རྒྱ་ནག་གིས་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་གྲངས་ཐོ་དང་གོད་ཆགས་ཕོག་པའི་གནོད་སྐྱོན་སྦས་གསང་བྱེད་བཞིན་པ་མ་ཟད།ས་ཚམས་སུ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་གང་བྱུང་ཁྱབ་སྤེལ་བྱས་ཡོད་ཚུལ་གྱི་ཉེས་མིང་འོག་མི་བཅུ་ལ་ཉེས་ཆད་བཅད་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་བཞིན་པའི་ཁྲོད། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གནས་སྟངས་འདི་འདྲའི་འོག་གོད་ཆག་དེའི་དོན་སྙིང་དང་དངོས་ཡོད་གནས་ཚུལ་གཏན་ནས་རག་ཐབས་བྲལ་བ་ལྟ་བུ་རེད་ཅེས་གསུངས་འདུག

དེ་ཡང་ཁ་ཉིན་ཚེས་ ༢ ཉིན་ཕ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་བལ་བོད་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་གིས་ད་བར་རང་དབང་ལྡན་པའི་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་རྒྱལ་སྤྱིའི་གསར་འགྱུར་ཚོགས་པ་གང་ལའང་གོད་ཆག་བྱུང་བའི་ས་ཁུལ་དུ་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་མེད་ཅིང་། འདི་ནི་རྒྱ་དམར་སྲིད་གཞུང་གིས་ཡུན་རིང་ནས་བསྟུད་མར་ལག་བསྟར་བྱེད་བཞིན་པའི་ཐབས་འཇུས་ཤིག་ཡིན་པ་གསུངས་འདུག ཚོགས་པ་དེས་ད་དུང་སྤྱིར་རྒྱུན་ལྡན་དུ་བོད་ནང་རྒྱ་གཞུང་གི་ཆོག་མཆན་ཡོད་པའི་གསར་འགོད་པ་མ་གཏོགས་འཛུལ་ཞུགས་ཆོག་གི་མེད་པ་དང་། དེ་ཡང་དམ་བསྒྲགས་དང་སྟངས་འཛིན་ནན་པའི་ཐོག་བསྐྱོད་དགོས་ཅིང་། ཐཻངས་འདིའི་ཆུ་ལོག་གི་དོན་རྐྱེན་ཁྲོད་རྒྱ་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་ཁོ་ནར་ཆུ་ལུད་ཀྱི་གནས་ཚུལ་སྤེལ་རྒྱུའི་དབང་ཆ་སྤྲད་ཡོད་པ་མ་ཟད་། བརྒྱུད་ལམ་དེ་དག་གི་ནང་གོད་ཆག་གི་རྒྱ་ཁྱོན་དང་ཤུགས་རྐྱེན་ལ་ཆ་ཚང་བའི་སྙན་ཐོ་ཞིག་སྤེལ་རྒྱུ་ལས་ལྡོག་ཏེ། གོད་ཆག་སེལ་ཐབས་ཀྱི་ཐད་སྲིད་གཞུང་གིས་བྱས་པའི་ལས་ཀ་དང་ལེགས་གྲུབ་ཁག་ལ་དམིགས་ནས་ནན་བཤད་བྱས་ཡོད་པ་མངོན་གསལ་གནང་འདུག
དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཞུ་གཏུགས་ཚན་པའི་འགན་འཛིན་Aleksandra Bielakowska ལགས་ཀྱིས། ཞི་ཅིན་ཕིང་གི་དབང་འཛིན་འོག་བོད་དེ་བཞིན་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་བྱ་ཡུལ་གྱི་ས་ཚིགས་དཀའ་ཤོས་ཆགས་ཡོད་པ་དང་འབྲེལ། ཉེ་བའི་ལོ་ཤས་རིང་རང་དབང་ལྡན་པའི་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གམ་རྒྱལ་སྤྱིའི་གསར་འགྱུར་ཚོགས་པ་གང་ལའང་བོད་ནང་རང་དབང་ཐོག་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་ཆོག་མཆན་སྤྲད་མེད་པ། གསར་འགྱུར་མཁོ་སྒྲུབ་བྱ་རྒྱུའི་ཆོག་མཆན་ཐོབ་པའི་བརྒྱུད་ལམ་རྣམས་ནི། གཞུང་དང་དེའི་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྟངས་འཛིན་འོག་ཡོད་པའི་བརྒྱུད་ལམ་དེ་དག་ཡིན་ཞིང་། དེ་ལྟ་བུའི་གནས་སྟངས་འོག །ཆུ་ལོག་གི་གོད་ཆག་ངོ་མའི་རྒྱ་ཁྱོན་ཇི་ཙམ་ཡིན་མིན་ཧ་ལམ་རྟོགས་མ་ཐུབ་པ་མ་ཟད། དེ་ནི་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་རང་ཉིད་ཀྱི་ཆེས་མཐོང་སྲུང་ཐབས་དང་། རང་ཉིད་ལ་མི་མཛེས་པའི་གནས་ཚུལ་གང་ཡང་ཕྱི་ལ་མི་འཐོན་པར་བཀག་འགོག་བྱེད་པས་རྒྱུ་མཚན་གྱི་ཡིན་པ་གསུངས་འདུག
