Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨིན་ཡུལ་སྲིད་བློན་མཆོག་ལ་རྒྱ་ནག་གི་བརྙས་བཅོས་འོག་མགོ་སྒུར་རྒྱུ་མེད་པའི་ཞུ་འབོད།

ཨིན་ཡུལ་གྱི་སྲིད་བློན་ལྕམ་ Theresa May མཆོག་དེ་རིང་ནས་ཉིན་གྲངས་གསུམ་རིང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཀྱི་ཡོད་པ་དང་བསྟུན། ཁ་སང་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ Tibet Society དང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གཙོས་ཨིན་ཡུལ་བོད་རིག་ཚོགས་པ། ཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཨིན་ཡུལ་སྲིད་བློན་མཆོག་གི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་བའི་བརྒྱུད་རྒྱ་ནག་གཞུང་གི་བརྙས་བཅོས་འོག་མགོ་སྒུར་རྒྱུ་མེད་སྐོར་ཞུས་འདུག དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་དྲ་གནས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་གིས་ཨིན་ཡུལ་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་བའི་ཕྱག་བྲིས་དེ་འདོན་སྤེལ་གནང་འདུག་པ་དང། དེའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་གཞུང་ཚོགས་ཁག་ལ་གནད་དོན་དེ་དག་ཐོག་གླེང་སློང་མི་གནང་བར་གནོན་ཤུགས་ཆེས་སྤྲོད་བཞིན་ཡོད་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཨིན་ཡུལ་ནི་རྒྱ་ནག་གི་ཚོང་འབྲེལ་ཤུགས་ཆེ་བྱ་ཡུལ་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་ཡིན་སྟབས། ལྕམ་སྐུ་མཆོག་ནས་གནས་བབ་དང་ནུས་པ་དེ་དག་དམ་འཛིན་གྱིས་སྲིད་འཛིན་ཞི་ཅིང་ཕིང་དབུས་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐོག་ལ་གླེང་སློང་ངེས་པར་དུ་གནང་དགོས་གལ་ཡིན་པ་མ་ཟད། དེ་ལྟར་མ་གནང་ཚེ་ཨིན་ཡུལ་རྒྱལ་ཁབ་ཀྱི་གཞི་རྩའི་རིན་ཐང་དང་མང་གཙོའི་ལངས་ཕྱོགས་ཀྱི་ཆེ་མཐོང་ལ་གནོད་རྒྱུ་ཡིན་པ་གསུངས་འདུག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱག་བྲིས་དེའི་ནང་ད་དུངསྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་རྒྱ་རིགས་སྐུ་ཞབས་ Liu Xiaobo ལགས་གཉིས་རྒྱ་ནག་གི་བཙོན་འཇུག་འོག་སྐུ་གྲོངས་པ་དང། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་བོད་མིའི་སྐད་ཡིག་རང་དབང་ཐོག་ཕྱག་ལས་གནང་མཁན་བཀྲིས་དབང་ཕྱུག་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་བཤེར་བྱས་པའི་གནད་དོན་ཁག་འབུར་བཏོན་གྱིས་བོད་དང་ཤིན་ཅང་། རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ལྷག་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་འབྲུ་དོན་རྣམས་ཚོང་འབྲེལ་རྒྱལ་ཁབ་ཙམ་མ་ཟད་ཚོང་འབྲེལ་བྱ་ཡུལ་ས་གནས་ས་ཐོག་གི་མང་ཚོགས་ཡོངས་ལ་ཁྱབ་ཀྱི་ཡོད་སྟབས། ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་སྐབས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཞིབ་འཇུག་གནང་རྒྱུའི་འོས་འགན་ཡོད་པ་ནན་བརྗོད་གནང་འདུག

འཇར་མ་ནིའི་གྲོས་ཚོགས་འཐུས་མི་གཉིས་ནས་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་ཞུ་འབོད་གནང་འདུག

