Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲྭ་རྒྱ་གསར་བཟོ་དང་དེར་རྒྱ་གཞུང་གིས་སྐྱོན་བརྗོད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་སྟེ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་རྡོག་རོལ། དེ་བཞིན་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་བྱུས་སྤེལ་བར་མ་ཟད་གང་བྱུང་དུ་འཛིན་བཟུང་བྱས་པ་སོགས་ཀྱི་གནད་དོན་བཀོད་པའི་དྲྭ་རྒྱ་གསར་པ་ཞིག་ཆེད་བཟོ་གནང་འདུགདྲྭ་རྒྱའི་མདུན་ངོས་སུ་འགྲོ་བ་སྤྱིར་དབང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་སོ་སོའི་འོས་འགན་ཞིག་ཡིན་ཀྱང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་ཆ་གཅིག་བསྡུས་རིང་ལུགས་གཞི་རྩར་བཟུང་བའི་དམར་ཤོག་ཚོགས་པའི་ལྟ་གྲུབ་འོག་དེ་གའི་མི་སེར་གྱི་ཐོབ་ཐང་ཁག་འཕྲོག་པ་དང་། རང་ཉིད་ཀྱི་དབང་ཆ་རྒྱུན་འཛིན་བྱ་རྒྱུར་དམིགས་ཏེ་འཆར་གཞི་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་རང་དབང་འཕྲོག་གི་ཡོད་པར་འགྲེལ་བརྗོད་གནང་བ། རྒྱ་ནག་ཏུ་ཡོད་པའི་མི་རིགས་ཚོར་རང་དབང་གི་སྒོ་ནས་རང་གི་འདོད་པ་བཞིན་ཆོས་གནང་བཅུག་གི་མེད་པར་མ་ཟད། གང་བྱུང་འཛིན་བཟུང་དང་དོ་དམ་བཀག་སྐྱིལ་བྱེད་བཞིན་རྐྱེན་བསམ་ཚུལ་འདོད་མོས་བཞིན་བརྗོད་རྒྱུའི་རང་དབང་མེད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཕོན་ཆེར་བཙན་དབང་གིས་བཙོན་འཇུག་བྱ་རྒྱུ་གཙོས་ཚད་འགལ་གྱི་མནར་གཅོད་གཏང་རྒྱུ་དང་། མྱུ་ཞིབ་བྱ་རྒྱུ། དེ་བཞིན་རྒྱ་གཞུང་གི་ལྟ་སྤྱོད་དང་མཐུན་པའི་སློབ་གསོ་སྤྲོད་རྒྱུ་དང་སྐྱེས་སྒོ་བཀག་པ། བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་མུས་ཡིན་པ་བཀོད་འདུག དྲྭ་རྒྱའི་ཐོག་གཙོ་བོ་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཀྱི་མེད་པ་བརྗོད་བྱ་གཙོ་བོར་བཀོད་ཡོད་པ་དང་། བྱེ་བྲག་ཏུ་བོད་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་པར་མ་ཟད་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་དང་སྨྲ་བརྗོད་རང་དབང་འཕྲོག་པ། ཆོས་དད་རང་དབང་ལ་གནོད་སྐྱོན་ཆེས་ཆེར་གཏོང་བ། འཛིན་བཟུང་། དེ་བཞིན་ཤིན་ཅང་དང་ཧོང་ཀོང་ཁུལ་དུ་དྲག་གནོན་བྱས་པ་བཅས་ཀྱི་ནང་ཚན་བརྗོད་གཞི་ཁག་བདུན་གྱི་ཐོག་རྒྱ་ནག་གཞུང་ནས་ རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་མེད་ཡིག་ཐོག་དང་བརྙན་པར་བརྒྱུད་ཞིབ་བཀོད་གནང་འདུགབོད་ཀྱི་གནད་དོན་དང་འབྲེལ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་བོད་དོན་དང་འབྲེལ་བའི་སྙན་ཐོ་དང་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་བའི་ Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར། དེ་བཞིན་ཁྲིམས་འཆར་དེའི་འོག་ནས་རྒྱ་ནག་གཞུང་གི་དཔོན་རིགས་ལ་མཐོང་མཆན་སྤྲོད་རྒྱུར་དམ་དྲག་གནང་སྐོར། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་གནད་དོན། རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་མིིའི་ཆོས་དད་རང་དབང་སོགས་ལ་བཙན་དབང་གིས་རྡོག་རོལ་གཏོང་བཞིན་ཡོད་པར་མ་ཟད། དགོན་སྡེ་དང་བསྟན་སྲུང་གཏོར་བཅོམ་དང་དགེ་འདུན་པ་དང་བཙུན་མ་སྟོང་ཕྲག་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་བ། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་བྱ་རྒྱུ་ཁས་ལེན་བྱེད་ཀྱི་མེད་པའི་ཁར་ཕྱིའི་གསར་འགོད་པ་དང་དབྱེ་ཞིབ་པ་སོགས་བོད་དུ་རང་དབང་གི་སྒོ་ནས་འགྲུལ་བཞུད་གནང་བར་བཀག་སྡོམ་ནན་པོ་བྱས་དང་བྱེད་མུས་ཡིན་པ་སོགས་ཆེད་བཀོད་གནང་ཡོད་པ་རེད།ཨ་རིའི་ཕྱི་སྲིད་ལས་ཁུངས་གྱི་དྲྭ་གནས་གསར་པ་དང་འབྲེལ་ནས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ལ་གསར་འགོད་པས་འདྲི་རྩད་གནང་བར་ཁོ་པས་རྒྱ་ནག་གཞུང་གིས་མི་འབོར་ས་ཡ་བདུན་བརྒྱ་ཙམ་དབུལ་ཕོངས་ཀྱི་ངལ་བ་སེལ་ཡོད་སྐོར་དང་། རྒྱ་རིགས་ཚོའི་ཤེས་ཡོན་དང་སྤྱི་ཚོགས་བདེ་འཇགས་སྲུང་བྱས་ནས་ནས་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་ཆོས་དད་ཁག་ཁྲིམས་མཐུན་གྱི་སྒོ་ནས་སྤྲོད་ཀྱི་ཡོད་སྐོར་བརྗོད་པ་དང་ཆབས་ཅིག ཨ་རིའི་ནང་མི་རིགས་དབྱེ་འབྱེད་དང་ཉེན་རྟོག་པའི་དྲག་སྤྱོད། དམག་འཁྲུག་གི་ལམ་ནས་མི་སེར་དཀྱུས་མ་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་པ་དང་མི་སེར་ས་ཡ་མང་པོར་ཁ་ལག་དང་སྨན་གྱི་མཐུན་རྐྱེན་རག་གི་མེད་བཞིན་དུ་ཕྱིའི་རྒྱལ་ཁབ་ལ་ཐེ་བྱུས་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་བརྗོད་འདུག་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞེས་བརྗོད་སྐབས་རང་ཉིད་ཀྱི་བྱ་སྤྱོད་ལ་ཡོ་བསྲང་བྱེད་དགོས་པ་ལས་ཕྱིའི་རྒྱལ་ཁབ་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐེ་བྱུས་གནང་དབང་མེད་པར་བརྗོད་འདུག

