Tibetan Royal Year of 2151 | Year of the Wood Dragon

Ireland གྱི་གྲོས་ཚོགས་ནང་རྒྱ་ནག་ཐད་གྲོས་ཆོད་དང་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ། 

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

Ireland གྱི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་དང་འབྲེལ་བའི་གྲོས་ཆོད་ཅིག་ཆེད་འདོན་གནང་བའི་ནང་། རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་ཚོར་དྲག་གནོན་བྱེད་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། Ireland གྱི་གཞུང་ངོས་ནས་གནད་དོན་དེ་དག་སྣང་མེད་དུ་མ་བཞག་པར་རྒྱལ་སྤྱིའི་གླེང་སྟེགས་གང་སར་མུ་མཐུད་གླེང་དགོས་པའི་ཞུ་སྐུལ་གནང་འདུག

དེའང་རྒྱ་ནག་གི་སྲིད་བློན་ Li Qiang གཟའ་འཁོར་སྔོན་མའི་ནང་ Ireland གྱི་རྒྱལ་ས་ Dublin དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ཡུལ་གཉིས་ཀྱི་ཚོང་འབྲེལ་གནད་དོན་ཐད་གྲོས་མོལ་རིམ་པ་བྱས་པའི་ཁྲོད། ཁ་ཉིན་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་། Fianna Fáil ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Malcolm Byrne ལགས་ཀྱི་གཙོ་བོར་གྱུར་པའི་འཐུས་མི་ཁག་གཅིག་གིས་རྒྱ་ནག་དང་འབྲེལ་བའི་སྒེར་གྱི་གྲོས་ཆོད་གཅིག་ཆེད་བཏོན་དང་དེ་འབྲེལ་བགྲོ་གླེང་ལྷུག་པོ་གནང་འདུག

སྐུ་ཞབས་ Malcolm Byrne ལགས་ཀྱིས་གྲོས་ཆོད་དང་འབྲེལ་ནས་བགྲོ་གླེང་གནང་བའི་ཁྲོད། Ireland ངོས་ནས་རྒྱ་ནག་ལ་གུས་བརྩི་དང་རྒྱལ་ཁབ་འདི་ཉིད་ལྷན་དུ་ཕྱོགས་གང་ཅིའི་ཐད་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་འདུན་པ་ཡོད་པ་དེ་ལྟར་ཡང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གྲོས་གཞི་གཙོ་བོར་འཇོག་དགོས་སྐོར་གསུངས་པ་མ་ཟད། དེང་སྐབས་རྒྱལ་སྤྱིའི་ཁྲོད་དབུས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་གི་གནས་སྟངས་ལ་དོ་སྣང་ཤུགས་ཆེ་གནང་བཞིན་པའི་ཁྲོད། ང་ཚོས་རྒྱ་ནག་ནང་གི་གནས་སྟངས་ལ་དོ་སྣང་འདང་ངེས་ཤིག་སྤྲོད་ཀྱི་མེད་པ་དང་། རྒྱ་ནག་གིས་ཤིན་ཅང་གི་ཡུ་གུར་མི་རིགས་དང་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་དེ་དག་ནི་ཧ་ཅང་ཚབས་ཆེན་དང་དང་ལེན་རྩ་བ་ནས་བྱེད་ཐུབ་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་འདུག