ཡོ་རོབ་འཇར་མ་ནིའི་ Green Party འམ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Claudia Roth ལགས་དང་ལྕམ་ Maria Klein-Schmeink ལགས་རྣམ་གཉིས་ནས་རྒྱ་གཞུང་གི་བཙུན་འཇུག་འོག་ཏུ་ཡོད་པའི་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་ཕྱི་ཚེས་ ༢༦ ཉིན་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་འོག་འཛིན་བཟུང་བྱས་པ་མ་ཟད། འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནག་ཉེས་ཐོག་གཏུགས་བཤེར་གནང་བ་དང་འབྲེལ། འཇར་མ་ནིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ Shi Mingde ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཐོག་རྒྱ་ནག་གཞུང་ནས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་སྨྲ་བརྗོད་ཀྱི་རང་དབང་གཙོ་འགྱུར་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་རང་དབང་སྤྱི་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་བའི་ཆབ་སྲིད་བཙོན་པའི་རང་དབང་ཁག་ལ་གུས་བརྩི་ཞུ་ནས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་གསུངས་འདུག དེ་བཞིན་སྔར་ལོའི་ཕྱི་ཟླ་ ༢ པའི་ནང་འཇར་མ་ནིའི་གྲོས་ཚོགས་ཀྱི་ཉེས་མེད་འཛིན་བཟུང་བཙན་ཁྲིད་བྱས་པའི་ཆབ་སྲིད་བཙོན་པའི་གནད་དོན་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཚོགས་ཆུང་གཙོས་ཚོགས་ཆུང་གཞན་ཁག་ཅིག་ཐུན་མོང་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ཐད་སེམས་འཚབ་དང་འབྲེལ་རྒྱ་གཞུང་ནས་ཁོང་མུ་མཐུད་བཀག་ཉར་བྱེད་དོན་དཔང་རྟགས་དང་བཅས་པ་ཁ་གསལ་བཟོ་དགོས་པ་མ་ཟད། ཁོང་ལ་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱ་རྒྱུའི་རང་དབང་སྤྲོད་དགོས་པ་སོགས་ཀྱི་ཞུ་འབོད་གནང་པ་དྲན་གསོ་དང་འབྲེལ། རྒྱ་གཞུང་གིས་ཁོང་ལ་གཞི་མེད་ཉེས་འཛུགས་དང་ཁྲིམས་གཅོད་བྱེད་བཞིན་པ་འཕྲལ་མར་མཚམས་འཇོག་དགོས་པ་ནན་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་པ་ནས་བཟུང་ད་བར་རྒྱལ་སྤྱིའི་གཞུང་དང་གཟུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་མང་དག་ཞིག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ལ་བརྩི་སྲུང་ཞུ་གྱི་མེད་པར་སྐྱོན་བརྗོད་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་གཏང་དགོས་པའི་ཞུ་འབོད་རིམ་པ་གནང་ཡོད་ཀྱང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་མ་སྤྲདཔའི་ཁར་། ཉེ་ཆར་ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནག་ཉེས་ཐོག་ལ་གཏུགས་བཤེར་བྱས་སྐབས་ཁུལ་དེར་ཆེད་བཅར་ཞུས་པའི་འཇར་མ་ནི་དང་ཨ་རི། དབྱིན་ཡུལ། ཁེ་ན་ཌ། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཀྱི་གཞུང་ཚབ་མི་སྣ་ཁྲིམས་བཤེར་དངོས་ཀྱི་ཐོག་བཅར་བཅུག་མེད་པ་མ་ཟད། སྐབས་དེའི་ཁྲིམས་བཤེར་ཐོག་ཐག་གཅོད་གང་བྱུང་ཡོད་མེད་ཁ་གསལ་བྱས་མེད། རྩ་བའི་ཉེ་དུས་སུ་འཇར་མ་ནི་གྲོས་ཚོགས་འཐུས་མི་ཙམ་མི་པར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་བཀྲིས་དབང་ཕྱུག་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱེད་དགོས་པའི་ཞུ་འབོད་གནང་ཡོད་པ་མ་ཟད། ཡོ་རོབ་གྲོས་ཚོགས་ནང་ལ་བཀྲ་ཤིས་དབང་ཕྱུག་ལགས་དང་གྲྭ་ཆོས་སྐྱིད་ལགས་གཙོས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་གྲོས་ཆོད་ཀྱང་བཞག་ཡོད་པ་རེད།

ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་བཀྲིས་དབང་ཕྱུག་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་གནང་འདུག

ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་རྒྱ་གཞུང་གིས་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལྟར་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པ་མ་ཟད། ལྷག་དོན་དུ་ཁོང་གི་ཐུགས་འདོད་ལྟར་ཁྲིམས་རྩོད་པ་གླ་རྒྱུ་དང་རང་ཉིད་ཀྱི་ནང་མི་དང་ལྷན་རྒྱུན་ལྡན་བཞིན་ཐུག་འཕྲད་གནང་བཅུག་དགོས་པའི་ཞུ་འབོད་གནང་འདུག དེའང་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michel Raison ལགས་ཀྱི་མཚན་ཐོག་ཏུ་ཁ་སང་ཕྱི་ཚེས་ ༢༣ ཉིན་སྤྱི་བསྒྲགས་ཤིག་འདོན་སྤེལ་གནང་ཡོད་པ་དང། དེའི་ཐོག་སྐུ་ཞབས་ Raison ལགས་དང་ཚོགས་གཙོ་གཞོན་པ་ Annick Billon ལགས། Patricia Morhiet-Richaud ལགས། Andre Gattolin ལགས་བཅས་དབུས་པའི་ཁྱོན་གྲོས་ཚོགས་འཐུས་མི་ ༡༤ ནས་རྒྱབ་སྐྱོར་མཚན་རྟགས་བཀོད་འདུག གཞི་རྩའི་བཀྲིས་དབང་ཕྱུག་ལགས་ལ་འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནག་ཉེས་དང་འབྲེལ་གཏུགས་བཤེར་ཚོུད་ ༤ ཙམ་གནང་ཡོད་ཀྱང་ཁྲིམས་ཁང་ནས་སྐབས་དེར་ཁོང་གི་གྱོད་གཞིའི་ཐོག་ཐག་གཅོད་གང་ཡང་བྱུང་མེད་པ་མ་ཟད། དེ་ཉིན་ཨ་རི་དང་འཇར་མ་ནི། དབྱིན་ཡུལ། ཁེ་ན་ཌ། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཀྱི་གཞུང་ཚབ་ལས་ཁང་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གཏུགས་བཤེར་ཐོག་བཅར་རྒྱུའི་ཆེད་དུ་ཡུལ་ཤུལ་བར་ཕེབས་ཡོད་ཀྱང་རྒྱ་གཞུང་གིས་ཁྲིམས་བཤེར་དངོས་ཀྱི་ཐོག་བཅར་བཅུག་མེད་པ་རེད། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ ༡༤ རྣམས་ཀྱིས་སྤེལ་བའི་སྤྱི་བསྒྲགས་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཡོ་རོབ་མཐུན་ཚོགས་ཚོགས་མི་རྒྱལ་ཁབ་ ༢༨ སོ་སོའི་རྒྱ་ནག་གི་གཞུང་ཚབ་རྣམས་ནས་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་དགོས་པའི་ཡོངས་ཁྱབ་སྤྱི་བསྒྲགས་སྤེལ་ཡོད་པ་མ་ཟད་སྔ་ལོའི་ཟླ་ ༢ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་གྱི་དམིགས་བསལ་རྟོག་ཞིབ་པ་ལྔ་དང་གཞན་ཡང་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་རྟོག་ཞིབ་ལས་དོན་ཚོགས་ཆུང་ནས་ཀྱང་ཁོང་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་ལུང་འདྲེན་དང་འབྲེལ། ཕ་རན་སི་གྲོས་ཚོགས་ནང་གི་བོད་དོན་ཚོགས་ཆུང་གིས་ཀྱང་དེ་དག་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་ངོས་ནས་ད་རེས་བཀྲིས་དབང་ཕྱུག་ལགས་སུ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱེད་དགོས་ཞེས་གསུངས་འདུག

ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་སྐོར་གླེང་སློང་གནང་བ།

ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་སུ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་པའི་ཐབས་བྱུས་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་། Ted Poe ལགས། དེ་བཞིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་གསུམ་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་གཅིག་གླེང་སློང་གནང་འདུག ལས་རིམ་གཙོ་སྐྱོང་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་ནས་ལས་རིམ་གྱི་སྔོན་གླེང་དུ་རྒྱ་ནག་དེ་བར་སྐབས་ཤིག་ནས་རྒྱལ་སྤྱིའི་ཐོག་དབང་ཐང་ཅན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། རྒྱ་ནག་གི་དབང་ཐང་དེ་དག་དེ་སྔ་རྒྱལ་སྤྱིའི་རྒྱལ་ཁབ་རྣམ་པའི་དབང་ཐང་རྒྱ་སྐྱེད་ཀྱི་ཐབས་བྱུས་དང་མི་འདྲ་བར་རྒྱ་ནག་ནང་རྒྱ་གཞུང་གིས་མུ་མཐུད་རང་ཉིད་ཀྱི་འདོད་པ་གཞིར་བཟུང་ཁྲིམས་ལུགས་ལ་བཅོས་བསྒྱུར་དང་། མང་ཚོགས་ལ་དམ་དྲག་བརྒྱུད་རྒྱལ་སྤྱིའི་ཐོག་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་ནས་གྲོས་བསྡུར་གྱི་ལས་རིམ་སྐབས་བོད་དང་བོད་མི་རྣམས་ལ་མཚོན་ན་འཛམ་གླིང་འདིའི་མི་རིགས་ལས་བོད་མི་རྣམས་ནི་ཞི་འཇམ་ཆེ་ཤོས་དང་ཞི་བདེ་ལྡན་པའི་མི་རིགས་ཤིག་ཡིན་ཀྱང་། རྒྱ་ནག་གཞུང་གི་དམ་དྲག་ཚོད་འཛིན་འོག་ང་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་ནའང་ཁུལ་དེར་འགྲོ་བསྐྱོད་ཀྱི་རང་དབང་སྤྲོད་ཀྱི་མེད་པ་མ་ཟད། ང་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་གདན་ཞུ་ཕུལ་ཡང་རྒྱ་ནག་གཞུང་ལ་སེམས་འཚབ་དང་མི་འདོད་པའི་རྣམ་པ་ཤུགས་ཆེ་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་དང་འབྲེལ། ད་ལྟའི་ཆ་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱས་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ལྟར་རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གཞན་ཞིག་ངོས་འཛིན་ཐུབ་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་འདས་པའི་ལོ་དུས་ནང་རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ཏུ་ལྟ་སྲུང་མི་སྣ་འགྲེམས་འཇོག་གིས་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ཀྱི་འགྲོ་བསྐྱོད་དང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན། ལྷག་ཏུ་མང་ཚོགས་ཚོར་རྒྱ་ནག་ལ་རྒྱལ་ཞེན་དགོས་པར་སློབ་གསོའི་ལས་དོན་རྒྱ་སྐྱེད་གཏོང་བཞིན་ཡོད་པ་སོགས་བོད་ནང་གི་གནས་སྟངས་ཁག་འགྲེལ་བརྗོད་དང་འབྲེལ། ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་དང་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ་དེ་སྔ་ཨ་རིའི་གྲོས་ཚོགས་སུ་བཏོན་པའི་ Reciprocal access to Tibet act ཞེས་ཨ་རི་དང་རྒྱ་ནག་གཉིས་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་དང་། སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་སུ་ཨ་རི་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་ངེས་པར་དུ་གལ་ཆེ་དོན་ཆེར་བརྩི་དགོས་པའི་གྲོས་འཆར་བཏོན་པ་གཉིས་གང་མགྱོགས་ལག་བསྟར་ཐུབ་པ་གནང་དགོས་ཞེས་འབོད་སྐུལ་ཞུས་འདུག ད་ལྟའི་ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཞེས་པའི་ནང་གསལ་དོན་ཚན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་པ་མ་ཟད། ལྷག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པར་བསྐྱར་ནན་གནང་འདུག གཞན་ཡང་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Poe ལགས་ནས་ཀྱང་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་འགྲོ་ལུགས་འོག་རྒྱ་ནག་གཞུང་ནས་རང་ཉིད་ཀྱི་མི་སེར་རྣམས་ལ་དམ་དྲག་དང་ཁྲིམས་མཐུན་མ་ཡིན་པའི་ཁྲིམས་ཐག་རིགས་གཅོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་བསམ་སྤྱོད་དང་མི་མཐུན་པའི་བོད་པ་དང་། ཡི་ཤུ། ཁ་ཆེའི་ཆོས་དད་ཅན་རྣམས་ལ་དམིགས་བསལ་གྱི་མནར་གཅོད་དང་སྟངས་འཛིན་ཆེ་བ་བྱེད་མུས་ཡིན་པ་མངོན་གསལ་གནང་འདུག གཞི་རྩའི་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དབང་ཐང་རྒྱ་སྐྱེད་འགྲོ་བཞིན་པའི་སྐབས་དང་བསྟུན། ད་རེས་ཙམ་མིན་པར་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་རྒྱ་སྐྱེད་འགྲོ་བཞིན་པའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་རེད། རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྐྱིད་དང་དཔྱད་ཞིབ་པ་ཁག་གཅིག་ནས་དེ་འབྲེལ་དཔྱད་གཏམ་མང་དག་ཞིག་སྤེལ་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་ནང་བཀྲ་ཤིས་དབང་ཕྱུག་ལགས་དང་གྲྭ་ཆོས་སྐྱིད་ལགས་རྣམ་གཉིས་གློད་བཀྲོལ་དགོས་པའི་གྲོས་ཆོས་བཞག་པ།

ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ལས་དོན་ཁག་གཅིག་འགྲོ་བཞིན་ཡོད་པ་ལྟར་ཁ་སང་གྲོས་གྲོས་ཚོགས་ཀྱི་ལས་ཉིན་དེའི་ཁྲོད་གྲོས་ཚོགས་འཐུས་མི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་ཡོངས་ཐོག་གླེང་སློང་གནང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཏེ་ད་རྒྱ་ལྟར་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་དང་། དེ་སྔ་ཕྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བཙན་ཁྲིད་བྱས་པའི་གསེར་རྟ་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས། གཞན་ཡང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Wu Gan ལགས་དང་ Xie Yang ལགས། དེ་བཞིན་ Lee Ming-che ལགས་བཅས་འཕྲལ་དུ་གློད་བཀྲོལ་དགོས་པར་གྲོས་ཆོད་བཞག་འདུག གྲོས་ཆོད་དེའི་ནང་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དོན་ཚན་མི་འདྲ་བ་ ༡༨ འཁོད་འདུག་པ་དང་། དེའི་ནང་བོད་དང་འབྲེལ་བའི་དོན་ཚན་ཁྲོད་ད་ལྟ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུག་ལགས་ནི་ དེ་སྔ་ ༢༠༡༥ ལོར་ཨ་མི་རི་ཀའི་ New York Times གསར་ཁང་གི་བརྙན་འཕྲིན་ལས་རིམ་ནང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་རྐྱེན་རྒྱ་ནག་གཞུང་ནས་ཁོང་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉེ་དུས་སུ་རྒྱ་ནག་གཞུང་ནས་དཔང་རྟགས་ཁ་གསལ་གང་ཡང་མེད་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱེད་སྟངས་ལ་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་ཡོད་པ་མ་ཟད། རྒྱ་གཞུང་ནས་ཁོང་འཕྲལ་དུ་གློད་བཀྲོལ་དགོས་ཞེས་མངོན་གསལ་གནང་ཡོད་པ་རེད། དེ་བཞིན་གྲོས་ཆོད་དེའི་དོན་ཚན་བདུན་པའི་ནང་ཕྱི་ལོ་ ༢༠༡༥ ལོར་ཟི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་གི་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་རྐྱེན་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟི་ཁྲོན་ཞིང་ཆེན་གྱི་མིན་ཡཱང་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གི་བྱེད་སྟངས་དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་ཐོག་གྲྭ་ཆོས་སྐྱིད་ལགས་འཕྲལ་མར་གློད་བཀྲོག་གཏོང་དགོས་པ་མ་ཟད། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དང་ནང་མི་ཐུག་འཕྲད་ཀྱི་ཐོབ་ཐང་ཡང་སྤྲོད་དགོས་ཞེས་གསུངས་འདུག དེ་མཚུངས་རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ Wu Gan ལགས་དང་ Xie Yang ལགས། དེ་བཞིན་ Lee Ming-che ལགས་བཅས་ཀྱི་གནས་སྟངས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་ནས་ཁོང་རྣམ་པའི་ནག་ཉེས་ཁག་ཕྱིར་འཐེན་ཐོག་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་སོགས་གསུངས་འདུག ལྷག་པར་དུ་ཡོ་རོབ་མཐུན་ཚོགས་ནས་ཐེངས་འདིའི་གྲོས་ཆོད་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸གང་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པར་སྐུལ་མ་ནན་པོ་ཡང་གནང་འདུག ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ཐོག་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་རྒྱབ་སྐྱོར་དེ་ལྟ་གནང་ཐུབ་པ་ནི་གཟི་བརྗིད་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱབ་ལྗོངས་ཁུངས་ལུང་ལྡན་པའི་གྲོས་ཆོད་དེས་བཀྲ་ཤིས་དབང་ཕྱུག་ལགས་དང་གྲྭ་ཆོས་སྐྱིད་ལགས་རྣམ་གཉིས་ཀྱི་གནད་དོན་ཙམ་མ་ཟད། རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་ཡོངས་ཀྱི་གནས་སྟངས་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་གསུངས་འདུག

