ནས་རྒྱ་རིགས་སློབ་མ་མང་པོ་བོད་ཁུལ་དུ་ཉམས་གསོག་ལ་བཏང་ནས་བོད་ཁུལ་དུ་སོ་ཉུལ་གྱི་ལས་ཀ་བྱེད་བཞིན་པ་དང་མཉམ་དུ་བོད་རིགས་གཞོན་སྐྱེས་མང་པོ་དམར་ཤོག་གཞུང་གི་ནང་དུ་འཛུལ་ཞུགས་བྱེད་རྒྱུའི་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན་སྟབས་བོད་རིགས་སློབ་མ་ཚོ་རང་གི་ས་གནས་སུ་ལས་བགོ་བྱེད་ཀྱི་མེད་པར་འགྲེལ་བརྗོད་གནང་ཡོད། རྒྱ་ནག་གི་བོད་ཁུལ་ལ་འཚོ་བ་དང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་པའི་དྲིལ་བསྒྲགས་མང་པོ་བྱེད་བཞིན་ཡོད་ཀྱང་དོན་དངོས་ཐོག་ལ་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་གཅིག་ཀྱང་མེད་སྟབས་སྤྱི་ཡོངས་ཀྱི་བོད་རིགས་སློབ་མ་རྣམས་ལ་རང་གི་ས་གནས་སུ་ལས་ཀ་རག་ཐབས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་ཁྲིམས་ལུགས་དེ་དག་གཙོ་བོ་བོད་པ་དང་ནང་པ་ཚོར་སྡུག་སྦྱོང་གཏོང་ཕྱིར་བཟོས་པ་རེད་ཅེས་གྲོས་ཆོད་བཞག་པ།  

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་གྲོང་ཁྱེར་ Strasbourg ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ལས་དོན་ཁག་གཅིག་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༨ ཉིན་གྲོས་ཚོགས་འཐུས་མི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་དྲག་པོའི་སྲིད་བྱུས་ལག་བསྟར་བརྒྱུད་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པར་གྲོས་བསྡུར་ལྷུག་པོ་གནང་སྟེ་རྒྱ་ནག་གྱི་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་ཕྱོག་སོགས་དང་འབྲེལ་གྲོས་ཆོས་དོན་ཚན་ ༢༢ བཞག་འདུག གྲོས་ཆོད་དེ་དག་ཀྱང་སྐབས་དེར་བཅར་བའི་ངོ་ཡོད་འཐུས་མི་ ༥༧༠ ནས་ ༥༠༥ ཡིས་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། དེའི་ནང་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་ཡིུ་གུར། Kazakhs དེ་བཞིན་ཡི་ཤུའི་ཆོས་དད་པ་སོགས་གྲངས་ཉུང་མི་རིགས་ཐོག་དམ་དྲག་ཚོད་འཛིན་བྱེད་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དོན་ཚན་ ༣༦ ནང་མི་སེར་ཚོར་ཆོས་དད་དང་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུའི་ཐོབ་ཐང་དང་རང་དབང་ཡོད་ཅེས་འཁོད་པ་དེར་བརྩི་སྲུང་བྱས་ནས་གྲངས་ཉུང་མི་རིགས་ཚོར་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སྐད་ཡིག་རྒྱུན་སྤྱོད་གནང་རྒྱུ་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྤྲོད་དགོས་པ་གསུངས་འདུག ལྷག་པར་དུ་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོས་དེའི་ནང་ཕྱི་ལོ་ ༢༠༠༨ རྗེས་སུ་རྒྱ་ནག་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་བ་མ་ཟད། འདས་པའི་ལོ་དུས་ནང་རྒྱ་གཞུང་ནས་རང་ཉིད་ཀྱི་འདོད་མོས་ལྟར་བཟོས་པའི་ཁྲིམས་ལུགས་གསར་པ་དེ་དག་བེད་སྤྱོད་བརྒྱུད་བོད་པའི་གཞི་རིམ་མང་ཚོགས་དང་། གྲྭ་བཙུན་རྣམས་ལ་ནང་ཆོས་གཙོས་པའི་རིག་གནས་ཐོག་སློབ་གཉེར་གནང་སྐབས་ཁ་བྲལ་བར་ངོས་འཛིན་གྱིས་ནག་ཉེས་འོག་འཛིན་བཟུང་བྱེད་མུས་ཡིན་པར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་དེ་དག་གཙོ་བོ་བོད་པ་དང་ནང་པ་ཚོར་སྡུག་སྦྱོང་གཏོང་ཕྱིར་བཟོས་པ་ཞིག་རེད་འདུག་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད། ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཆབ་སྲིད་སློབ་གསོ་སྤེལ་བ་དང་། མང་ཚོགས་ཀྱི་ཆོས་ཕྱོགས་ལས་དོན་ལ་ཐེས་བྱུས་བྱས་པ། བོད་ནང་གི་འབྲོག་པ་རྣམས་འདོད་པ་མེད་བཞིན་དུ་གཞིས་སྤོས་བྱས་པ་སོགས་ཀྱི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ད་ལྟ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་། ཞི་རྒོལ་བ་གྲྭ་བློ་བཟང་དར་རྒྱས་ལགས་ཀྱིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་འདུག ཐེངས་འདིའི་གྲོས་ཆོས་གཏན་འབེབས་ཁྲོད་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་པ། རྒྱལ་སྤྱིའི་མི་སེར་རྣམས་རང་དབང་གི་ཐོག་ནས་བོད་ནང་འགྲོ་སྐྱོད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་ནན་སྐུལ་གནང་འདུག ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ཀྱིས་གྲོས་ཚོགས་རྗེས་མའི་སྐབས་སུ་ཡང་ཡོ་རོབ་གྲོས་ཚོགས་ནང་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཡོང་བར་རེ་བ་ཡོད་ཅེས་གསུངས་འདུག་པ་དང་ཆབས་ཅིག་ཏུ་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Nathalie