ཁམས་འབྲི་རུ་རྫོང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད།

ཁ་སང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣ དགོང་མའི་ཆུ་ཚོད་ ༥།༣༠ ཐོག་མེག་གྷན་ཁྲོམ་གཞུང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་གོ་སྒྲིག་འོག་བོད་འབྲི་རུ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཐད་བོད་མི་རྣམས་ཀྱི་དགོངས་ཚུལ་བཅར་འདྲི།

ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཁ་སང་མཇུག་སྒྲིལ་གནང་བ་དང་བསྟུན་ད་ལྟའི་ཆར་གཞུང་འཛིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Donald Trump མཆོག་དང་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་དང་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ Joe Biden མཆོག་གཉིས་དབར་འགྲན་རྩོད་གནང་བཞིན་ཡོད་པ་དང། སྤྱིར་ཨ་རིའི་རྒྱལ་ཡོངས་སུ་མངའ་སྡེ་སོ་སོའི་ཆེ་ཆུང་ལ་གཞིགས་ཏེ་འདེམས་འཐུས་ལྷན་ཚོགས་ཁྱོན་ ༥༣༨ ཡོད་པའི་ཁོངས་ནས་སྲིད་འཛིན་གྱི་འོས་མི་སུ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༧༠ ཐོབ་ཚེ་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ཆགས་ཀྱི་ཡོད་པ་རེད།གཞི་རྩའི་ཨ་རིའི་མང་ཚོགས་མང་དག་ཅིག་གིས་ས་གནས་སོ་སོར་འོས་འཕངས་པར་མ་ཟད་ད་རེས་སྦྲག་ཐོག་བརྒྱུད་ནས་འོས་བསྡུར་ནང་མཉམ་ཞུགས་གནང་མཁན་ཕོན་ཆེ་བྱུང་བ་ལྟར་ད་ལྟའི་ཆར་འོས་བསྡུའི་གྲངས་བཤེར་མུ་མཐུད་གནང་བཞིན་པ་དང་། འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་སྲིང་ཞུ་སྐབས་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༡༣ དང་སྐུ་ཞབས་ Biden མཆོག་ལ་ ༢༣༨ ཐོབ་ཡོད་པ་དེ་ལྟར་ཡང་གནད་འགག་ཆེ་བའི་ས་གནས་ཁག་ཅིག་གི་གྲངས་བཤེར་ལས་དོན་ད་ལྟའང་གནང་ཟིན་མེད་པ་རེད། དེའི་ཁྲོད་བོད་མི་ཨ་རིའི་མི་སེར་ཡིན་པ་མང་པོ་ཞིག་གིས་ཐུགས་ཁུར་ཆེན་པོའི་ཐོག་འོས་བསྡུ་ནང་མཉམ་ཞུགས་གནང་བ་མཇལ་རྒྱུ་འདུག ལྷག་པར་དུ་ད་ལན་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་རྣམས་ནས་སྲིད་འཛིན་གྱི་འོས་མི་རྣམ་པ་གཉིས་ཀྱི་སྲིད་བྱུས་དང་བཞེངས་ཕྱོགས་ལ་བགྲོ་གླེང་ཤུགས་ཆེན་པོ་གནང་བཞིན་ཡོད་སྟབས། རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོར་འོས་བསྡུ་ཆེན་མོའི་ཁྲོད་ཁོང་རྣམ་པ་གཉིས་ལས་སུ་ལ་རྒྱལ་ཁ་ཐོབ་པར་ཐུགས་རེ་གནང་བཞིན་ཡོད་དམ་ཞེས་བཅར་འདྲི་ཞུས་པར་དབུས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་སྲིད་འཛིན་སུ་ཕེབས་མིན་ལ་མ་ལྟོས་པར་ཨ་རིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཚད། རྒྱལ་ཁབ་ཀྱི་ནུས་པ་སོགས་ཀྱི་ཐོག་ནས་བོད་པའི་བདེན་དོན་འཐབ་རྩོད་ལ་སྔར་ལྷག་ཤུགས་ཆེ་གནང་བར་རེ་བ་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་སྔ་སྲིད་འཛིན་གྱི་འོས་བསྡུའི་སྐབས་ང་ཚོའི་སྲིད་འཛིན་ཊམ་མཆོག་ནས་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་གང་འདྲ་བཞེས་མིན་ལ་བློ་འཚབ་བྱུང་ཡོད་ཀྱང་། འདས་ལོར་ཁོང་ནས་ཕྱག་ལས་གནང་ཁག་གི་བརྒྱུད་རིམ་ལ་བལྟས་ཚེ་བོད་དོན་དང་འབྲེལ་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཡོད་པ་དེ་ལྟར་ཡང་། བློ་ཕམ་པ་ཞིག་ལ་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་མེད་པ་དང་སྒོས་སྐུ་ཞབས་བྷར་ཌན་མཆོག་གི་འགྲན་ཡ་བ་སྐུ་ཞབས་ཊམ་མཆོག་གིས་བོད་དོན་ཐད་མུ་མཐུད་ཕྱག་ལས་གནང་རྒྱུ་ཐུགས་རེ་ཡོད་སྐོར་གསུངས་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གི་གནང་ཕྱོགས་ནི་ཚོད་དཔག་གནང་དཀའ་བ་ཞིག་ཡིན་པ་དེ་ལྟར་ཡང་། སྐུ་ཞབས་བྷར་ཌན་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་སོགས་ཚོང་འབྲེལ་གང་ཅིའི་ཐད་ནས་རྒྱ་ནག་ལ་གནད་དོན་གང་ཡིན་གསུང་ཐུབ་མཁན་ཞིག་ཡིན་སྟབས་བོད་དོན་གྱི་གནད་དོན་ཐད་སུས་ཐུགས་ཕན་གསོས་པའི་ཕྱག་ལས་གནང་ཐུབ་མིན་ཞུ་ཚོད་དཀའ་གནད་ཡིིན་པར་གསུངས་སོང་། གཞི་རྩའི་སྲིད་འཛིན་ Donald Trump མཆོག་གིས་སྲིད་འཛིན་གྱི་ལས་ཡུན་གནང་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་མེད་ཀྱང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གཙོས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་པ་རེད། སྐུ་ཞབས་ Joe Biden མཆོག་ལྟ་བུར་མཚོན་ན་ཁོང་གིས་ཉེ་ལམ་ཁོང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་ཁ་ཞུ་རྒྱུ་མ་ཟད། ཁོང་གི་འཛིན་སྐྱོང་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