Marriott མགྲོན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཞེངས་ཕྱོགས་ཁ་གསལ་བཟོ་དགོས།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་ཐོག་ལ་ཡོངས་གྲགས་ཆེ་བའི་ཨ་རིའི་ Marriott International ཞེས་པའི་མགྲོན་ཁང་ནས་རྒྱ་ནག་ནང་ལ་ཡོད་པའི་མགྲོན་ཁང་དེའི་ཡན་ལག་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དྲ་ཐོག་བརྒྱུད་བསམ་ཤོག་བསྡུ་རུབ་གནང་ཡོད་པ་དང་། བསམ་ཤོག་དེའི་རྒྱལ་ཁབ་ཀྱི་གདམ་ཀའི་ཁོངས་སུ་རྒྱ་ནག་དང་བོད། ཐེ་ཝན། མེཀའོ། དེ་བཞིན་ཧོང་ཀོང་བཅས་ལོགས་སུ་བཀོད་ཡོད་པར་བརྟེན། རྒྱ་གཞུང་གིས་ Marriott མགྲོན་ཁང་ལ་སྐྱོན་བརྗོད་དང་སྦྲགས་ཏེ་བོད་དེ་ཕྱིར་འཐེན་བྱེད་དགོས་པར་ཉེན་བརྡ་ཡང་བཏང་ཡོད། ཉེན་བརྡ་དེའི་རྐྱེན་པས་ཚེས་ ༡༡ ཉིན་ Marriott མགྲོན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Arne Sorenson ལགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཐོག་རྒྱ་གཞུང་ལ་དགོངས་སེལ་ཞུས་པ་མ་ཟད་མགྲོན་ཁང་གི་ངོས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་མངོན་འདོད་ལ་དོ་ཕོག་ཐེབས་གཞིའི་ལས་རིགས་སྤེལ་མཁན་གྱི་ཚོགས་སྒེར་སུ་གང་ལའང་རྒྱབ་སྐྱོར་མེད་ཅེས་གསལ་བཤད་བྱས་ཡོད་པ་རེད། གཞན་ཡང་ཉེན་བརྡ་དེ་འབྲེལ་ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ Marriott མགྲོན་ཁང་གི་སྤྱི་ཁྱབ་འགན་འཛིན་ Arne Sorenson ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་མགྲོན་ཁང་གིས་གསལ་བཤད་གནང་སྟངས་དེ་ཚོང་གི་ཁེ་ཕན་ཐོག་ནས་འགྲིག་ཡོད་སྲིད་ཀྱང་། དོན་དངོས་ཐོག་མགྲོན་ཁང་རང་ཉིད་ཀྱི་རྩ་འཛིན་ཡིག་ཆའི་ནང་ལ་མགྲོན་ཁང་དེའི་ལས་དོན་ཐམས་ཅད་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད། དེ་བཞིན་ཁྲིམས་ལུགས་བཅས་ལ་བརྩི་བཀུར་ཞུ་རྒྱུ་ཡིན་པ་མངོན་གསལ་གནང་ཁག་དང་དངོས་འགལ་ཆགས་ཡོད་པ་སོགས་གསུངས་འདུག ལྷག་དོན་དེང་སྐབས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྐྱོད་མི་ཉུང་བ་ཞིག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་གནང་ཚེ་རྒྱ་ནག་གཞུང་ནས་ཐབས་བྱུས་འདྲ་མིན་བརྒྱུད་གནད་དོན་དེ་དག་བཀག་འགོག་བྱེད་བཞིན་པའི་དུས་སྐབས་འདིར་ Marriott མགྲོན་ཁང་གིས་གསལ་བཤད་གནང་བ་དེ་ནི་རྒྱ་ནག་གི་ལག་ཆ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་དང་སྦྲགས། ད་ལན་ Marriott མགྲོན་ཁང་གི་ཆབ་སྲིད་ལངས་ཕྱོགས་གང་ཡིན་གསལ་པོ་བཟོ་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཁ་གསལ་གང་ཡང་གནང་མེད་སྟབས་མགྲོན་ཁང་དེའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཞེངས་ཕྱོགས་ཁ་གསལ་བཟོ་དགོས་ཞེས་གསུངས་འདུག གཞི་རྩའི་ Marriott མགྲོན་ཁང་གི་བསམ་ཤོག་བསྡུ་རུབ་ཀྱི་ལས་དོན་ཁྲོད་བོད་དེ་རང་དབང་ཅན་གྱི་རྒྱབ་ཁབ་ཞིག་ཏུ་ངོས་འཛིན་གནང་བ་དང་རྗེས་སུ་རྒྱ་གཞུང་གི་གནོན་ཤུགས་དང་ཉེན་བརྡའི་རྐྱེན་པས་བོད་དེ་གདམ་ཀའི་རྒྱལ་ཁབ་ཁོངས་ནས་ཕྱིར་འཐེན་པ་སོགས་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྐྱིད་དང་དོ་སྣང་ཅན་གྱི་གང་ཟག་མང་པོས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་ཐོག་རྒྱ་ནག་གཞུང་དང་མགྲོན་ཁང་གཉིས་ལ་སྐྱོན་བརྗོད་ཀྱི་མཆན་མི་ཉུང་བ་ཞིག་བཀོད་ཡོད་པ་མ་ཟད། Friends of Tibet འམ་བོད་ཀྱི་གྲོགས་པོ་ཚོགས་པའི་འཕྲུལ་བྱའི་དྲ་གནས་ཐོག་ Marriott མགྲོན་ཁང་གི་ངོས་ནས་གནང་སྟངས་དེ་ཁྲིམས་གཏུག་བྱ་རྒྱུའི་ཐོག་བསམ་ཞིབ་བྱེད་བཞིན་ཡོད་སྐོར་བཀོད་ཡོད།

བོད་དེ་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་གཉིས་པར་ཐེར་བཏོན།

Freedom House འམ་རང་དབང་ཁང་པས་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའོ་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་བོད་དེ་རྒྱལ་སྤྱིའི་རྒྱལ་ཁབ་དང་ས་ཁུལ་ ༡༩༥ ཁྲོད་ནས་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་ཨང་གཉིས་པར་ཐེར་བཏོན་གནང་འདུག དེ་ཡང་ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༩༥ ནང་གི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བཅས་ས་བཅད་གསུམ་དུ་དབྱེ་སྟེ་ རྒྱལ་ཁབ་དེ་དག་ཁོངས་ནས་ཁྱོན་རྒྱལ་ཁབ་ ༤༩ རང་དབང་མེད་པའི་སྡེ་ཚན་ཁོངས་སུ་བཞག་པ་མ་ཟད། དེ་དག་ལས་རང་དབང་གི་གནས་བབ་ཆེས་ཞན་ཤོས་ཀླད་ཀོར་འོག་གི་ཨང་གཅིག་ཐོབ་མཁན་དེ་ Syria དང་། བོད་དེ་བརྒྱ་ཆ་བརྒྱ་ནས་ཨང་གཅིག དེ་བཞིན་ལྷོ་སུ་དཱན་ལ་ཨང་གསུམ། བྱང་ཀོ་རི་ཡ་ལ་ཨང་བཞི་བཅས་སྤྲད་ཡོད་པ་དང་། རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གཤམ་ནས་རྩིས་པའི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་དགུ་པར་བཀོད་འདུག སྙན་ཐོའི་ནང་བོད་དེ་དམིགས་བསལ་ཟུར་བཀོད་གནང་སྟེ་མང་ཚོགས་ཀྱི་གཞི་རྩའི་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་གཉིས་པར་ཐེར་སྟོན་གནང་ཡོད་ཀྱང་དེ་འབྲེལ་གྱི་སྙན་ཐོ་ཞིབ་ཕྲ་ད་ལྟའི་ཆར་པར་འགྲེམས་ཞུས་མེད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་དེ་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་དོན་བོད། ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་རང་དབང་གཙོ་འགྱུར་སྨྲ་བརྗོད་དང་འདུ་འཛོམས། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྡུག་ཏུ་གཏོང་བཞིན་ཡོད་པ་གསལ་བཏོན་གནང་འདུག རྒྱ་གཞུང་གིས་དྲ་རྒྱའི་ཉེན་སྲུང་གི་ཁྲིམས་སྒྲིག་གསར་བཟོ་དང་འབྲེལ་བའི་སྒྲིག་གཞི་གཞན་ཁག་གཅིག་གཏན་འབེབས་བརྒྱུད་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་གླེང་སྟེགས་ཁག དེ་བཞིན་ཐད་གཏོང་བརྒྱུད་ལམ་ཁག་གི་ནང་དོན་ལ་དམ་དྲག་བྱས་པ་མ་ཟད། གཞི་རིམ་མང་ཚོགས་ཀྱི་རང་དབང་ཐོག་མུ་མཐུད་དྲག་གནོན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་དྲ་ཐོག་ཟིན་བྲིས་སྤེལ་མཁན་དང་ཞི་རྒོལ་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པ་དང་ཆོས་ཕྱོགས་ཀྱི་མི་སྣ་རྣམས་ལ་ཉེས་མེད་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ལྷག་དོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiabo ལགས་རྒྱ་གཞུང་གི་བཙོན་ཁང་ནས་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་ཐོབ་ནས་ཟླ་བ་གཅིག་མ་སོང་གོང་ལ་འདས་གྲོངས་སུ་གྱུར་ཡོད་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་འདུག

