བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་མཆོག་ནས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་སྔ་དྲོ་Portugal ནང་གི་ཨ་རིའི་གཞུང་ཚབ་གཞོན་པ་དང་ཆོས་དད་རང་དབང་ཚོགས་ཆུང་གི་སྐུ་ཚབ་ཁག་གཅིག་དང་མཇལ་མོལ་གྱི་ལས་དོན་ཁག་ལེགས་པར་གྲུབ་ནས་ཉིན་རྒྱབ་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་ཕེབས་ཐོན་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཚེས་ ༡༢ ཉིན་རྒྱབ་ཡོ་རོབ་རྒྱལ་ཁབ་ Portugal གྱི་རྒྱལ་ས་ Lisbon དུ་ཕེབས་འབྱོར་གྱིས་ཁ་སང་སྔ་དྲོ་ Lisbon ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་གལ་ཆེ་ Lusa དང་། Expresso གཉིས་ལ་བཅར་འདྲི་གནང་རྗེས་ Porto ནས་ཡིན་པའི་སྤྱི་ཚོགས་དང་ཆབ་སྲིད་དཔྱད་གླེང་པ་སྙན་གྲགས་ཅན་སློབ་དཔོན་ Paulo Morais ལགས་དང་། སློབ་དཔོན་ Batalha ལགས་རྣམ་གཉིས་དང་མཇལ་འཕྲད། དེ་བཞིན་ཁུལ་དེའི་ནང་གི་པོར་ཅུ་གྷལ་ནང་པའི་མཐུན་ཚོགས་ཀྱི་ད་ལྟའི་ཚོགས་གཙོ་དང་སྔོན་གྱི་ཚོགས་གཙོ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གོ་བསྡུར་གནང་བ་ཙམ་མ་ཟད། ཁ་སང་ཉིན་རྒྱབ་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Alexandra Correia རྣམ་གཉིས་ལྷན་བཅར་ཞུས་ཐོག་ Portugal གྲོས་ཚོགས་ཀྱི་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Regina Bastos ལགས་དང་སྐུ་ཞབས་ Bruno Ventura ལགས་གཙོས་ཕྱོགས་འགལ་སྲིད་དོན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་བཞིའི་གྲོས་ཚོགས་འཐུས་མི་དྲུག་མཇལ་མོལ་གནང་སྟེ་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་གནང་སྟེ་ Portugal གྲོས་ཚོགས་ངོས་ནས་བོད་ཀྱི་ཛ་དྲག་གནས་སྟངས་སེལ་ཐབས་ལ་འབད་རྩོལ་གནང་སྐྱོང་ཡོང་བ་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་སྐོར་གྲོས་མོལ་གནང་ཞིང་པོར་ཅུ་གྷལ་གྲོས་ཚོགས་ནས་ཀྱང་ཨ་རིའི་གྲོས་ཚོགས་ལྟར་གནད་དོན་དེའི་ཐོག་བཞེངས་ཕྱོགས་གསལ་པོ་བཟོ་དགོས་པའི་རེ་སྐུལ་ཞུས་ཡོད་པ་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་།

ལྷག་པར་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་སྔ་དྲོ་ Portugal ནང་གི་ཨ་རིའི་གཞུང་ཚབ་པ་གཞོན་པ་སྐུ་ཞབས་ Doug Koneff ལགས་དང་ཡུལ་དེའི་ཆོས་དད་རང་དབང་ཚོགས་ཚུང་གི་སྐུ་ཚབ་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་ལས་དོན་ཁག་གྲུབ་ནས་ཉིན་རྒྱབ་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་ཕེབས་ཐོན་གྱིས་སང་ཞོགས་པ་ཁུལ་དེའི་ནང་གི་ཆབ་སྲིད་མི་སྣ་དང་དེ་བཞིན་ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་མཇལ་འཕྲད་གནང་རྒྱུ་རེད་འདུག

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཡོ་རོབ་རྒྱལ་ཁབ་པོར་ཅུ་གྷལ་དང་ Spain, France སོགས་སུ་གཞུང་འབྲེལ་འཚམས་གཟིགས་མ་གནང་གོང་། འདི་ཚེས་ ༣ ནས་ ༦ བར་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་འབུམ་སྡེ་ལ། རྟ་དབང་། ཤིས་ལོང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་ལ། ཕྱི་ཚེས་ ༧ ནས་ ༡༡ བར་རྒྱ་གར་བྱང་ཤར་ཀ་སྦུག་དང་ས་ལུ་ག་ར། སྒང་ཏོག་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།