རྒྱ་ནག་གིས་བོད་མཐོ་སྒང་དུ་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་འཛུགས་འཆར།

རྒྱ་ནག་གིས་ས་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་གྱི་གཡག་རྔ་ས་ཁུལ་ནས་བོད་རང་ལྗོངས་སྐྱོང་གི་མངའ་ཁོངས་སུ་ས་བགོས་བྱས་ཡོད་པའི་ཉིང་ཁྲི་གཉིས་ཀྱི་བར་དུ་ཕུགས་ལམ་གཉིས་དང་ཟམ་ཆེན་གཅིག་ཅན་གྱི་མེ་འཁོར་ལྕགས་ལམ་གསར་བ་ཞིག་འཛུགས་འཆར་ཡོད་པ་དང་།  ལྕགས་ལམ་དེ་ནི་མདོ་དབུས་ལྕགས་ལམ་གྱི་འཕྲོ་ནས་བོད་མཐོ་སྒང་དུ་རྩ་འཛུགས་བྱས་པའི་མེ་འཁོར་ལྕགས་ལམ་གཉིས་བ་དེ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

བོད་ནང་ཆོས་དད་དོར་ནས་དཔལ་འབྱོར་ཡར་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་བློ་ཆེད་སྐྲུན་མངོན་གསལ།