Griesbeck  ལགས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གླེང་སློང་གནང་དང་མི་གནང་གི་གདམ་ཀ་གནང་རྒྱུ་ཞིག་མིན་པར་ཡོ་རོབ་རྒྱལ་ཁབ་ཀྱི་འཐུས་མི་ཚོའི་དོར་ཐབས་མེད་པའི་འོས་འགན་ཞིག་རེད་ཅེས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ Vincent Metten ལགས་ནས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འདིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ཁྲིམས་མཐུན་མིན་པར་མངོན་གསལ་གནང་ཡོད་པ་མ་ཟད། ཡོ་རོབ་མང་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེན་པོར་བརྩི་བཞིན་པའི་རྣམ་པ་ཤུགས་ཆེར་བསྟན་ཐུབ་ཡོད་ཅེས་གྲོས་ཆོད་དེར་དགའ་བསུ་གནང་འདུག

སྐུ་ཞབས་ Jim McGovern ལགས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོར་བསྐོ་གཞག

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་སོགས་ཀྱི་ཐད་ལ་བསྟུད་མར་གླེང་སློང་དང་སྦྲགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཨ་རིའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོར་བསྐོ་གཞག་གནང་འདུགསྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་ཚོགས་གཙོ་སྦྲེལ་པོས་དབུས་པའི་ཚོགས་མི་རྣམ་པ་གསར་འདེམས་ཀྱི་ལས་གཞི་ཁག་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཨ་རིའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོར་བསྐོ་གཞག་བྱུང་བ་ཡོངས་བསྒྲགས་གནང་ཡོད་པ་རེད།སྐབས་དེར་སྐུ་ཞབས་ Jim McGovern ལགས་ནས་ཚོགས་ཆུང་དེའི་ཚོགས་གཙོའི་འགན་ཁུར་དང་བཞེས་དང་སྦྲགས། ཨ་རིའི་ངོས་ནས་ཕྱི་འབྲེལ་གྱི་སྲིད་བྱུས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེ་ཤོས་ཤིག་ཏུ་ངོས་བཞེས་ཀྱིས་རྒྱལ་སྤྱིའི་མང་ཚོགས་རྣམས་ལ་ཨ་རི་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་རང་ཉིད་ཀྱི་རིག་གཞུང་གཅེས་འཛིན་དང་ཆོས་དད་ཀྱི་རང་དབང་། སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་སོགས་སྲུང་སྐྱོང་ཞུ་སླད་དུས་རྟག་ཏུ་རྒྱབ་སྐྱོར་གྱི་གྲ་སྒྲིག་ཨང་སར་ཡོད་པའི་ཡིད་ཆེས་བསྐྲུན་ཐུབ་དགོས་གནད་ཡིན་པ་གསུངས་འདུགཁོང་གིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་། བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་གྱིས་ཆབ་སྲིད་སློབ་གསོ་སྤེལ་བཞིན་པའི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རང་ཉིད་ཀྱི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལྟ་སྤྱོད་སྤེལ་བཞིན་པའི་གནས་སྟངས་སོགས་ལ་ཨ་རིའི་ངོས་ནས་མཐོང་བཞིན་དུ་མིག་ལོང་བ་ལྟ་བུ་བྱས་ནས་བཞུགས་ན་འགྲིག་ཐབས་མེད་སྐོར་གསུངས་པ་དང་ཆབས་ཅིག ཁོང་གིས་ཚོགས་གཙོའི་ལས་ཡུན་འདིའི་རིང་ལ་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ཚོ་དང་ལྷན་དུ་རྒྱ་ནག་དེ་རང་ཉིད་སོ་སོའི་བྱ་སྤྱོད་ཐོག་ལ་འགན་ཁུར་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་ནན་པོ་གསུངས་ཡོད་པ་རེད།དེ་བཞིན་སྐབས་དེར་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་ནས་ཀྱང་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱ་རིགས་གཙོ་གྱུར་བོད་མི་དང་། ཡུ་གུར་བ། དེ་བཞིན་ཁྲིམས་རྩོད་པ་དང་གསར་འགོད་པ་སོགས་ཀྱི་རང་དབང་སྲུང་སྐྱོབ་ཐད་མུ་མཐུད་ཤུགས་སྣོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྩ་བའི་ཨ་རིའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་དེ་རྒྱ་ནག་གཞུང་གི་ལས་དོན་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁག་དང་མཐུན་པ་གནང་གི་ཡོད་མེད་དང་། ལྷག་པར་དུ་རྒྱ་ནག་དེ་ཁྲིམས་ཀྱི་དབང་སྒྱུར་ལྡན་པའི་རྒྱལ་ཁབ་ཅིག་ཆགས་རྒྱུ་སོགས་ལ་དམིགས་ཏེ་ཕྱི་ལོ་ ༢༠༠༠ ལོར་ཨ་རིའི་གྲོས་ཚོགས་སུ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་དེས་ལོ་ལྟར་ཡུལ་དེའི་གྲོས་ཚོགས་སུ་རྒྱ་ནག་དང་འབྲེལ་བའི་ཉན་ཞིབ་ཀྱི་ལས་རིམ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐོག་ལ་ལོ་འཁོར་སྙན་ཐོ་སོགས་འདོན་སྤེལ་གནང་གི་ཡོད་པ་རེད། ད་རེས་ཚོགས་ཆུང་གི་ཚོགས་གཙོར་བསྐོ་གཞག་བྱུང་བ་སྐུ་ཞབས་ Jim McGovern