ཚོགས་པའི་ངོས་ནས་ད་དུང་བལ་བོད་ས་ཚམས་སུ་དེ་ལྟ་བུའི་ཆུ་ལོག་གི་གོད་ཆགས་ཚབས་ཆེ་བྱུང་ནའང་། ཕྱི་ཟླ་ ༨ ཚེས་ ༢༧ ནས་ཟླ་ ༩ ཚེས་ ༢ བར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་། Selected Works of Xi Jinping on Culture ཞེས་སྲིད་འཛིན་ཞི་ཅིན་ཕིང་དང་འབྲེལ་དེབ་གསར་པ་དེའི་སྐོར་དང་། ཁོ་པས་ Kyrgyzstan ནང་དང་། Egypt བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནས་ཚུལ་ཁོ་ན་སྤེལ་ཏེ། ཆུ་ལོག་གི་གནོད་འཚེ་སྐོར་གྱི་གསར་འགྱུར་འགོག་ཐབས་བྱས་པ་མ་ཟད། མང་ཚོགས་ངོས་ནས་ཆུ་ལོག་གི་རྐྱེན་ངན་དང་འབྲེལ་བའི་ས་གནས་ས་ཐོག་གི་གནས་ཚུལ་དུས་ཐོག་རག་ཐབས་ལ་འགོག་རྐྱེན་ཤུགས་ཆེ་བྱས་པའི་ཁྲོད། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ནང་གློག་བརྙན་འཁྲབ་སྟོན་པ་ Jing Tian དང་། ཕྱུག་བདག་ཞིག་གི་བར་ཨ་སྒོར་ས་ཡ་ ༥༠ ཡི་རྩོད་རྙོག་སྐོར་གྱི་གནས་ཚུལ་ཆེད་དུ་གཙོ་འཛིན་གྱིས་མི་མང་གི་དོ་སྣང་འཕྲོག་ཐབས་བྱེད་བཞིན་པ་གསལ་སྟོན་གནང་འདུག
གཞི་རྩའི་ཐེངས་འདིའི་ཆུ་ལོག་གི་དོན་རྐྱེན་འོག །བལ་ཡུལ་གྱི་ད་བར་རྐྱེན་ལམ་དུ་ཕྱིན་པའི་གཞུང་འབྲེལ་གྲངས་འབོར་ ༡༢༥༢ སླེབས་ཡོད་པ་དང་། ཕྱི་རྒྱལ་མི་སེར་ཧ་ལམ་ ༥༩༠ ཚུད་པའི་མི་གྲངས་ ༤༢༠༠ ལྷག་ཙམ་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། རྒྱ་ནག་གི་གཞུང་འབྲེལ་གྲངས་ཐོའི་ནང་རྐྱེན་ལམ་དུ་ཕྱིན་པ་མུ་མཐུད་ ༢༡ དང་གར་སོང་ཆ་མེད་གྱུར་བ་ ༥༤༡ ཡིན་པ་རེད། ཨིན་ཇིའི་ Guardian གསར་ཤོག་ཐོག་དེ་རིང་ཐོན་པའི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། བོད་སྐྱིད་གྲོང་མཐའ་མཚམས་སུ་ཆུ་ལོག་ཁྲོད་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་ནང་མི་ཁག་ཅིག་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནང་གནས་ཚུལ་རག་ཐབས་བྲལ་བའི་གནས་སྟངས་འོག །ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་བལ་ཡུལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་འཚོལ་ཐབས་བྱེད་བཞིན་པ་མངོན་གསལ་གནང་འདུག
དེའི་ཁྲོད་ཁ་སང་ཚེས་ ༤ ཉིན་ཆུ་ལོག་གི་གནད་དོན་དང་འབྲེལ་བལ་ཡུལ་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་ Lok Bahadur Poudel Chhetri ལགས་ཀྱིས་རྒྱལ་མཚམས་ཕྱོགས་གཉིས་ཀྱི་བར་དུ་ལུས་པའི་མི་སེར་གྱི་གནས་ཚུལ་ཐད་གསལ་བཤད་གནང་བ་ལྟར་ན། ཐེངས་འདིའི་ཆུ་ལོག་ཁྲོད་བོད་སྐྱིད་གྲོང་ཁུལ་དུ་བལ་པོའི་མི་སེར་མི་གྲངས་ ༡༤༠༠ ཙམ་དེ་མུར་ལྷག་ནས་ཡོད་པ་རྣམས་བདེ་འཇགས་ངང་གནས་ཡོད་པ་དང་། དེའི་ཁྲོད་མི་གྲངས་ ༡༠༠ ཙམ་ Tatopani འམ་བལ་བོད་ས་མཚམས་འགྲམ་བརྒྱུད་ནས་བལ་ཡུལ་དུ་ལོག་བཞིན་ཡོད་པ་འགྲེལ་བརྗོད་བྱས་འདུག ཁོང་གིས་མི་སྣ་དེ་དག་ནིུ་ཆུ་ལོག་གི་དོན་རྐྱེན་འོག་གར་སོང་ཆ་མེད་དུ་གྱུར་བ་མ་ཡིན་པར་ས་རུད་རྐྱེན་པས་འགྲོ་ལམ་མེད་པར་བརྟེན་སྐྱིད་གྲོང་ཁུལ་དུ་ལྷག་ཡོད་སྐོར་གསུངས་འདུག