ཁོང་གིས་ད་དུང་།  Ireland གྱི་གཞུང་ངོས་ནས་ཁ་སང་སུད་སི་ཇི་ན་ཝ་གྲོང་ཁྱེར་དུ་འཚོགས་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་སྐབས་བོད་དང་ཤིན་ཅང་སོགས་ཀྱི་གནས་སྟངས་གླེང་སློང་གནང་བར་དགའ་བསུ་ཞུས་པ་དང་འབྲེལ། Ireland ནང་འདས་པའི་ལོ་མང་ནས་བོད་མི་དང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ཡིད་སྨོན་ཞུ་མཁན་ཤུགས་ཆེ་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ངོས་ནས་ད་སྐབས་རིག་གཞུང་དེ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ནི་ཧ་ཅང་བློ་ཚབས་བྱེད་གཞི་ཞིག་ཆགས་ཡོད་པ་དང་། Ireland གྱིས་ Genava འི་གླེང་སྟེགས་ཐོག་གནང་བ་བཞིན་རྒྱལ་སྤྱིའི་ཁྲོད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཁོང་གིས་གཞན་ཡང་ཐེ་ཝན་གྱི་གནད་དོན་ཙམ་མ་ཟད། ཧོང་ཀོང་ནང་གི་གནས་སྟངས་དང་ལྷག་དོན་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཡུལ་དེའི་མང་གཙོ་དོན་གཉེར་བ་གྲགས་ཅན་  Apple Daily  གསར་ཁང་གི་བདག་པོ་ Jimmy Lai ལགས་ཀྱི་གནས་སྟངས་ཐོག་ལའང་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་འདུག ཕྱོགས་མཚུངས་བགློ་གླེང་དེའི་ཁྲོད་ Fianna Fáil ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Erin Mcgreehen དང་། Ronan Mullen སོགས་ནས་ཀྱང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་། ཡུ་གུར་མི་རིགས་སྡེབ་གསོད། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་འོག་རང་གི་མི་སེར་འཛིན་བཟུང་དང་གཉའ་གནོན་སོགས་བྱེད་བཞིན་པ་དེ་ལྟར་ཡང་། Ireland གཞུང་ནས་གནད་དོན་དེ་དག་ཐད་སྐྱོན་བརྗོད་འདང་ངེས་ཤིག་བྱེད་ཀྱི་མེད་པའི་འགྲེལ་བརྗོད་གནང་བ་མ་ཟད། ང་ཚོའི་ངོས་ནས་རྒྱ་ནག་མི་མང་ལ་དོན་དམ་གྱི་གུས་བརྩི་ཞུ་ཡི་ཡོད་ན། རྒྱ་ནག་ལ་དངོས་ཡོད་གནད་དོན་བཤད་དགོས་ཀྱི་ཡོད་པ་དང་ཆབས་ཅིག རྒྱ་ནག་དང་ལྷན་འབྲེལ་ལམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རིན་ཐང་རྩ་བ་ནས་བློས་གཏོང་ཐབས་མེད་པ་གསུངས་འདུག

བགྲོ་གླེང་ཁྲོད་ Ireland གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་Ireland ངོས་ནས་རྒྱ་ནག་དང་ལྷན་འབྲེལ་ལམ་ནི་གོ་ལའི་གནད་དོན་གང་ཅིའི་ཐད་མེད་དུ་མི་རུང་བ་ཞིག་ཡིན་པ་དེ་ལྟར་ཡང་།  འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་Ireland གྱི་ལང་ཕྱོགས་དང་ཆོད་སེམས་བརྟན་པོ་ཡོད་པ་གསུངས་བ་མ་ཟད། དེའི་ཐོག་དོ་ནན་པོའི་ཐོག་གྲོས་མོལ་རིམ་པ་ཞུས་བཞིན་ཡོད་པ་མ་ཟད། རྒྱ་ནག་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཇི་ན་ཝ་གཙོས་པའི་རྒྱལ་སྤྱིའི་གླེང་སྟེགས་ཐོག་གླེང་སློང་ཞུས་བཞིན་པ་གསུངས་འདུག

གཞི་རྩའི་རྒྱ་ནག་གི་སྲིད་བློན་ Li Qiang གཟའ་འཁོར་སྔོན་མའི་ནང་ Ireland ནང་གཞུང་འབྲེལ་ལྟ་སྐོར་བསྐྱོད་སྐབས་ སྲིད་འཛིན་སྐུ་ཞབས་ Michael D Higgins མཆོག་གིས་དབུས་པའི་སྲིད་བློན་སྐུ་ཞབས་ Leo Varadkar མཆོག་རྣམ་གཉིས་དང་ཐུག་འཕྲད་གནང་ཡོད་པ་དང་། ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་བཤད་ཞིག་ཡོངས་བསྒྲགས་གནང་བའི་ནང་། Ireland ངོས་ནས་ཕྱོགས་གཉིས་ཀྱི་མཇལ་མོལ་ཁྲོད་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་ཁག་ལ་ཨཡར་ལེཎྜ་ངོས་ནས་ཆེས་བློ་འཚབ་ཡོད་སྐོར་གླེང་སློང་གནང་ཡོད་པ་གསུངས་ཡོད།

དེ་འབྲེལ་ཁ་སང་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་དང་འབྲེལ་བའི་གྲོས་ཆོད་དེ་ཆེད་འདོན་གནང་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Malcolm Byrne ལགས་ཀྱིས་དབུ་ཁྲིད་རྣམ་པའི་མཇལ་མོལ་སྐབས་རྒྱ་ནག་ངོས་ནས་ Ireland གྱི་ཡུལ་མིར་རྒྱ་ནག་ནང་ཉིན་ ༡༥ བར་གྱི་ཆེས་མཐོང་Visa རིན་མེད་ཕུལ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་བ་བཞིན། Ireland ངོས་ནས་རྒྱ་ནག་ལ་ཕར་ཁས་ལེན་ག་རེ་གནང་ཡོད་མེད་སོགས་ཀྱི་ཐད་ཕྱི་གསལ་ནང་གསལ་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།