རྒྱ་གཞུང་གིས་སྤེལ་བཞིན་པའི་དབུལ་ཕོངས་ངལ་སེལ་གྱི་ལས་གཞི་དྲིལ་བསྒྲགས་ལ་དམིགས་ནས་ཟླ་བ་འདིའི་ནང་རྒྱ་ནག་གཞུང་གིས་པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལྟ་རྟོག་ནན་པོའི་འོག་ནས་བོད་དུ་ལྟ་སྐོར་དུ་ཁྲིད་ཡོད་པའི་ཁྲོད་རྒྱ་ནག་གཞུང་གིས་བོད་མིའི་བསམ་བློ་ལ་བཅོས་སྒྱུར་གྱིས་ཆོས་དད་ལ་དོ་སྣང་ཉུང་ཙམ་བྱས་ནས་དཔལ་འབྱོར་ཡར་རྒྱས་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཆོས་ཕྱོགས་ཀྱི་འདུ་ཤེས་ཡོངས་སུ་དོར་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་མཁན་ཞིག་ཏུ་བསྐྲུར་ཐབས་བྱེད་བཞིན་ཡོད་པ་ཕྱིར་མངོན་གནང་འདུགReuters གསར་ཁང་གིས་དཔྱད་རྩོམ་ཞིག་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་དུ་ལྟ་སྐོར་ལ་ཁྲིད་པའི་སྐབས་རྒྱ་ནག་གཞུང་གིས་གྲ་སྒྲིག་བྱས་པའི་བོད་མི་ཁག་ཅིག་དང་ལྷན་དུ་སྐད་ཆ་བཤད་རྒྱུ་བཟོས་ཡོད་པ་དང་། སྐབས་དེར་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་བོད་རིགས་རང་ལོ་ ༥༤ ལ་སོན་པ་ཞིག་གིས་ངས་སྙིང་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཡོད་པ་ལས་ཆོས་ཕྱོགས་ཀྱི་ཐད་ལ་མེད་ཅེས་བརྗོད་འདུག་པ་མ་ཟད་སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཆེ་དགྲ་ལྷས་ཀྱང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱས་པའི་ནང་པའི་ཆོས་ཀྱི་ཤུགས་རྐྱེན་ངན་པའི་འོག་བོད་ལ་གོམས་སྲོལ་རྙིང་པ་མང་པོ་ཡོད་པ་དང་། དེས་མང་ཚོགས་ཁྲོད་མི་ཚེ་འདིར་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་རྒྱུའི་མངོན་འདོད་ལ་དོ་ཕོག་གཏོང་བཞིན་ཡོད་སྟབས། སྲིད་གཞུང་གིས་བོད་མི་རྣམས་ཀྱི་ཚོ་བའི་དཀའ་ངལ་སེལ་རྒྱུ་གཅིག་པོ་མིན་པར་ཁོང་ཚོའི་བསམ་བློར་བཅོས་སྒྱུར་གནང་རྒྱུ་གལ་ཆེ་ཡིན་པར་བརྗོད་འདུག ད་དུང་བདེ་སྐྱིད་དཔལ་སྒྲོན་ཟེར་བའི་ས་གནས་གྲོང་གསེབ་ཀྱི་འགོ་ཁྲིད་ཅིག་གིས་ཁྱིམ་ཚང་ཉམ་ཐག་རྣམས་ནས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་ཤོགས་པའི་ཐོབ་ཐང་ལེན་པ་དང་མཉམ་དུ་ནང་ཆོས་ཉམས་ལེན་བྱེད་ནས་མགོ་གཉིས་འཁྲབ་རྒྱུ་མེད་སྐོར་བརྗོད་པ་དང་འབྲེལ། སྲིད་གཞུང་ནས་ཁང་ཁྱིམ་གསར་པ་ཐོབ་པའི་ཁྱིམ་ཚང་ཉམ་ཐག་རྣམས་ནས་མཆོད་ཁང་ཟུར་དུ་རྒྱག་ཆོག་གི་མེད་པ་ནི་རྩ་འཛིན་ཞིག་ཡིན་སྐོར་བརྗོད་པར་མ་ཟད། འགོ་ཁྲིད་གཞན་ཞིག་གིས་ཀྱང་ཁང་ཁྱིམ་ནང་མཆོད་ཁང་ཟུར་བཟོ་གནང་ན་ནང་གི་བུ་ཕྲུག་རྣམས་ཁང་མི་གཅིག་གི་ནང་མཉམ་དུ་སྡོད་དགོས་འཁེལ་སྟབས་དེ་ནི་ཕྲུ་གུའི་འཚར་ལོངས་ལ་ཡག་པོ་མེད་སྐོར་བརྗོད་འདུགགསར་འགོད་པ་རྣམས་ཉིང་ཁྲིའི་ལག་ཤེས་སློབ་གྲྭ་ཞིག་ཏུ་ཁྲིད་སྐབས་དེ་གའི་སྒོ་བྱང་ཐོག་སློབ་གྲྭའི་ངོས་ནས་བྱེས་བཞུགས་ལ་གདོང་ལེན་དང་༸གོང་ས་མཆོག་ལ་མཚན་སྨད། དེ་བཞིན་ཆོས་དད་རྐྱེན་པས་མང་ཚོགས་རྣམས་ལེ་ལོ་ཅན་དུ་མི་འགྱུར་བའི་སླད་སློབ་མའི་ཁྲོད་ལྟ་བ་དང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་པ་གསལ་པོ་བཀོད་ཡོད་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིའི་བསམ་བློར་བཅོས་སྒྱུར་གྱི་འབད་བརྩོན་ཇི་ལྟར་བྱེད་བཞིན་པ་མངོན་གསལ་བྱས་འདུག གསར་ཁང་གིས་མུ་མཐུད་བོད་མིའི་ཁྱིམ་ཚང་ཁག་གི་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་ཆོག་གི་མེད་པ་དང་གསར་འགོད་པ་རྣམས་ཁྲིད་སའི་ཁྱིམ་ཚང་ཀུན་གྱི་ནང་དུ་ཞི་ཅིན་ཕིང་གི་པར་སྒྲིག་གཤོམ་བྱས་པ་མངོན་རྒྱུ་ཡོད་སྐོར་བརྗོད་པ་དང་། ཉེ་ལམ་ Reuters གསར་སྤེལ་ཁང་གིས་རྒྱ་གཞུང་གིས་བོད་མི་ཞིང་འབྲོག་མང་ཚོགས་ཕོན་ཆེ་ཞིག་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པའི་གནད་དོན་སྐོར་ལ་དྲིས་པར་དབུལ་ཕོངས་ངལ་སེལ་གྱི་ལས་གཞི་དང་འབྲེལ་བའི་དཔོན་རིགས་ཤིག་གིས་དེ་སྔ་ང་ཚོས་བོད་མི་རྣམས་ལ་ལས་གཞི་དེའི་གལ་གནད་སྐོར་གསལ་བཤད་མང་པོ་བྱེད་དགོས་འཁེལ་ཡོད་ཀྱང་ད་ཆ་བོད་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཚུར་འབྲེལ་བ་གནང་གི་ཡོད་ཚུལ་བརྗོད་འདུག འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ maya wang ལགས་ཀྱིས་གསར་ཁང་ལ་བརྗོད་དོན་ལྟར་ན་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་མིའི་འཚོ་བ་དང་གོམས་སྲོལ་ལ་བསྒྱུར་བཅོས་བཏང་བ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིགཡིན་པར་མ་ཟད། བསམ་སྤྱོད་རང་དབང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་བཏང་བ་ཞིག་ཡིན་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་སྟངས་འཛིན་ནན་པོས་གོ་སྒྲིག་ཞུས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམ་པའི་སྐོར་སྐྱོད་དེའི་ཁྲོད་རྒྱ་ནག་གཞུང་ནས་གསར་འགོད་པ་རྣམས་ས་གནས་གང་སར་ཁྲིད་དེ་བོད་མི་རྣམས་ལ་སྡོད་ཁང་གསར་པ་མཁོ་སྤྲོད་དང་ཤེས་ཡོན་དང་ལག་ཤེས། དཔལ་འབྱོར་བཅས་ཀྱི་གོ་སྐབས་དུ་མ་སྐྲུན་བཞིན་པའི་རྣམ་པ་མངོན་གསལ་བྱས་ཡོད་ཀྱང་། Reuters གསར་ཁང་གིས་སྤེལ་བའི་དཔྱད་རྩོམ་ནང་གསར་འགོད་པ་རྣམས་ལ་རྒྱ་ནག་གི་དཔོན་རིགས་མེད་པའི་ཐོག་ནས་བོད་མི་དཀྱུས་མ་ཚོ་དང་འབྲེལ་བ་གནང་རྒྱུའི་གོ་སྐབས་ཐོབ་དཀའ་བར་འགྲེལ་བརྗོད་གནང་ཡོད་པ་རེད།