ལྕམ་ནེན་སི་པི་ལོ་སི་མཆོག་ནས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིར་ཕེབས་པར་དགའ་བསུའི་འཚམས་འདྲི་གནང་འདུག

ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosi མཆོག་གིས་ San Francisco གྲོང་ཁྱེར་ནང་དུ་རྒྱབ་སྐྱོར་བར་ཕྱི་ལོ་གསར་པའི་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་ཞིག་གོ་སྒྲིག་གནང་པའི་ཐོག་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ནང་མི་བུ་ཕྲུག་བཅས་པར་ཟུར་དུ་མཇལ་མོལ་གནང་འདུག དེ་ཡང་ཁ་ཉིན་རེས་གཟའ་ཉི་མའི་ཉིན་རྒྱབ་ཏུ་ཚོགས་པའི་མཛད་སྒོའི་ཐོག་ལྕམ་སྐུ་མཆོག་ལ་རྒྱབ་སྐྱོར་གནང་མཁན་ San Francisco གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་དང་ཆབ་སྲིད་ཚོགས་པའི་མི་སྣ་འདྲ་མིན་གཙོས། ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་ལས་ཀྱི་སྣེ་མོ་བ་སོགས་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་འདུག་པ་དང་། སྐབས་དེར་བོད་མིའི་ཕྱོགས་ནས་བྱང་ California བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་དང་། ལྷག་དོན་ཉེ་ཆར་ཨ་རིར་བདེ་འབྱོར་བྱུང་བའི་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ནང་མི་བཅས་ཕེབས་པའི་འདུ་འཛོམས་སར་ལྕམ་ Nancy Pelosi མཆོག་གིས་དོན་གྲུབ་དབང་ཆེན་ལགས་རང་དབང་ཐོབ་ནས་ཨ་རིར་བདེ་འབྱོར་བྱུང་བར་དགའ་བསུའི་འཚམས་འདྲི་གནང་འདུག ལྕམ་ Pelosi མཆོག་གིས་ཁོང་ལ་རྒྱབ་སྐྱོར་གནང་མཁན་རྣམ་པར་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་དེ་ཚོགས་སྐབས་དོན་གྲུབ་དབང་ཆེན་ལགས་དང་ཟུར་དུ་མཇལ་འཕྲད་གནང་སྟེ་ཁོང་གིས་ལས་དོན་གནང་ཁག་ལ་བསྔགས་བརྗོད་དང་དགའ་བསུ་ཞུས་པ་མ་ཟད། ཁོ་མོའི་སྣེ་ཁྲིད་པའི་མང་གཙོ་ཚོགས་པའི་ཆབ་སྲིད་མི་སྣ་རྣམས་ནས་དུས་རྟག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དང་ལྷན་སྔ་རྗེས་སུ་འབྲེལ་བ་གནང་མུས་ཐོག་བོད་དོན་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་ཞུ་མུས་ཡིན་པ་དང་། ལྷག་པར་དོན་གྲུབ་དབང་ཆེན་ལགས་མ་འོངས་པར་ཨ་རིའི་རྒྱལ་ས་ Washington DC ལ་ཕེབས་རྒྱུའི་གོ་སྐབས་བྱུང་ཚེ་བསྐྱར་དུ་མཇལ་འཕྲད་ཡོང་བར་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་རྐྱེན་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་རིང་བཙོན་འཇུག་གནང་མྱོང་ཡོད་པ་དོན་གྲུབ་དབང་ཆེན་ལགས་སུད་སི་བརྒྱུད་ཟླ་བ་སྔོན་མའི་ཚེས་ ༢༥ ཉིན་ཨ་རི་California མངའ་སྡེའི་ San Francisco གྲོང་ཁྱེར་དུ་བདེ་འབྱོར་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དགའ་བསུ་ཞུས་པ་དང་སྦྲགས། ཁོང་གིས་ད་བར་བོད་ཀྱི་རྩ་དོན་སླད་ཕུལ་བའི་ལེགས་སྐྱེས་དང་སྙིང་སྟོབས་དེ་དག་ལ་བསྔགས་བརྗོད་ཞུས་ཏེ་ཁོང་དང་ཁོང་གི་ནང་མི་རྣམས་ལ་མི་ཚེ་ལམ་ལྷོང་ཡོང་བར་སྨོན་འདུན་ཞུས་ཡོད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་འདྲ་མིན་ཐོག་དོན་གྲུབ་དབང་ཆེན་ལགས་ཀྱི་ཉེ་འབྲེལ་གཙོས་རྒྱལ་སྤྱིའི་ཁྱོན་ལ་ཡོད་པའི་བོད་མི་ཡོད་དོ་ཅོག་དང་ལྷག་དོན་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosi མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་ས་པེ་ཅིང་དུ་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་ནས་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་མ་ཟད། རྒྱ་གཞུང་གི་ངོས་ནས་ཁོང་འཛིན་བཟུང་བཙོན་འཇུག་འོག་མནར་གཅོད་ཚད་མེད་བཏང་ནས་ལོ་བཅུའི་རིང་རང་གི་ནང་མི་དང་ཁ་བྲལ་ནས་བཞུགས་དགོས་བྱུང་ཡོད་པ་ལ་དགོངས་སེལ་ཞུས་ཏེ་ཁོང་ལ་གུན་གསབ་སྤྲོད་དགོས་པར་ནན་བརྗོད་ཀྱང་གནང་ཡོད་པ་རེད།