ལགས་ནི་དེ་སྔ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ཐོག་ཕྱག་ལས་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་ཡོད་པ་དང་། ཁོང་ནས་ཕྱི་ལོ་ ༢༠༠༥ ལོར་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་ལྷན་དུ་བོད་ནང་འཚམས་གཟིགས་ལ་ཕེབས་མཁན་ཨ་རིའི་གྲོས་ཚོགས་འཐུས་མིའི་རུ་ཁག་ནང་ལྷན་ཞུགས་གནང་ཡོད་པ་མ་ཟད། རྒྱུན་དུ་ཨ་རིའི་གྲོས་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའོ་བོད་པའི་ཆབ་སྲིད་བཙོན་པ་གློད་བཀྲོལ་ཡོང་ཐབས་སུ་ཕྱག་ལས་གནང་མཁན་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད་༸གོང་ས་མཆོག་ལ་ཆེས་དད་གུས་དང་ཡིད་སྨོན་ཞུ་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད།

རྒྱ་ནག་ནང་ཚད་མཐོའི་འཕྲུལ་ཆས་སྤྱོད་ཐོག་གསར་འགོད་པར་དམ་དྲག་སྔར་ལྷག་བྱེད་བཞིན་པ་ཐེར་འདོན།

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འཛམ་གླིང་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་འདི་ལོའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དེང་སྐབས་རྒྱ་ནག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག དེང་དུས་ཀྱི་ཚད་མཐོའི་འཕྲུལ་ཆས་སྤྱོད་པའི་ཐོག་ནས་གསར་འགྱུར་དང་གསར་འགོད་པར་དམ་དྲག་ནན་པོ་བྱས་པ་མ་ཟད། མང་ཚོགས་ཐོག་ལྟ་སྲུང་སོགས་སྔར་ལྷག་བྱས་ནས་རྒྱལ་སྤྱིའི་ཁྱོན་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོད་པའི་བརྒྱུད་ལམ་གྱི་འགྲོ་ལུགས་སྤེལ་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག ཉེ་ཆར་ Reporters Without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འཛམ་གླིང་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་སྟངས་ལ་རྟོག་ཞིབ་གནང་བ་ལས་སྤྱིར་འཛམ་གླིང་སྤྱི་ཡོངས་ནང་གསར་འགོད་པར་དོགས་ཟོན་གྱི་གནས་སྟངས་ཁྲོད་གསར་འགོད་པའི་ཐོག་ལ་འཚེ་བ་བྱེད་བཞིན་པའི་གནད་དོན་འབྱུང་བཞིན་པའི་འཇིགས་སྣང་གི་གནས་སྟངས་ཆགས་ཡོད་པ་དང། གསར་འགོད་པ་རྣམས་འཇིགས་སྣང་མེད་པའི་ཐོག་ནས་རང་དབང་ངང་ཕྱག་ལས་གནང་ཐུབ་ཡུལ་རྒྱལ་ཁབ་ཀྱི་གྲངས་ཐོ་ལོ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། དེ་བཞིན་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་འཛིན་རྣམས་ནས་གསར་འགོད་ལས་རིགས་ཐོག་དམ་དྲག་དང་ལྟ་སྲུང་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག སྙན་ཐོ་དེར་གཞིགས་ན་སྤྱིར་འཛམ་གླིང་རྒྱལ་ཁབ་ ༡༨༠ ཁོངས་ནས་ Norway དང་ Finland དེ་བཞིན་ Sweden དང་ Netherlands སོགས་ལ་གསར་འགོད་རང་དབང་གི་གནས་སྟངས་ཡག་པོ་ཡོད་པའི་རྒྱལ་ཁབ་བརྒྱ་ཆ་ ༨ ལས་མེད་པ་དང་རྒྱལ་ཁབ་བརྒྱ་ཆ་ ༡༦ ནང་དུ་གནས་སྟངས་འདོད་བློ་ཚིམ་ཙམ་ཡོད་པ། རྒྱལ་ཁབ་བརྒྱ་ཆ་ ༣༧ ནང་དུ་གནས་སྟངས་ཕྲན་བུ་དཀའ་ངལ་ཡོད་པ། དེ་བཞིན་རྒྱལ་ཁབ་བརྒྱ་ཆ་ ༢༩ ནང་དུ་གནས་སྟངས་དཀའ་ངལ་ཡོད་པ་མ་ཟད་ལྷག་དོན་རྒྱ་ནག་དང་བྱང་ཀོ་རི་ཡ། དེ་བཞིན་ Turkmenistan དང་ Etirea སོགས་རྒྱལ་ཁབ་བརྒྱ་ ༡༡ ནང་དུ་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་ཐེར་འདོན་གནང་འདུག དེའི་ཁྲོད་རྒྱ་ནག་ནང་དེང་དུས་འཕྲུལ་ཆས་བེད་སྤྱོད་ཤུགས་ཆེ་བཏང་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་གནས་ཚུལ་དང་གསར་འགོད་པར་དམ་དྲག་དང་མི་སེར་རྣམས་ལ་ལྟ་སྲུང་ནན་པོ་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་བསྐྲུན་ཡོད་པ་མ་ཟད། ཁོ་པས་ New World Media Order ཞེས་འཛམ་གླིང་ཁྲོད་རྒྱ་ནག་གི་ཤུགས་རྐྱེན་ལྡན་པའི་དམ་དྲག་གི་ལམ་ལུགས་དེ་དར་སྤེལ་བྱེད་བཞིན་ཡོད་པ་ཆེས་མངོན་གསལ་གནང་ཡོད། རྒྱ་ནག་ནང་གི་གཞུང་སྒེར་བརྒྱུད་ལམ་ཆ་ཚང་རྒྱ་ནག་དམར་ཤོག་ཚོགས་པས་བཏང་འཛིན་ནན་པོ་བྱས་ནས་བཞག་ཡོད་པ་དང། རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྔར་ལྷག་བཟོ་བཞིན་པའི་ཁྲོད་ད་ལྟའི་ཆར་གསར་འགོད་པ་ ༦༠ ལྷག་བཀག་ཉར་འོག་ཏུ་སྲོག་ཉེན་འཕྲད་མུས་ཡིན་པ་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དང་དེ་བཞིན་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྩོམ་པ་པོ་ Yang Tongyan ལགས་གཉིས་ཕྱི་ལོ་ ༢༠༡༧ ལོར་བཙོན་ཁང་དུ་སྨན་བཅོས་ལྟ་སྐྱོང་མེད་སྟབས་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་སོགས་ཆེས་ཛ་དྲག་གི་གནས་སྟངས་ཡོད་པ་ཐེར་འདོན་གནང་ཡོད། རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Christophe Deloire ལགས་ཀྱིས་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་གསར་འགོད་པ་རྣམས་ཁག་དཀྲི་བྱ་ཡུལ་དུ་སྤྱོད་ཀྱི་ཡོད་ན་མང་ཚོགས་རྣམས་ཉེན་ཁར་ལྷུང་ཡོད་སྐོར་གསུངས་པ་དང་འབྲེལ། རང་དབང་གི་རིན་ཐང་ཤེས་མཁན་གྱི་མི་སྣ་རྣམས་ནས་དངངས་སྐྲག་དང་འཇིགས་སྐུལ་གྱི་འགྲོ་ལུགས་དེ་མཚམས་འཇོག་བྱེད་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་གནད་ཡིན་པ་གསུངས་འདུག

རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་བྱེད་ཐབས་མེད་པའི་ངོ་རྒོལ།

ཌེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ Copenhagen གྱི་གཅན་གཟན་ཁང་གི་ནང་དུ་རྒྱ་ནག་གི་དོམ་ཁྲ་གཉིས་བཞག་པར་བརྟེན་མི་མང་གི་ནང་བསམ་ཚུལ་མང་དག་ཅིག་བྱུང་ནས་ཌེན་མག་སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱས་པ་དེ་ནི་འོས་འཚམས་མིན་པར་སྐྱོན་བརྗོད་གནང་འདུག ཁ་སང་ཁུལ་དེའི་ས་གནས་གསར་ཁང་ཞིག་གིས་ཡུལ་དངོས་ཀྱི་གནད་དོན་ཐོག་གནས་ཚུལ་བཀོད་པར་ཁུལ་དེའི་བོད་དོན་རྒྱབ་སྐྱོར་རུ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཡར་རྒྱས་གཏོང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པར་བརྗོད་དེ་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་སྟབས་ཌེན་མག་སྲིད་གཞུང་ནས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་བྱེད་ཐབས་མེད་པའི་སྐྱོན་བརྗོད་གནང་འདུག སྐབས་དེར་རྒྱ་ནག་གི་དོམ་ཁྲ་གཉིས་པོ་དེ་དག་གཅན་གཟན་ཁང་དུ་བཞག་ན་འགྲིག་མིན་ཐོག་ཡུལ་དངོས་ཀྱི་མི་ ༡༡༡༥ ལྷག་ལ་འོས་ཤོག་འཕེན་དུ་བཅུག་སྐབས་འོས་མི་དེ་དག་ལས་བརྒྱ་ཆ་ ༤༩༌༤ ཡིས་རྒྱ་ནག་གི་དོམ་ཁྲ་དེ་གཉིས་རྒྱལ་ནང་དུ་ནང་འདྲེན་བྱས་ན་འགྲིག་པའི་རྣམ་འགྱུར་བསྟན་ཡོད་པ་དང་། བརྒྱ་ཆ་ ༣༠༌༤ ཡིས་དོམ་ཁྲ་དེ་གཉིས་རྒྱལ་ནང་དུ་ནང་འདྲེན་བྱེད་མི་འོས་པའི་རྒོལ་ལན་གནང་ཡོད་པ་རེད། ཆེད་མཁས་པ་ཞིག་གིས་རྩ་བའི་རྒྱ་ནག་གིས་དོམ་ཁྲ་དེ་ Denmark རྒྱལ་ཁབ་ལ་ལེགས་སྐྱེས་ཚུལ་དུ་སྤྲད་ཡོད་ཀྱང་ Copenhagen གྱི་གཅན་གཟན་ཁང་གིས་དོམ་ཁྲ་དེའི་མཐུན་འགྱུར་གྱི་ཆེད་དུ་ལོ་རེར་ཨ་སྒོར་ས་ཡ་གཅིག་རེ་སྤྲོད་དགོས་པ་དང་། དེ་བཞིན་དོམ་ཁྲ་དེ་གཉེར་སྐྱོང་ཁང་ཞིག་འཛུགས་བསྐྲུན་བྱས་ན་ཡང་ཨ་སྒོར་ས་ཡ་སུམ་ཅུའི་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པ་རེད་འདུག དེ་བཞིན་རྒྱ་ནག་གི་ནང་དུའང་ལོ་གཅིག་ལ་ཨ་སྒོར་ཁྲི་ལྔ་བཅུ་ཙམ་གཏོང་གི་ཡོད་པ་འཁོད་པར་བརྟེན་དོམ་ཁྲར་བདག་སྐྱོང་བྱེད་རྒྱུ་དེ་ལས་སླ་པོ་ཞིག་མ་རེད་ཅེས་བརྗོད་འདུག ཁུལ་དེའི་མི་མང་པོ་ཞིག་གིས་རྒྱ་ནག་གི་དོམ་ཁྲ་གཅན་གཟན་ཁང་དུ་ནང་འདྲེན་བྱེད་པ་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་པ་ཞིག་ཡིན་པར་མ་ཟད།  རྒྱལ་ཁབ་གཉིས་དབར་གྱི་ཚོང་ལས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་སྲིད་པ་ཞིག་ཡིན་པར་བརྗོད་ཡོད་ཀྱང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱ་ནག་གི་དོམ་ཁྲ་དེ་གཉིས་ཌེན་མག་གི་ནང་དུ་འཇོག་ཐབས་མེད་པར་ངོ་རྒོལ་གནང་འདུག རྩ་བའི་རྒྱ་ནག་ལ་ཆ་མཚོན་ན་ Denmark རྒྱལ་ཁབ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཐོག་མ་འཛུགས་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། འོན་ཀྱང་དོམ་ཁྲ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཚབ་མཚོན་སེམས་ཅན་དེ་ཡིན་པར་བརྟེན། དོམ་ཁྲ་ནང་འདྲེན་གྱི་གནད་དོན་དེ་ནི་རང་བཞིན་གྱི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གདན་དོན་དེར་ངོ་རྒོལ་གནང་ཡོད་པ་རེད།  དེ་སྔོན་ ༢༠༡༧ ལོར་ཡང་སྲིད་འཛིན་ཞི་ཅིན་ཕིང་གིས་འཇར་མ་ནི་ལ་མཇལ་འཕྲད་ཀྱི་སྐབས་སུ་ཡང་དོམ་ཁྲ་གཉིས་ཕུལ་ཡོད་པ་རེད། སྐབས་དེར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གིས་དོམ་ཁྲ་དེ་བེད་སྤྱོད་བཏང་ནས་ཕྱི་འབྲེལ་གྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་ཀྱི་སྲིད་བྱུས་དེར་ངོ་རྒོལ་གནང་ཡོད།

རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ངོས་འཛིན་ཞུས་ཚེ་དེ་ལ་ཨ་རི་གྲོས་ཚོགས་ནས་ངོས་བཞེས་མེད།

ཁ་སང་ཟླ་ ༤ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱིས་གོ་སྒྲིག་ཐོག་ཡུལ་དེའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་དང་འབྲེལ་བོད་དང་བྷར་མ། ཤིན་ཅང་སོགས་ཀྱི་གནད་དོན་ཐད་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད།ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Cory Gard་ner ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Edward Markey ལགས་དང་སྐུ་ཞབས་ Chris Coons ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་གཞན་ཁག་གཅིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་ཀྱིས་དབུས་པའི་ལས་བྱེད་རྣམ་པ་དང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། དེ་བཞིན་བྷར་མའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ Tun Khin ལགས་དང་ཡུ་གུར་ལས་འགུལ་ཚོགས་པའི་ཚོགས་གཙོ་ Rushan Abbas ལགས་བཅས་ལྷན་ཞུགས་གནང་འདུགསྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བསྩལ་བའི་གསུང་འཕྲིན་དེ་ཨ་རིའི་གྲོས་ཚོགས་ཚོགས་ཆུང་ལ་ཕུལ་བ་དང་ཆབས་ཅིག འདས་པའི་མི་ལོ་ ༦༠ རིང་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་ཡོད་པ་དང་། ལྷག་དོན་དུས་ནས་དུས་སུ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེས་བྱུས་བྱས་ཏེ་རྒྱ་ནག་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་སྒྲུབ་ཐབས་བྱེད་བཞིན་པ་སོགས་གསལ་འདོན་གནང་ཡོད་པ་རེད། ཨ་འི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Cory Gardner ལགས་ཀྱིས་ཨ་རིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེས་བྱུས་བྱེད་བཞིན་པར་མོས་མཐུན་མེད་པར་འགག་པ་གནང་གི་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་རྣམས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བསྩལ་བའི་གསུང་འཕྲིན་དེ་ལ་གཞི་རྩ་བཟུང་རྒྱུ་ཡིན་ཞེས་གསུངས་དང་འབྲེལ། གལ་སྲིད་མ་འོངས་པར་རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་ཞུས་ཚེ་དེ་ལ་ཨ་རིའི་གྲོས་ཚོགས་ནས་ངོས་བཞེས་རྩ་བ་ནས་ཞུ་མི་སྲིད་ཅེས་གསུངས་འདུག བུ་ཆུང་ཚེ་རིང་ལགས་ཀྱིས་ད་དུང་རྒྱ་ནག་གཞུང་གིས་ ༡༩༥༩ ལོར་བོད་ཧམ་བཟུང་བྱས་པའི་གནས་སྟངས་དང་། ༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་ཕེབས་སྐབས་ཀྱི་གནས་སྟངས། དེ་བཞིན་རིམ་པས་༸གོང་ས་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་གི་ཐོག་ཤར་སྐྱོད་གནང་བཞིན་པ་སོགས་འདས་པའི་ལོ་ངོ་ ༦༠ རིང་གི་བོད་མིའི་གནས་སྟངས་ཕྱོགས་བསྡུས་ངོ་སྤྲོད་གནང་འདུག་པ་དང་། འདས་ལོར་རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་། ཆོས་དད་རང་དབང་ལ་དམ་དྲག དེ་བཞིན་བོད་ཀྱི་ཁོར་ཡུག་གཏོག་བཤིག་སོགས་བརྒྱུད་ནས་ཨེ་ཤ་ཡའི་རང་བྱུང་ཁོར་ཡུལ་སྤྱི་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། ལྷག་དོན་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་ངོོས་ནས་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ལས་དོན་ཁྲོད་བོད་ཀྱི་གནད་དོན་གཙོ་ཆེར་ངོས་འཛིན་ཞུ་དགོས་པ་དང་། ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཞེས་པ་དེར་བསྐྱར་ཞིབ་གནང་སྟེ་དོན་ཚན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་པ། ཨ་རི་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་སྲིད་བྱུས་བརྟན་པོ་འཛིན་དགོས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་ཆེད་འཛུགས་གནང་དགོས་པ། དེ་བཞིན་རྒྱ་ནག་གིས་བོད་ཀྱི་རྒྱུག་ཆུ་ཁག་བེད་སྤྱོད་ལོག་པར་གཏོང་བཞིན་པའི་ཤུགས་རྐྱེན་ཐོག་དམིགས་བསལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་པ་བཅས་ཞུ་སྐུལ་དོན་ཚན་ལྔ་ཆེད་བཏོན་གནང་འདུགདེ་བཞིན་ཉན་ཞིབ་ཀྱི་ལས་རིམ་ཐོག་ Burma འི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ Tun Khin ལགས་ནས་བྷར་མའི་ཁ་ཆེ་སྐྱབས་བཅོལ་བའི་གནས་སྟངས་སྐོར་དང་ཡུ་གུར་ལས་འགུལ་ཚོགས་པའི་ཚོགས་གཙོ་ Rushan Abbas ལགས་ནས་ཀྱང་རྒྱ་ནག་གཞུང་གིས་ཡུ་གུར་བ་སྟོང་ཕྲག་མང་པོ་འཛིན་བཟུང་བཀའ་ཉར་བྱས་ཏེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པའི་གནས་སྟངས་ལ་ཨ་རི་གཞུང་ནས་དམིགས་བསལ་དོ་སྣང་བྱེད་དགོས་པ་སོགས་གསུངས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Edward Markey ལགས་དང་སྐུ་ཞབས་ Chris Coons ལགས་ནས་བོད་གཙོས་པའི་ཨེ་ཤ་ཡའི་ས་གནས་ཁག་ཏུ་རྒྱ་གཞུང་གི་དམ་དྲག་དང་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཨ་རིས་སེམས་འཚབ་གནང་མུས་ཡིན་པ་སོགས་གསུངས་འདུག