བོད་འབྲི་རུ་རྫོང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་བསྒྲགས་གཏམ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གཙོ་བྱས་པའི་གཞོན་ནུ་དང་བུད་མེད་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་མཉམ་འབྲེལ་གྱི་ཐོག་ནས།  ཁམས་འབྲི་རུ་རྫོང་དུ་བོད་ཀྱི་གླུ་བ་ཞིག་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡོང་གྲགས་དང་འབྲེལ། རྒྱ་གཞུང་གིས་བོད་ནང་དུ་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོ་བཞིན་ཡོད་པར་སྐྱོན་བརྗོད་གནང་སོང་།དེའང་དེ་རིང་སྔ་དྲོ་ཚོུད་བཅུ་པའི་ཐོག བཞུགས་སྒར་ནོར་བུ་གསོལ་གྲོན་ཁང་གི་ཚོགས་ཁང་ནང་དུ། གཞུང་འབྲེལ་མིན་པའི་ཚོགས་པ་དེ་དག་མཉམ་འབྲེལ་ཐོག་ནས་བོད་རྒྱ་དབྱིན་ཧིན་གྱི་སྐད་ཡིག་བཞིའི་ཐོག་ནས་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་དང་། བསྒྲགས་གཏམ་གྱི་ནང་དུ་རྒྱ་གཞུང་གིས་བོད་ཀྱི་གཞོན་སྐྱེས་གླུ་བ་ལྷུན་འགྲུབ་གྲགས་པ་ལགས་ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་ཀྱིས་ཞྭ་མོ་ནག་པོ་ཞེས་པའི་གླུ་གཞས་དེ་བླངས་བར་ཁ་གཡར་ནས་སྔར་ལོའི་ཟླ་བ་ལྔ་བའི་ནང་འཛིན་བཟུང་བཀག་སྐྱིལ་བྱས་ཏེ་འདི་ལོའི་ཟླ་བ་དྲུག་པའི་ནང་ཁོང་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པར་མ་ཟད། ཁོང་ལོ་གཅིག་གི་རིང་ལ་བཀག་སྐྱིལ་བྱས་པའི་སྐབས་སུ་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཞག་གི་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་སྤྲད་མེད་པར་མངོན་གསལ་གནང་འདུག རྩ་བའི་ད་ལྟའི་ཆར་ཁམས་འབྲི་རུ་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་དང་སྦྲགས་ནས།    ཁ་སང་འདི་རླུང་འཕྲིན་ཁང་གིས་གསར་འགྱུར་བཏང་ཟིན་པ་ལྟར།  འབྲི་རུ་རྫོང་གི་བྱིས་པ་གསུམ་གྱི་ཨ་མ་ལྷ་མོ་ལགས་ལ་རྒྱ་ནག་གིས་བཙོན་ཁང་དུ་གཅར་རྡུང་ཤུགས་དྲག་བཏང་བའི་རྐྱེན་གྱིས་ཁོང་འདི་ལོའི་ཟླ་བ་བརྒྱད་པའི་ནང་འདས་གྲོངས་སུ་གྱུར་བ་དང་། ཁོང་གི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་ཀྱང་གང་བྱུང་བཀག་བསྐྱིལ་གྱིས་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་དུ་ལྷག་ཡོད་པ་སོགས་ཀྱི་གནས་ཚུལ་ཕྱི་གྱར་བྱུང་ཡོད་པ་རེད། དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་ལྷུན་འགྲུབ་གྲགས་པ་དང་བསྟན་འཛིན་ཐར་བ་གཉིས་ཀྱིས་མཚོན་པའི་ཁྲིམས་འགལ་གྱི་ཐོག་ནས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་བ་དང་། ལྷོ་མོའི་འདས་རྐྱེན་དང་འབྲི་རུ་རྫོང་གི་ཡུལ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་གནད་དོན་ཐད་ལ་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་འཇུག་དགོས་བ་སོགས་ཀྱི་དགོས་འདུན་དོན་ཚན་ལྔ་ཅན་ཞིག་ཕྱིར་བསྒྲགས་གནང་བ་མ་ཟད།  རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱིས་བོད་ཁུལ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེར་རྟོག་ཞིབ་དགོས་ལུགས་ཀྱི་འབོད་སྐུལ་ཞུས་སོང་།དེ་དང་འབྲེལ་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས།   གཞི་རྩའི་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་ཕྱི་ལ་བསྒྲགས་རྒྱུ་གལ་ཆེན་པོ་ཡིན་ནའང་། ཕྱོགས་གཞན་ཞིག་ནས་བོད་ནང་ཕྱི་ལོག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་སྐབས་གཞིས་ལུས་བོད་མི་རྣམས་ཀྱི་ཚེ་སྲོག་གཏའ་མར་འཇོག་གི་ཡོད་པ་དེར་ཡང་བསམ་གཞིགས་བྱེད་དགོས་བ་ཞིག་ཡིན་སྐོར་གསུངས་བ་དང་འབྲེལ།   ད་ཆ་བོད་ནང་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དེ་ཆེས་ཉེན་ཁ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པར་འགྲེལ་བརྗོད་གནང་སོང་། མ་ཟད་སྐབས་དེར། རྒྱ་ནག་གི་བཙོན་ཁང་གི་ནང་དུ་གཅར་རྡུང་དྲག་པོའི་འོག་རྐྱེན་འདས་སུ་ཕྱིན་པའི་བོད་མི་ལྷ་མོ་ལགས་ཀྱི་སྤུན་མཆེད། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཁམས་འབྲི་རུ་ཙམ་མིན་པར་བོད་ས་ཡོངས་སུ་རྒྱ་ནག་གི་བཙན་འཛུལ་གྱི་འོག་ཏུ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཕྱི་ཕྱོགས་ཀྱི་བོད་མི་ཡོངས་ཀྱིས་བསྟན་འཛིན་ཐར་བ་ལགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་བཙོན་ཁང་གི་ནང་དུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གསོན་པོར་གནས་ཐབས་ལ་ཤུགས་སྣོན་རྒྱག་རོགས་ཞེས་འབོད་སྐུལ་ཞུས་སོང་། གཞི་རྩའི་སྤྱི་ལོ་ ༢༠༡༣ ལོ་ནས་བཟུང་། འབྲི་རུ་རྫོང་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོས་ཁུལ་དེར་དྲག་གནོན་གྱི་སྒྲིག་སྲོལ་དང་བཀོད་ཁྱབ་རིམ་པ་བཏང་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའུ་ཡང་ཅེ་ཟེར་བས། འབྲི་རུ་རྫོང་གི་བརྟན་ལྷིང་རྒྱུན་ཁྱོངས་ཡོང་ཐབས་སུ་མུ་མཐུད་དུ་ལྟ་རྟོག་མྱུལ་ཞིབ་དང་སྟངས་འཛིན་དོ་དམ་ཤུགས་ཆེར་གཏོང་དགོས་ལུགས་བཤད་མྱོང་ཡོད་པ་དང་།  དེ་རིང་རྡ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་དེ་དག་གི་བསྒྲགས་གཏམ་ནང་གསལ་ལྟར་ན། ད་ལྟའི་བར་དུ། འདས་པའི་ལོ་ངོ་འདི་དག་རིང་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་རྫོང་གཅིག་པུའི་བོད་མི་༦༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད་འདུག

