Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དང་བོད་དབར་འབྲེལ་བ་གང་ཡང་མེད་ཅེས་གསུངས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

 ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་ཀྱི་དྲག་རྩུབ་ཅེས་པའི་བརྗོད་གཞི་དང་འབྲེལ་ནས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་བོད་དང་འབྲེལ་བ་གང་ཡང་ཡོད་མ་རེད་ཅེས་གསལ་བཤད་གནང་སོང་།

ཁ་སང་ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ IIC ཞེས་པའི་རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་  Foundation for Non-violent Alternatives ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩས་གོ་སྒྲིག་ཞུས་པའི་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེའི་འོག་ནས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་གཞན་ཁག་ཅིག་དང་དཔུང་སྒྲིག་བྱས་ཏེ་ཆབ་སྲིད་ལོག་འགྲེལ་གྱི་ཐབས་བྱུས་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ལྷན་ཚོགས་ཤིག་གནང་ཡོད་པ་ལྟར། ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཨ་རི། བོད་རིགས། རྒྱ་རིགས་སོགས་རྒྱལ་སྤྱིའི་མཁས་པ་མང་པོ་ལྷན་ཞུགས་གནང་བའི་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གདན་ཞུ་ཕུལ་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་ལས་གསུང་དུམ་ལུང་འདྲེན་གནང་སྟེ་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་དེ་དང་བོད་དབར་འབྲེལ་བ་གང་ཡང་མེད་པ་གསལ་པོར་བཀོད་ཡོད་སྐོར་གནད་དོན་ཁག་གཅིག་གསུངས་པར་མ་ཟད། རྒྱ་ནག་གིས་རྒྱ་གར་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་ཐབས་ཀྱི་སྲིད་བྱུས་འོག་ནས་རྒྱ་གར་གཞུང་གིས་ཀྱང་ཕྱི་ལོ་ ༡༩༩༧ དང་ ༡༩༩༨  དེ་བཞིན་ ༢༠༠༣ ལོར་བཅས་སུ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་གསལ་བསྒྲགས་གནང་དགོས་པ་བྱུང་ཡོད། འོན་ཀྱང་བོད་ཀྱི་གནད་དོན་གླེང་སྐབས་ངེས་པར་དུ་ཕྱི་ལོ་ ༡༩༤༥ དང་ ༡༩༥༡ དེ་བཞིན་ཕྱི་ལོ་ ༡༩༥༤ བཅས་སྐབས་དེའི་བོད་ཀྱི་གནས་བབ་ཐོག་ནས་གླེང་སློང་གནང་དགོས་སྐོར་གསུངས་པ་དང་འབྲེལ་ནས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་བོད་དང་འབྲེལ་བ་གང་ཡང་ཡོད་མ་རེད་ཅེས་གསལ་བཤད་ནན་པོ་གནང་སོང་།

གཞི་རྩའི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་བོད་མིའི་སྤྱི་ཚོགས་བདེ་དོན་དང་ལྷག་པར་རྒྱ་ནག་དང་ཨ་རི་སོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། ཁོང་ནི་བོད་མིའི་སྐུ་ཚབ་ངོ་བོའི་ཐོག་ནས་རྒྱ་ནག་དང་ལྷན་འབྲེལ་མོལ་ཐེངས་འགའ་ཤས་གནང་མྱོང་མཁན་ཞིག་ཡིན་པ་སོགས་གསུངས་ཏེ་དམ་པ་དེ་ཉིད་ནི་བཙན་བྱོལ་ནང་ཆབ་སྲིད་ཀྱི་མཁྱེན་རྒྱ་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཡིན་པར་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བགྲོ་གླེང་ལྷན་ཚོགས་ཐོག་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་ལོ་ ༡༩༧༠ ཙམ་ནས་ཕན་ཚུན་འབྲེལ་ལམ་གོང་འཕེལ་ཡོང་ཐབས་སུ་འཛིན་པའི་སྲིད་བྱུས་ཤིག་ཡིན་པ་ལས་བོད་དང་སྲིད་བྱུས་དེ་གཉིས་དབར་འབྲེལ་བ་རྩ་བ་ནས་མེད་སྐོར་ལུང་འདྲེན་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དེའི་འོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ལྟ་བུར་ངོས་འཛིན་གནང་བ་ནི་རྒྱལ་སྤྱིའི་ཁྲིམས་དང་འགྲོ་ལུགས་གང་གི་ཆ་ནས་ཀྱང་མི་འགྲིག་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་། ལྷག་དོན་ཁོང་སྐུ་སྒེར་གྱི་ངོས་ནས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་ཚོར་བོད་རྒྱའི་དབར་འབྲེལ་ལམ་ཡོང་ཐབས་ཀྱི་སྲིད་བྱུས་དེ་དང་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ཟེར་བ་གཉིས་འགལ་ཟླའི་རང་བཞིན་ཡིན་པར་གསལ་བཤད་གནང་གི་ཡོད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་ཡང་ནས་ཡང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་པ་དེས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་གསལ་རྟོགས་ཐུབ་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་དང་བོད་ཀྱི་དངོས་ཡོད་གནས་བབ་དེ་རྒྱལ་སྤྱིའི་ཁྲོད་གསལ་བཤད་ཡོང་ཐབས་ལ་འབད་རྩོལ་གནང་གི་ཡོད་པར་གསལ་བཤད་གནང་ཡོད།

རྒྱལ་ས་ལྡི་ལིར་ཚོགས་པའི་བགྲོ་གླེང་དབུ་འབྱེད་ཐོག་ད་དུང་རྒྱལ་ཁབ་ཁག་གཅིག་ནང་རྒྱ་གར་གྱི་གཞུང་ཚབ་དང་ཕྱི་སྲིད་ལས་ཁུངས་བཅས་ཀྱི་ནང་ཕྱག་ལས་གནང་མྱོང་མཁན་སྐུ་ཞབས་  Lakhan Lal Mehrotra མཆོག་གིས་རྒྱ་ནག་དེ་བཞིན་རིམ་པས་སྟོབས་ཤུགས་འཕེལ་རྒྱས་འགྲོ་བ་དང་བསྟུན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ལྷིང་འཇགས་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཅེས་དང་། ལྷག་པར་རྒྱ་ནག་གི་རྐྱེན་གྱིས་ཨ་རི་དང་རྒྱ་གར་བཅས་ཀྱི་ཆབ་སྲིད་གནས་བབ་ཐོག་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད་པ་སོགས་གསུངས་ཡོད།   

གཞི་རྩའི་ FNVA ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཐོག་རྒྱལ་སྤྱིའི་མཁས་དབང་མང་པོ་ཞིག་ནས་བཀའ་མོལ་གནང་ཡོད་པ་དང་། ཉིན་གྲངས་གཉིས་རིང་གི་བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་མཁས་དབང་ཁག་གཅིག་དང་ལྷན་དུ་བོད་མིའི་ཉམས་ཞིབ་པ་ཁག་གཅིག་བཅས་ཁྱོན་མཁས་དབང་ཞལ་གྲངས་ ༢༠ ལྷག་ཙམ་གྱིས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེའི་ཤུགས་རྐྱེན་དང་འབྲེལ་བའི་བགྲོ་གླེང་མུ་མཐུད་གནང་གི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།