ཡོ་རོབ་དང་རྒྱ་ནག་གཉིས་ཀྱི་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་འཛིན་དགོས།

དེ་རིང་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་དང་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་གནས་ཡུལ་སྦར་སིལ་ནང་ཡུ་རོབ་མཐུན་ཚོགས་ཆེས་མཐོའི་དབུ་ཁྲིད་རྣམས་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གཉིས་དབར་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལོ་འཁོར་ལྷན་ཚོགས་ཐེངས་ ༢༡ པ་ཚོགས་ཡོད་པ་དང་། དུས་ཚིགས་དང་བསྟུན་དེ་རིང་སྦེལ་ཇམ་ཁུལ་དུ་ཡོད་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ནས་ལྷན་ཚོགས་དེའི་ཐོག་རྒྱ་ནག་དང་ལྷན་དུ་བོད་དང་ཡུ་གུར་ནང་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་བཟུང་བའི་ཐོག་གླེང་སློང་བྱེད་དགོས་པའི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་འདུག ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk མཆོག་དང་ཡུ་རོབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jean-Claude Juncker ལགས་ཀྱིས་གཙོས་པའི་ཆེས་མཐོའི་དབུ་ཁྲིད་རྣམ་པ་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དབར་གྱི་ལྷན་ཚོགས་དང་འབྲེལ་བའི་ལས་འགུལ་ཐོག་བོད་མི་ཙམ་མ་ཟད།  རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཡུ་གུར། རྒྱ་ནག་གནོན་ཤུགས་འོག་ཡོད་པའི་ཝེ་ཏི་ནམ་དང་ཕི་ལི་པི་ནོ། ཨི་ཊོ་ཨེ་ཤེ་ཡ་བཅས་རྒྱལ་ཁབ་ཁག་གི་མི་རིགས་དང། དེ་བཞིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་བཅས་ལས་འགུལ་ནང་མཉམ་ཞུགས་གནང་འདུག དེ་དང་ཕྱོགས་མཚུངས་ཐེངས་འདིའི་ལྷན་ཚོགས་མ་འཚོགས་སྔོན་ཟླ་ ༤ ཚེས་ ༤ ཉིན་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ཚོགས་པ་སོགས་གཞུང་འབྲེལ་མིན་ཚོགས་པ་ཁག་མཉམ་འབྲེལ་གྱིས་ཕྱོགས་གཉིས་པོའི་ལྷན་ཚོགས་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ Donald Tusk མཆོག་ནས་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གགཙོ་བོར་བཟུང་ནས་རྒྱ་ནག་དང་ལྷན་དུ་གླེང་སློང་གནང་དགོས་པའི་སྤྱིར་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་མ་ཟད། ལྷན་ཚོགས་འདི་ནི་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཐོག་གླེང་སློང་གནང་རྒྱུའི་གོ་སྐབས་གལ་ཆེ་ཤོས་ཤིག་ཡིན་པ་དང། གལ་ཏེ་ད་རེས་ཀྱི་གོ་སྐབས་འདིའི་ཐོག་ནས་མང་ཚོགས་ཀྱི་བདེ་སྡུག་གླེང་སློང་གནང་མ་ཐུབ་ཚེ་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་མངའ་འོག་ཏུ་འགྲོ་བ་མིའི་ཐོབ་ཐོང་རྩོད་ལེན་གནང་མཁན་ཚོའི་མངོན་འདོད་སྣང་མེད་དུ་བཞད་པ་དང་མགོ་སྐོར་བཏང་བ་དང་གཅིག་མཚུངས་ཆགས་སྐོར་གསུངས་འདུགརྩ་བའི་ཐེངས་འདིའི་ཕྱོགས་གཉིས་པོའི་ཆེས་མཐོའི་ལྷན་ཚོགས་འདིར་ཨ་རི་གཙོས་པའི་རྒྱལ་སྤྱིའི་གཞུང་དང་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་བྱེད་བཞིན་འདུག་པ་དང། འདས་པའི་ལོ་ཤས་ནང་རྒྱ་ནག་ནས་ཡོ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཀྱི་འབྲུ་དོན་མང་པོ་ཞིག་དོན་འཁྱོལ་ལག་བསྟར་བྱས་མེད་པ་མ་ཟད། ཡོ་རོབ་ཚོང་གཉེར་ཁང་ཁག་རྒྱ་ནག་ནང་དུ་འདྲ་མཉམ་གྱི་ཚོང་གཉེར་བྱེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་དང། ལྷག་པར་དུ་རྒྱ་གཞུང་གི་རྒྱབ་རྟེན་འོག་རྒྱ་ནག་འཕྲུལ་རིགས་ལ་སོགས་པའི་ཚོང་ལས་ཁང་མང་པོ་ཞིག་ཡོ་རོབ་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཁྲོམ་རའི་ནང་དུ་འཛུལ་ཞུགས་ཀྱིས་ཡོ་རོབ་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་དབང་སྒྱུར་བྱེད་བཞིན་ཡོད་སྐོར་སོགས་ཀྱི་ཐོག་ཟླ་བ་སྔོན་མའི་ནང་ཡོ་རོབ་གྲོས་ཚོགས་སུ་ཚོགས་མིའི་རྒྱལ་ཁབ་ཁག་ནས་སེམས་འཚབ་དང་འབྲེལ་ཏེ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་ཐབས་བྱུས་ཀྱི་གྲོས་འཆར་དོན་ཚན་བཅུ་ཅན་ཞིག་ཀྱང་ཆེད་བཏོན་གནང་ཡོད་པ་རེད།རྒྱ་ནག་དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་བྱ་ཡུལ་གྱི་རྒྱལ་ཁབ་ཙམ་མ་ཡིན་པར་ཡོ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་ཚོང་གི་ཐོག་ནས་ཁ་གཏད་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་པར་བཤད་ཡོད་པ་རེད། ད་རེས་ཡོ་རོབ་ཀྱི་ངོས་ནས་རྒྱ་ནག་ཕྱོགས་ལ་འགྱུར་བ་བཏང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད། རླུང་འཕྲིན་ཁང་ནས་ཡོ་རོབ་དང་རྒྱ་ནག་གཉིས་དབར་གྱི་ལྷན་ཚོགས་དང་འབྲེལ་ནས་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་གཟིགས་ཚུལ་ཇི་བྱུང་ཐོག་བཀའ་འདྲི་ཞུས་པར་བར་སྐབས་ནས་ཨ་མི་རི་ཀའི་ངོས་ནས་རང་ཉིད་ཀྱི་ཁེ་ཕན་མ་གཏོགས་འཛམ་གླིང་རང་དབང་དང་མང་གཙོའི་རྒྱལ་ཁག་གི་འགོ་ཁྲིད་ནས་ རྒྱལ་སྤྱིའི་ཐོག་འགོ་ཁྲིད་རྒྱུའི་ལས་རིམ་མཚམས་འཇོག་བྱས་ཡོད་པར་བརྟེན། འཛམ་གླིང་ནང་གི་རང་དབང་ལུང་པ་དང་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ནས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་དེ་དག་འགོ་ཁྲིད་བྱ་རྒྱུའི་རེ་བ་ཞིག་བྱེད་བཞིན་ཡོད་སྟབས། ད་ལྟའི་ཆར་ཡོ་རོབ་མཐུན་ཚོགས་ཀྱི་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་གལ་ཆགས་ཡོད་པ་གསུངས་སོང་།དེ་རིང་བརྒྱུད་ལམ་ཁག་ཅིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ཕྱོགས་གཉིས་པོའི་གྲོས་མོལ་གྱི་ལྷན་ཚོགས་འདིར་ཚོད་དཔག་གནང་བར་ལྷན་ཚོགས་ཀྱི་སྔ་རོལ་དུ་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཟིན་བྲིས་སྤྲད་ཡོད་ཀྱང་རྒྱ་ནག་གཞུང་གིས་ཟིན་བྲིས་དེའི་ནང་རྒྱ་ནག་དང་མ་མཐུན་པའི་དོན་ཚན་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་སྟབས་ལྷན་ཚོགས་ཀྱི་མཇུག་ཏུ་ཕྱོགས་གཉིས་དབར་ལ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཐོན་རྒྱུ་མེད་སྐོར་ཚོད་དཔག་གནང་བཞིན་འདུག ལྷག་པ་ར་དུ་ད་ལན་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་དགོས་པའི་གྲོས་འཆར་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཕ་རན་སི་དང་འཇར་མ་ནི། དེ་བཞིན་དབྱིན་ཡུལ་བཅས་རེད་འདུག ཁོང་རྣམས་ནས་རྒྱ་ནག་གྱི་འགྱུར་བ་ལ་བརྟེན་ནས་རང་ཉིད་ཀྱི་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་མིན་སྐོར་བརྗོད་འདུག ཐེངས་འདིའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐོག་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་ལྷན་དུ་གཙོ་ཡོ་རོབ་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་ཁག་འདྲ་མཉམ་གྱི་ཐོག་ནས་རྒྱ་ནག་ནང་དུ་ཚོང་གཉེར་རྒྱུའི་ཐོབ་ཐང་དགོས་པ་དང། རྒྱ་ནག་གི་ཉེན་འཚབ་ཆེ་བའི་ G5  དྲྭའི་བརྒྱུད་ལམ་གྱི་བདེ་འཇགས་སྐོར་གླེང་མོལ་བྱ་རྒྱུ་ཡིན་པ་དང། བརྒྱུད་ལམ་ཁག་ཏུ་ཐོན་པར་གཞིགས་ན་ཐེངས་འདིའི་ལྷན་ཚོགས་ཐོག་ཕྱོགས་གཉིས་དབར་ལ་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་ཚོགས་འབྲེལ་གྱི་གྲོས་མོལ་གནང་གི་ཡོད་པ་རེད་འདུག

རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནོན་ཤུགས་སྤྲོད་དགོས།

རིང་མིན་ཟླ་ ༤ ཚེས་ ༩ ཉིན་ཡོ་རོབ་གྲོང་ཁྱེར་ Brussels ནང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ཆེས་མཐོའི་ལྷན་ཚོགས་ཤིག་འཚོགས་ལ་ཉེ་བ་དང་བསྟུན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱལ་ཁབ་གཉིས་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་མཐུན་ཚོགས་ཀྱི་འགོ་ཁྲིད་ནས་རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག ཁ་སང་ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་བཅས་ཚོགས་པ་ལྔ་པོ་མཉམ་སྦྲེལ་གྱིས་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ནས་རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དག་ཛ་དྲག་གི་ཐོག་ནས་གླེང་དགོས་པའི་ཞུ་སྐུལ་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད། ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte leicht ལགས་ཀྱིས་ལྷན་ཚོགས་དེ་ནི་ཡོ་རོབ་མཐུན་ཚོགས་ལ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་རྒྱུའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་འབྲེལ། ཡོ་རོབ་མཐུན་ཚོགས་དང་དེ་གའི་ཚོགས་མི་ནས་ཡོངས་བསྒྲགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གནང་གི་ཡིན་ཞེས་གུངས་ཡོད་པ་ལྟར། མཐུན་ཚོགས་ནས་དེ་སྔ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཁས་ལེན་དམ་བཅའ་གནང་བ་ལག་ལེན་དོན་འཁྱོལ་ཡོང་མིན་ད་རེས་དངོས་སུ་མངོན་རྒྱུ་ཡིན་པ་གསུངས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་གི་ངེས་སྟོན་པ་སྐུ་ཞབས་ Phil Lynch ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཨི་ཧམ་ཊོ་ཐི་ལགས་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Wang Quanzhang ལགས་དང་། 64Tianwang གསར་ཁང་གསར་འཛུགས་གནང་མཁན་ Huang Qi  ལགས་སོགས་ཀྱི་བློ་ཁོག་ལ་ཡི་རངས་བསྔགས་བརྗོད་གནང་ཐོག་ཁོང་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤ་ཡའི་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལྕམ་ Roseanne Rife ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ནས་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་འགྲོ་བཞིན་པ་མཚམས་འཇོག་སླད་ལས་དོན་ཤུགས་ཆེ་གང་ཡང་སྤེལ་གནང་མེད་སྟབས། མཐུན་ཚོགས་ནས་དེ་འབྲེལ་གནས་སྟངས་གོང་མཐོར་སླད་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཆེས་ཛ་དྲག་གི་རྣམ་པའི་ཐོག་ནས་གླེང་སློང་གནང་དགོས་པ་གསུངས་འདུག བསྒྲགས་གཏམ་དེའི་ནང་ཉེ་ལམ་གྲུབ་ཟིན་པའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་གྲོས་མོལ་ཐེངས་ ༣༧ པའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་བྱུང་ཡང་དེ་སླར་ཡང་ཛ་དྲག་དང་ཐུགས་ཚབས་ཆེན་པོའི་སྒོ་ནས་གླེང་དགོས་པ་དང་ཆབས་ཅིག་ཏུ་ཤིན་ཅང་ནང་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་བཙུགས་པ་རྣམས་སྒོ་བརྒྱབ་དགོས་པ་དང་ལྷག་དོན་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་ཡོད་པ་རེད། དེ་བཞིན་ཚོགས་པ་དེ་དག་གིས་ལྷན་ཚོགས་དེ་མ་འཚོགས་བར་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་དང་རྒྱ་གཞུང་གི་འགོ་ཁྲིད་བར་ཚོགས་འདུ་སྐབས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་རྒྱུའི་གོ་སྐབས་མང་པོ་ཡོད་ཀྱང་། ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་ལྕམ་ Federica Mogherini ལགས་དང་ཕ་རན་སི་སྲིད་འཛིན་སྐུ་ཞབས་  Emmanuel Macron མཆོག དེ་བཞིན་འཇར་མ་ནི་སྲིད་བློན་ལྕམ་ Angela Merkel མཆོག ཡོ་རོབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jean-Claude Juncker ལགས་བཅས་ནས་དེ་ལྟར་གླེང་སློང་གནང་མེད་པ་གསུངས་འདུག གཞི་རྩའི་ཟླ་བ་ ༣ ཚེས་ ༡༣ ཉིན་ཚོགས་པ་ལྔས་ཡོ་རོབ་མཐུན་ཚོགས་དང་མཐུན་ཚོགས་ཀྱི་ཕྱི་སྲིད་སྐུ་ཚབ་རྣམས་ལ་ཞུ་སྙན་ཞིག་ཕུལ་འདུག་པ་དང་། ཞུ་སྙན་དེའི་ནང་རྒྱ་གཞུང་གིས་ཊར་ཀི་ཁ་ཆེ་ཚོར་དོགས་སྲུང་ནན་པོ་བྱེད་བཞིན་པ་དང་དེ་དག་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བའི་སྐོར་དང་། བོད་ནང་བོད་མིར་ཆབ་སྲིད་སློབ་གསོ་སྤྲོད་རྒྱུ། ཞི་རྒོལ་གནང་མཁན་ཚོ་བཙོན་འཇུག་བྱས་པ་མ་ཟད་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནད་དོན་ཞིབ་ཕྲ་ཕུལ་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་རྩ་ཁྲིམས་ལ་སྣང་མེད་གཏོང་བའི་སྒོ་ནས་རྒྱལ་སྤྱིའི་སྟེང་དུ་རྒྱ་གཞུང་གིས་ཚོགས་སྡེ་ཁག་དང་གཙུག་ལག་སློབ་ཁང་སོགས་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་པའི་གནད་དོན་འཁོད་པའི་ཞུ་སྙན་ཡང་ཕུལ་འདུག གཞན་ཡང་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ།དེ་བཞིན་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། བྷེལ་ཇམ་དུ་གནས་བཞུགས་བོད་མི་དང་ཡུ་གུར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་མཉམ་སྦྲེལ་ཐོག་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་ལྷན་ཚོགས་སྐབས་ཞི་བའི་རྔམ་སྟོན་གནང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་གནང་ནས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་མི་གཙོས་པའི་ཡུ་གུར་མི་རིགས་དང་། ཐ་ན་རང་རྒྱལ་ཁབ་ཀྱི་མི་སེར་རྣམ་པའི་ཐོག་བྱ་སྤྱོད་སྤེལ་སྟངས་དེ་དག་ཐེར་འདོན་བྱེད་དགོས་པ་དང་སྒོས་རྒྱ་གཞུང་ནས་དེའི་མངའ་ཁོངས་སུ་ཡོད་པའི་མང་ཚོགས་ནས་རང་ཉིད་ཀྱི་རིག་གཞུང་དང་། སྐད་ཡིག དེ་བཞིན་རང་དབང་སྒོ་ནས་ཆོས་ལུགས་ལོངས་སུ་སྤྱོད་པར་གུས་བརྩི་ཞུ་དགོས་པ་མ་ཟད། བོད་མི་དང་ཡུ་གུར་ཐོག་དྲག་གནོན་བྱས་པ་དེ་དག་མཚམས་འཇོག་དང་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

Latest news