འཕགས་བོད་ས་མཚམས་བར་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

ཉེ་ལམ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྩོད་རྙོག་ཤུགས་ཆེར་བྱུང་སྟེ་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་གནད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་དང་གནང་མུས་ཁྲོད། དེ་རིང་ Dehradhun བདེ་སྐྱིད་གླིང་ས་གནས་གཞོན་ནུ་དང་ Dehradhun ཧིན་བོད་མཛའ་འབྲེལ་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ནས་ Dehradhun ནས་ Gangotri Nelong དུ་ཆགས་པའི་འཕགས་བོད་ས་མཚམས་བར་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཉིན་གྲངས་བཞིའི་རིང་གི་སྦག་སྦག་སྐོར་བསྐྱོད་གྱི་ལས་འགུལ་དེ་བརྒྱུད་གཙོ་བོ་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་འདས་གྲོངས་སུ་སོང་བའི་རྒྱ་གར་གྱི་དམག་མི་དང་བོད་མི་དྭངས་ཞབས་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། རྒྱ་གར་གཞུང་མང་གཉིས་ལ་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཐུགས་ཁུར་ཡོང་བའི་འབོད་སྐུལ་དང་། ལྷག་པར་རྒྱ་ནག་གིས་བཟོས་པའི་དངོས་ཟོག་ཉོ་ཚོང་དང་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་འདུགཐེངས་འདིའི་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་ཐོག་བདེ་སྐྱིད་ས་གནས་རྒྱུན་ལས་ ༡༥ དང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི་ ༡༠ བཅས་ཁྱོན་ལས་འགུལ་བ་ ༢༥་ཡིས་མཉམ་ཞུགས་གནང་ཡོད་པ་དང་། དེ་རིང་སྔ་དྲོ་ཚོུད་ ༨ པའི་ཐོག་ལས་འགུལ་བ་རྣམས་ཀྱིས་རང་ཉིད་ཀྱི་སྦག་སྦག་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་དར་དང་གཞོན་ནུའི་དར་ཆ་སྒྲེང་འཛུགས་དང་འབྲེལ། བདེ་སྐྱིད་གླིང་གཞིས་ཆགས་སུ་མཛད་སྒོ་སྟབས་བདེ་ཞིག་གི་ཐོག་ནས་ཐོན་ཏེ། ལས་འགུལ་དངོས་དེ་རྡེ་ར་རྡུན་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་དབུ་འབྱེད་ཐོག་ནས་འགོ་འཛུགས་གནང་འདུག དེ་རིང་ཉིན་དང་པོར་སྦག་སྦག་ལས་འགུལ་བ་རྣམས་ཀྱིས་ས་སྐྱ་དགོན་པ་དང་། མ་སུ་རི་བརྒྱུད་ Uttarkashi བར་བསྐྱོད་རྒྱུ་དང་། སང་ཉིན་ Gangotri དང་རིམ་པས་ནེ་ལོང་བཅས་སུ་བསྐྱོད་འཆར་འདུག

གཞིས་བཞུགས་བོད་མིར་དམིགས་པའི་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་ལས་འགུལ་དབུ་འཛུགས།

རྒྱ་ནག་གཞུང་གིས་བཙན་གནོན་འོག་རང་སྲོག་བློས་གཏོང་གནང་མཁན་དང་།  བོད་སྤྱི་པའི་བདེ་རྩའི་སླད་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་བྱས་པའི་བྱ་བ་རྣམས་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་ཀྱི་ངོ་བོ་མཚོན་ཆེད་ཆོལ་གསུམ་བོད་རིགས་ན་གཞོན་བསམ་མཐུན་ཁག་ཅིག་གིས་Voice for Voiceless  འམ་ངག་མེད་ཀྱི་མགྲིན་ཚབ་ཞེས་པའི་ལས་འགུལ་དབུ་འཛུགས་གནང་སོང་།

འབྲི་རུ་རྫོང་དུ་བོད་མི་གཉིས་འཛིན་བཟུང་བྱས་ཏེ་གཅིག་གཅར་རྡུང་གིས་འདས་གྲོངས་སུ་ཕྱིན་འདུག  

དེ་རིང་འདི་གར་ཁམས་འབྲི་རུ་ནས་ཡིན་པའི་རྒྱ་གར་གྱི་གནས་སྡོད་བོད་མི་ཞིག་གིས་འདིར་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  འབྲི་རུ་རྫོང་། ཆགས་རྩེ་ཤང་ནས་འདི་ལོའི་ཟླ་བ་དྲུག་པའི་ནང་སྐྱེས་བ་བསྟན་འཛིན་ཐར་པ་དང་བུད་མེད་ལྷ་མོ་ཟེར་བ་གཉིས་ཕྱི་ལོག་ཏུ་སྒོར་མོ་སྐུར་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། སྐྱེས་བ་དེ་ད་ཆ་བཙོན་ཁང་དུ་ཡོད་པ་དང་། བུད་མེད་ལྷ་མོ་ལགས་རྒྱ་ནག་གིས་བཙོན་ཁང་དུ་གཅར་རྡུང་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག

Latest news