ཨ་རིས་རྒྱ་ནག་དེ་བཞིན་མུ་མཐུད་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཏུ་མིང་འདོན་བྱས་འདུག

ཨ་མི་རི་ཀའི་སྲིད་གཞུང་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་བཏང་བཁན་གྱི་རྒྱལ་ཁབ་རྣམས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་ཟུར་འདོན་གནང་བཞིན་ཡོད་པ་ལྟར། འདི་ལོའི་ཐོ་གཞུང་ཁོངས་སླར་ཡང་རྒྱ་ནག་མིང་འདོན་གནང་འདུག དེ་ཡང་ཁེ་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། དུས་དེ་རིང་སང་ཡང་འཛམ་གླིང་ས་གནས་ཁག་ཅིག་ཏུ་མང་ཚོགས་ཀྱི་ཆོས་དད་རང་དབང་གཙོ་བོར་གྱུར་པའི་སྒེར་གྱི་རང་དབང་ཁག་ལོངས་སུ་སྤྱོད་སྐབས་བཙོན་འཇུག་ཁྲིམས་ཆད་སོགས་བཏང་པའི་གནས་སྟངས་མུ་མཐུད་བྱུང་བཞིན་ཡོད་སྟབས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བཅའ་ཁྲིམས་དགོངས་དོན་རྒྱ་ནག་དང་འབར་མ། Iran དང་དེ་བཞིན་བྱང་ཀོ་རི་ཡ། གཞན་ཡང་ Eritreaདང་ Uzbekistan སོགས་མུ་མཐུད་ཨ་རི་གཞུང་ནས་དམིགས་བསལ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་བཞག་རྒྱུ་ཡིན་པ་མ་ཟད། འདི་ལོའི་ཐོ་གཞུང་ཁོངས་སུ་ Pakistan ཁ་སྣོན་བྱས་ཡོད་ཅེས་འཁོད་འདུག གཞི་རྩའི་ཨ་རི་གཞུང་ནས་ཕྱི་ལོ་༡༩༩༨ ལོར་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང་ཞེས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་གནང་སྟེ། རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་རྣམས་དམིགས་བསལ་གྱི་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་བཅུག་ནས་རྒྱལ་ཁབ་དེ་དག་དང་ཆོང་དང་ཆབ་སྲིད་སོགས་ཀྱི་འབྲེལ་བ་གནང་སྐབས་ཡིད་གཟབ་དང་། ལྷག་པར་དུ་གཞུང་གི་རོགས་རམ་གནང་བཞིན་པ་རྣམས་རིམ་པས་བཀག་འགོག་བྱས་པ་སོགས་ཀྱི་ཉེས་ཆད་སྐྱེལ་བཞིན་ཡོད་པ་རེད་འདུག    

Latest news